ལ་གཞས་མཐུན་པ་དྲུག་སྐོར་ལས། མཐུན་པའི་སྐོར།༤
༤༦རྨ་བྱའི་སྒྲོ་དང་ཀུ་ཤ་རྩྭ་།།
སྐྱེ་ས་སྐྱེ་ཡུལ་མི་གཅིག་གི།།
འདི་བསམ་ན་ཐུག་དོན་མེད་རུང་།།
ལས་སྔོན་གྱི་སྨོན་ལམ་གཅིག་སོང་བས།།
འདི་འཛོམས་ས་བུམ་པའི་ཁ་རེད།།
གསེར་བུམ་པའི་ཁ་དོག་སྒྲོ་ཡིས་འབྱེད།།
འདོ་བ་རྟ་དང་གཡུ་ཟངས་སྒ།།
འཁྲུངས་ས་འཁྲུངས་ཡུལ་མི་གཅིག་གི།།
དེ་བསམ་ན་ཐུག་དོན་མེད་རུང་།།
ལས་སྔོན་གྱི་སྨོན་ལམ་གཅིག་སོང་བས།།
འདི་འཛོམས་ས་བྱང་ལམ་དཀྱིལ་རེད།།
རྟ་འདོ་བའི་ཁ་དོག་སྒ་ཡིས་འབྱེད།།
དགའ་ལོ་རོགས་དང་མ་ལོ་སྤུན།།
རོགས་འུ་གཉིས་སྐྱེ་ཡུལ་མི་གཅིག་གི།
འདི་བསམ་ན་ཐུག་དོན་མེད་རུང་།།
ལས་སྔོན་གྱི་སྨོན་ལམ་གཅིག་སོང་བས།།
ཚོ་ཆེན་གྲོང་ནས་ཐུག་སོང་ཟིག།
རོགས་རྩེ་བའི་ཁ་དོག་ཚིག་གིས་འབྱེད།།
༤༧སྟོད་དབུས་གཙང་བརྒྱུད་ནས་འགྲོ་དུས།།
གོན་མ་མྱོང་གོས་ཤིག་གོན་ཟིག།
གོས་གོང་བ་ཉི་ཟླ་ནོར་བུ་རེད།།
གོས་སྐེད་དཔལ་བེའུ་བཞི་བསྣོལ་རེད།།
འདི་ཡན་གྱི་གོས་ཤིག་གོན་རྒྱུ་མེད།།
ས་བྱང་ལམ་བརྒྱུད་ནས་འགྲོ་དུས།།
ཞོན་མ་མྱོང་རྟ་ཞིག་ཞོན་ཟིག།
མགོ་ཕུམ་ཕུམ་དར་སྐུད་བླས་འདྲ་རེད།།
སྒ་བེ་ཤིང་གསེར་ཁྲིའི་འཁོར་ལོ་རེད།།
འདིའི་ཡན་གྱི་རྟ་ཞིག་ཞོན་རྒྱུ་མེད།།
བོད་ཚོ་ཆེན་བརྒྱུད་ནས་འགྲོ་དུས།།
རྩེས་མ་མྱོང་རོགས་ཤིག་རྩེས་ཟིག།
ལུས་སྐྱེ་གཟུགས་སྦ་དཀར་དྲང་སྐྱེས་རེད།།
ཚིག་སྙན་མོ་སྲིད་པའི་ཁ་དཔེ་རེད།།
འདིའི་ཡན་གྱི་རོགས་ཤིག་རྩེ་རྒྱུ་མེད།།
༤༨སྟོད་དབུས་གཙང་ཡུལ་ལ་འགྲོ་མི་ཚོ།།
གསེར་ཡོད་མི་མེད་མི་གཉི་ག་འགྲོ།།
གསེར་ཡོད་མིས་ཇོ་བོར་ཞལ་གསེར་འབུལ།།
གསེར་མེད་མིས་ཕྱག་དང་སྐོར་བ་རྒྱག།
སེམས་དད་པ་ཡོད་ན་འདྲ་འདྲ་རེད།།
སྨད་རྒྱ་ནག་ཡུལ་ལ་འགྲོ་མི་ཚོ།།
དངུལ་ཡོད་མི་མེད་མི་གཉི་ག་འགྲོ།།
དངུལ་ཡོད་མིས་གོས་དང་ཐེར་མ་ཉོ།།
དངུལ་མེད་མིས་དར་དང་སྐུད་པ་ཉོ།།
ཚོང་ཁེ་རྒྱལ་ལོན་ན་འདྲ་འདྲ་ཡིན།།
བོད་ཚོ་ཆེན་ཡུལ་ལ་འགྲོ་མི་ཚོ།།
ཚིག་ཡོད་མི་མེད་མི་གཉི་ག་འགྲོ།།
ཚིག་ཡོད་མིས་ཚིག་ཆེན་དོན་པོ་བཤད།།
ཚིག་མེད་མིས་ངག་སྙན་པི་ཝང་དཀྲོལ།།
རོགས་སྣང་བ་མཐུན་ན་འདྲ་འདྲ་ཡིན།།
༤༩ཁྲ་ཆིལ་ལེ་ནམ་མཁའ་ལངས་དུས།།
ངས་ལུག་བརྒྱ་དེད་དེ་རྫ་ལ་སོང་།།
རྩྭ་བྱི་རུག་བཏུས་ནས་ལུག་བརྒྱར་བྱིན།།
ལུག་འཚེར་མོའི་བལ་ཁ་ཇེ་མཐུག་རེད།།
སེར་གྱི་ལེ་ཉི་མ་ཤར་དུས།།
ངས་རྟ་བརྒྱ་དེད་དེ་བྱང་ལ་སོང་།།
བྱང་སྤ་ཏོག་བཏུས་ནས་རྟ་བརྒྱར་བྱིན།།
རྟ་འདོ་བའི་གོམ་ལག་ཇེ་བདེ་རེད།།
ནག་གྱི་ལེ་མུན་པ་འཐིབ་དུས།།
ངག་དབྱངས་ལ་བཀུག་སྟེ་གྲོང་ལ་སོང་།།
ཁ་ཚིག་གསུམ་བཤད་དེ་རོགས་བརྒྱར་རྩེ།།
རོགས་ཆུང་ལོའི་སྣང་བ་ཇེ་མཐུན་རེད།།
༥༠བཀྲ་ཤིས་པའི་ཚོ་ལུང་གོང་མ་ན།།
སྙིང་རྗེ་ནོ་ངང་བ་སེར་བོ་རེད།།
ཁ་ཕར་འཁོར་རྗེས་ནས་ལྟ་དུས་ན།།
དབུས་བླ་མས་གཟན་ཆུང་དཀྲིས་འདྲ་རེད།།
ཁ་ཚུར་འཁོར་སྔུན་ནས་ལྟ་དུས་ན།།
དབུས་བླ་མས་ཞྭ་མོ་མནབས་འདྲ་རེད།།
ལོ་གཞུག་ལ་བསྐྱུར་རྒྱུ་མ་བཤད་དང་།།
ཉིན་ཞག་རེར་བློས་ཐོངས་དཀའ་གི།
བཀྲ་ཤིས་པའི་ཚོ་ལུང་བར་མ་ན།།
སྙིང་རྗེ་ནོ་གོམ་ཆེན་འདོ་བ་རེད།།
ཁ་ཕར་འཁོར་རྗེས་ནས་ལྟ་དུས་ན།།
འགྲོས་གོམ་པ་ཨ་ལོང་བརྡུངས་འདྲ་རེད།།
ཁ་ཚུར་འཁོར་སྔུན་ནས་ལྟ་དུས་ན།།
མགོའི་ཕུམ་ཕུམ་དར་སྐུད་བླས་འདྲ་རེད།།
ལོ་གཞུག་ལ་བསྐྱུར་རྒྱུ་མ་བཤད་དང་།།
ཉིན་ཞག་རེར་བློས་ཐོངས་དཀའ་གི།།
བཀྲ་ཤིས་པའི་ཚོ་ལུང་ཞོལ་མ་ན།།
སྙིང་རྗེ་ནོ་ཞེ་མཐུན་མ་ལོ་རེད།།
ཁ་ཕར་འཁོར་རྗེས་ནས་ལྟ་དུས་ན།།
ལུས་སྐྱེ་གཟུགས་སྦ་དཀར་དྲང་སྐྱེས་རེད།།
ཁ་ཚུར་འཁོར་སྔུན་ནས་ཉན་དུས་ན།།
ཚིག་བཤད་ནོ་ཆུ་དང་འོ་མ་རེད།།
ལོ་གཞུག་ལ་བསྐྱུར་རྒྱུ་མ་བཤད་དང་།།
ཉིན་ཞག་རེར་བློས་ཐོངས་དཀའ་གི།
༥༡སྟོད་ལྷ་ཁང་ཁྱམས་ནས་ཀི་རེ་འདེབས།།
སྟོད་དབུས་གཙང་བླ་མས་མི་བཀྱོན་མོད།།
སྟོད་དབུས་གཙང་བླ་མས་བཀྱོན་བཏང་ན།།
དབུས་བན་ཆུང་ཐལ་སྐད་ཡིན་ཁུལ་བྱེད།།
བར་སྤང་རིའི་དཀྱིལ་ནས་ཟིག་རིང་འདེབས།།
ནང་དྲིན་ཆེན་ཕ་མས་མི་གོ་མོད།།
ནང་དྲིན་ཆེན་ཕ་མས་གོ་བཏང་ན།།
ལུག་གཡང་དཀར་འཚོས་སྐད་ཡིན་ཁུལ་བྱེད།།
ཐང་ཕྱི་ནང་བར་ནས་བརྡ་རེ་རྒྱག།
ནང་ལས་མཐུན་བཟའ་བས་མི་གོ་མོད།།
ནང་ལས་མཐུན་བཟའ་བས་གོ་སོང་ན།།
ཨ་རག་ཆང་གིས་བཟི་ཁུལ་བྱེད།།
༥༢ནགས་ཙན་དན་པད་མ་འདབ་བརྒྱད་རེད།།
མགོ་སིལ་ཏོག་བྱུར་དཀར་བྱུར་དམར་རེད།།
བྱ་ཁུ་བྱུག་ཡིད་སྨོན་གཏོང་ས་རེད།།
བོད་ཚོ་ཆེན་ཤེལ་དཀར་མེ་ལོང་རེད།།
རོགས་ཆུང་ལོ་བྱུར་དཀར་བསྒྲིགས་འདྲ་རེད།།
ཕོ་ངེད་ཚོས་ཡིད་སྨོན་གཏོང་ས་རེད།།
༥༣ཁངས་མ་བབས་རི་རྩེ་དཀར་ནོ།།
ཆགས་བཞག་ན་གངས་དཀར་རི་རེད།།
ལོ་མ་བཏབ་རི་སྐེད་སྔོ་ནོ།།
ཆགས་བཞག་ན་ཙན་དན་ལོ་མ་རེད།།
རོགས་མ་རྩེ་སྣང་བ་མཐུན་ནོ།།
ཆགས་བཞག་ན་ལས་མཐུན་རོགས་རེད།།
༥༤ཆང་བདུད་རྩི་ཁ་ལ་ཞིམ་པ་འདི།།
དབུས་བླ་མས་བཀྱོན་རུང་འཐུང་དགོས།།
རྟ་འདོ་བ་ཤེའུ་ཐིག་བརྒྱད་པ་ཅན།།
དངུལ་མོད་པོ་ཤོར་རུང་ཉོ་དགོས།།
རོགས་མ་ལོ་མཐུན་པའི་དྲུག་སྐོར་བོ།།
གཏམ་མི་ཁ་འཁོར་རུང་རྩེ་དགོས།།
༥༥ངའི་ལག་གི་ཕྲེང་བའི་དཀྱིལ་ན།།
བྱུར་དཀར་བྱུར་དམར་གཉིས་ཡོད།།
གཡུ་དྲུག་དཀར་གཅིག་དང་གསུམ་ཡོད།།
འདིའི་ཡན་གྱི་འགངས་ཆེན་ངར་མེད།།
འདི་གཅིག་གི་བསམ་པས་ཁྱོད་འཛིན།།
ངའི་ཕུགས་ཀྱི་གོས་སྒམ་ནང་ན།།
གོས་འབྲུག་མ་གསེར་མ་གཉིས་ཡོད།།
བྱ་རྨ་བྱ་ཅན་དང་གསུམ་ཡོད།།
འདིའི་ཡན་གྱི་འགངས་ཆེན་ངར་མེད།།
འདི་གཅིག་གི་བསམ་པས་ཁྱོས་འཛིན།།
ས་སྡེ་ཆེན་གཡུང་དྲུང་ནང་ན།།
རོགས་ཁ་འགྲོགས་ཞེ་འགྲོགས་གཉིས་ཡོད།།
ཁྱིམ་བཟའ་བ་གཅིག་དང་གསུམ་ཡོད།།འ
དིའི་ཡན་གྱི་འདང་ཆེན་ངར་མེད།།
འདི་གཅིག་གི་བསམ་པས་ཁྱོད་འཛིན།།
༥༦ངའི་ཤེལ་དཀར་གའུའི་ནང་ན།།
སྐྱེ་བདུན་རིལ་བུ་གསུམ་ཡོད།།
དེའི་གཅིག་གི་བསམ་པས་ཁྱོད་འཛིན།།
ངའི་མཛུབ་ཆུང་བར་མའི་དཀྱིལ་ན།།
དངུལ་དཀར་བོའི་ཨ་ལོང་གསུམ་ཡོད།།
དེའི་གཅིག་གི་བསམ་པས་ཁྱོད་འཛིན།།
ངའི་ཡ་ཆུང་གངས་དཀར་སེམས་ན།།
རྣར་སྙན་པའི་ཚིག་གསུམ་བཟུང་ཡོད།།
དེའི་གཅིག་གི་བསམ་པས་ཁྱོད་འཛིན།།
༥༧དགུང་ཨ་སྔོན་སྐྱིད་ཀྱི་ཕུ་རིང་ན།།
དགུང་ཉི་མ་སྐྱིད་ཀྱི་ཚེ་འབར་རེད།།
དབྱར་དྲུག་པའི་སྨུག་པ་ལྷུང་རག་ལ།།
སྐྱིད་ཚེ་འབར་འགྲིབ་ནི་དཔེ་མེད།།
སྟོད་གངས་དཀར་སྐྱིད་ཀྱི་ཕུ་རིང་ན།།
ཆུ་གཙང་བོ་སྐྱིད་ཀྱི་ཚེ་ཐག་རིང་།།
དགུ་གཅིག་པའི་འཁྱག་གྲང་ཡོང་རག་ལ།།
སྐྱིད་ཚེ་ཐག་ཆད་ནི་དཔེ་མེད།།
སྡེ་ཆེན་པོ་སྐྱིད་ཀྱི་ཕུ་རིང་ན།།
ཞེ་མཐུན་སྐྱིད་ཀྱི་ཚེ་འགྲོག་རེད།།
དགྲ་གཤིན་རྗེས་འཇིགས་པ་སྟོན་རག་ལ།།
སྐྱིད་ཚེ་འགྲོགས་འགལ་ནི་དཔེ་མེད།།
༥༨གོས་གསེར་མ་ནོར་བུ་ཆ་བདུན་ཅན།།
ཁྱོད་གོས་འཐག་སུམ་ཆུའི་གོས་ཡིན་རུང་།།
ལུས་ཕུང་བོར་གོན་ན་འགྲིག་ནི་གིས།།
ཚེ་གང་གི་ཤོམ་ལྭ་བྱས་ན་འདོད།།
རྟ་འདོ་བ་ཤེའུ་ཐིག་བརྒྱད་པ་ཅན།།
ཁྱོད་རྟ་བདག་སུམ་ཅུའི་རྟ་ཡིན་རུང་།།
འགྲོས་གོམ་གསུམ་སོང་ན་བདེ་ནི་གིས།།
ཚེ་གང་གི་བློ་རྟ་བྱས་ན་འདོད།།
རོགས་ཆུང་ལོ་མཐུན་པ་དྲུག་སྐོར་ཅན།།
ཁྱོད་ན་ཟླ་སུམ་ཅུའི་རོགས་ཡིན་རུང་།།
ཞེ་སྣང་བ་གཉིས་ཀ་མཐུན་ནི་གིས།།
ཚེ་གང་གི་རྩེད་རོགས་བྱས་ན་འདོད།།
༥༩དགུང་ཨ་སྔོན་འདབས་ལ་སྤྲིན་གྱིས་བསྐོར།།།
སྤྲིན་དཀར་བོའི་འདབས་ལ་ཆར་གྱིས་བསྐོར།།
ཆར་ཉིན་སྲིབ་མེད་ལ་བབས་བཏང་ན།།
འབྲུག་ཕོ་ཆུང་བསམ་དོན་དེ་ནས་འགྲུབ།།
རྫ་ཁྲ་ཡག་འདབས་ལ་རྩྭ་ཡིས་བསྐོར།།
རྩྭ་བྱི་རུག་འདབས་ལ་སྨན་གྱིས་བསྐོར།།
སྨན་ཉིན་སྲིབ་མེད་ལ་སྐྱེས་བཏང་ན།།
འབྲི་ཐུལ་མའི་བསམ་དོན་དེ་ནས་འགྲུབ།།
སྡེ་ཚོ་ཆེན་འདབས་ལ་རོགས་ཀྱིས་བསྐོར།།
རོགས་ཆུང་ལོའི་འདབས་ལ་ཚིག་གིས་བསྐོར།།
ཚིག་གསང་བསྐྱུར་མེད་ལ་བཤད་བཏང་ན།།
རོགས་ངེད་ཚོའི་བསམ་དོན་དེ་ནས་འགྲུབ།།
༦༠སྟོད་རི་རྒྱལ་ལྷུན་པོ་བརྟན་ནེ་བོ།།
རི་སྨུག་པས་བཟུང་ན་ཇེ་དྭངས་རེད།།
རྫ་ཆུ་བསིལ་མ་དྭངས་སེ་བོ།།
ཆུ་མདོ་ལ་བཞུར་ན་ཇེ་དྭངས་རེད།།
རོགས་མ་ལོ་སྣང་བ་མཐུན་ནེ་བོ།།
ཁ་བགད་དེ་རྩེ་ན་ཇེ་མཐུན་རེད།།
རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི