ལ་གཞས་མཐུན་པ་དྲུག་སྐོར་ལས། མཐུན་པའི་སྐོར།༣
༣༡གོས་གོན་ན་གོས་ཆེན་གསེར་མ་གོན།།
གོས་གསེར་མ་གོན་ན་འཁོབས་རྒྱ་ཡངས།།
འདི་ཡངས་ནོ་གཅིག་དང་ཤོམ་ནོ་གཉིས།།
གོན་བཏང་ན་འཕུད་སེམས་ངར་མེད།།
རྟ་ཞོན་ན་དཀར་རིལ་གཟི་མིག་ཞོན།།
རྟ་དཀར་རིལ་གཟི་མིག་གོམ་ལག་བདེ།།
འདི་བདེ་ནོ་གཅིག་དང་མགྱོགས་ནོ་གཉིས།།
ཞོན་བཏང་ན་འབབ་སེམས་ངར་མེད།།
རོགས་རྩེ་ན་ཞང་བཟང་ཚ་མོར་རྩེ།།
རོགས་ཞང་བཟང་ཚ་མོ་སྣང་བ་མཐུན།།
འདི་མཐུན་ནོ་གཅིག་དང་དྲང་ནོ་གཉིས།།
རྩེ་བཏང་ན་འགལ་སེམས་ངར་མེད།།
༣༢སྟོད་ཨ་རིག་ལུག་བརྒྱའི་ཁྱུ་ནས།།
ངས་ཚེ་གཅིག་གི་ལྷ་ལུག་བསལ་ཡོད།།
འདི་མ་རེད་ཟེར་མི་ཨེ་ཡོད།།
འདི་མ་རེད་ཟེར་མི་ཡོད་ན།།
བོའུ་རྭ་རིང་ཕྲག་ནས་ཕབ་དགོས་རུང་།།
མདེའུ་སྔོན་མ་བྲང་ལ་གཏོད་དགོས་རུང་།།
ལུག་འཚེར་མོའི་སེམས་རྩ་མ་དམའ་ན།།
ང་ཚེ་གཅིག་གི་ལུག་བདག་ཉན་ན།།
ས་བྱང་ལམ་རྟ་བརྒྱའི་ཁྱུ་ནས།།
ངས་ཚེ་གཅིག་གི་འདོ་བ་བསལ་ཡོད།།
འདི་མ་རེད་ཟེར་མི་ཨེ་ཡོད།།
འདི་མ་རེད་ཟེར་མི་ཡོད་ན།།
གཞུ་སྨུག་པོ་དཔུང་གིས་འགུག་དགོས་རུང་།།
མདའ་ལི་མ་མཐེབ་ཀྱིས་གཏོང་དགོས་རུང་།།
རྟ་འདོ་བའི་སེམས་རྩ་མ་དམའ་ན།།
ང་ཚེ་གཅིག་གི་རྟ་བདག་ཉན་ན།།
བོད་ཚོ་ཆེན་རོགས་བརྒྱའི་ཁྱུ་ནས།།
ངས་ཚེ་གཅིག་གི་རྩེ་རོགས་བསལ་ཡོད།།
འདི་མ་རེད་ཟེར་མི་ཨེ་ཡོད།།
འདི་མ་རེད་ཟེར་མི་ཡོད་ན།།
གྲི་ཁྲ་ལེབ་སྐེད་ནས་བཤང་དགོས་རུང་།།
ཁྲག་དམར་བོའི་རྐ་རེ་འཐེན་དགོས་རུང་།།
རོགས་ན་ཟླའི་སེམས་རྩ་མ་དམའ་ན།།
ང་ཚེ་གཅིག་གི་རྩེ་རོགས་ཉན་ན།།
༣༣སྟོད་དབུས་གཙང་ལྷ་རི་གོང་མ་ན།།
དུང་དཀར་བོ་འབུད་པའི་ལྷ་ཞིག་སྣང་།།
ལྷ་འདི་ཚོར་ཕྱག་གསུམ་འཚལ་ཐུབ་ན།།
ཤི་དམྱལ་བར་མི་ལྷུང་ཁས་ལེན་ཡོད།།
ས་བ་ཡན་ཐང་ཆེན་བར་མ་ན།།
མགྱོགས་རླུང་ལ་འགྲན་པའི་རྟ་ཞིག་སྣང་།།
རྟ་འདི་ཚོར་གསེར་སྒ་སྟོད་ཐུབ་ན།།
དགྲ་ཇག་པས་མི་ཐུབ་ཁས་ལེན་ཡོད།།
བོད་ཚོ་ཆེན་ལྷ་སྡེ་དཀར་བོ་ན།།
ཞེ་སྣང་བ་མཐུན་པའི་རོགས་ཤིག་སྣང་།།
རོགས་འདི་ཚོར་ཚིག་གསུམ་བཤད་ཐུབ་ན།།
གཏམ་མི་ཁས་མི་ཐུབ་ཁས་ལེན་ཡོད།།
༣༤གོས་གསེར་མ་དཔལ་བེའུ་བཞི་བསྣོལ་རེད།།
སྟེང་རི་མོ་བཀྲ་ཤིས་རྟགས་བརྒྱད་རེད།།
གོས་འདི་ཉིད་གོན་པའི་ཕྱིན་ཆད་ལ།།
ངས་གོས་ཆེན་འབྲུག་མ་བརྗེད་འགྲོ་གི།
རྟ་འདོ་བ་རི་རྒྱལ་ལྷུན་པོ་རེད།།
སྒ་བེ་ཤིང་སྒྲོལ་མའི་དུང་སྐུ་རེད།།
རྟ་འདི་ལ་ཞོན་པའི་ཕྱིན་ཆད་ལ།།
ངས་ལས་ཀྱི་འདོ་བ་བརྗེད་འགྲོ་གི།
རོགས་ཆུང་ལོ་མཚོ་ཁའི་རྨ་བྱ་རེད།།
ཚིག་བཤད་ནོ་ཆུ་དང་འོ་མ་རེད།།
རོགས་འདི་ལ་རྩེས་པའི་ཕྱིན་ཆད་ལ།།
ངས་ལས་མཐུན་ཆུང་མ་བརྗེད་འགྲོ་གི།
༣༥ཆར་ཅི་ལྟར་འབབ་ན་འབབ་གི་ཞོག།
ཆུས་མི་བརྟོལ་གོས་ལྭ་གྱོན་ཡོད།།
རྟ་ཇི་ལྟར་རྒྱུག་ན་རྒྱུག་གི་ཞོག།
སྒ་མི་ཡོ་གློ་ཞིག་འཐེན་ཡོད།།
རོགས་ཅི་ལྟར་རྩེ་ན་རྩེ་གི་ཞིག།
རོགས་མི་འགལ་ཚིག་གསུམ་བཤད་ཡོད།།
༣༦རྨ་བྱའི་སྒྲོ་དང་རྩྭ་ཀུ་ཤ།།
གསེར་བུམ་པའི་ཁ་ནས་ཐུག་སོང་ཟིག།
འདང་བརྒྱབ་ན་ཐུག་དོན་ཅི་ཡོད་ལ།།
ཚེ་སྔོན་མའི་སྨོན་ལམ་གཅིག་ནི་རེད།།
འདོ་བ་རྟ་དང་སྒྲོལ་མའི་སྒ།།
ས་བྱང་ལམ་ཐད་ནས་ཐུག་སོང་ཟིག།
འདང་བརྒྱབ་ན་ཐུག་དོན་ཅི་ཡོད་ལ།།
ཚེ་སྔོན་མའི་སྨོན་ལམ་གཅིག་ནི་རེད།།
ཆུང་འདྲིས་རོགས་དང་ངེད་གཉིས་ག།
བོད་ཚོ་ཆེན་གྲོང་ནས་ཐུག་སོང་ཟིག།
འདང་བརྒྱབ་ན་ཐུག་དོན་ཅི་ཡོད་ལ།།
ཚེ་སྔོན་མའི་སྨོན་ལམ་གཅིག་ནི་རེད།།
༣༧ནགས་ཙན་དན་ངེད་གཉིས་སྐྱེ་དགའ་ཆེ།།
ནགས་སྐྱེ་ནས་དགུང་ལ་ཐུག་སོང་ན།།
མགོ་རལ་ག་འགུལ་རྒྱུ་ལོས་ཡོད།།
བྱ་རྫུབས་ལ་འཕེན་ནི་དཔེ་མེད།།
ཆུ་གཙང་བོ་ངེད་གཉིས་བཞུར་དགའ་ཆེ།།
ཆུ་བཞུར་ནས་བྲག་ལ་ཐུག་སོང་ན།།
ཁ་འགྲམ་དར་ཆགས་རྒྱུ་ལོས་ཡོད།།
ཉ་དར་ལ་འབྱར་ནི་དཔེ་མེད།།
རོགས་ཆུང་ལོ་ངེད་གཉིས་རྩེ་དགའ་ཆེ།།
རོགས་རྩེ་ནས་སྣང་བ་མཐུན་སོང་ན།།
སྡེ་མི་ཁ་འཁོར་རྒྱུ་ལོས་ཡོད།།
རོགས་སྡེ་ཁ་ཆད་ནི་དཔེ་མེད།།
༣༨ངར་རི་ན་བ་མ་ཁ་ཁོལ་ཡོད།།
ངར་ཡུལ་ན་ཁྲོ་ཟངས་གཏིང་ཁོལ་ཡོད།།
སྙིང་རྗེ་ནོ་བ་མ་ཁ་ཁོལ་ཡིན།།
དྲིན་ཆེ་ནོ་ཁྲོ་ཟངས་གཏིང་ཁོལ་ཡིན།།
ངར་རི་ན་མཛོ་བྱིས་ཁྱུང་དཀར་ཡོད།།
ངར་ཡུལ་ན་གྲོ་བྱིས་འདོ་བ་ཡོད།།
སྙིང་རྗེ་ནོ་འཛོ་བྱིས་ཁྱུང་དཀར་ཡིན།།
དྲིན་ཆེ་ནོ་གྲོ་བྱིས་འདོ་བ་ཡིན།།
ངར་ཡུལ་ན་ནང་ཚང་བཟའ་བ་ཡོད།།
ངར་སྡེ་ན་ཞེ་མཐུན་རོགས་ལོ་ཡོད།།
སྙིང་རྗེ་ནོ་ཞེ་མཐུན་རོགས་ལོ་ཡིན།།
དྲིན་ཆེ་ནོ་ནང་ཚང་བཟའ་བ་ཡིན།།
༣༩ངས་གསོམ་དཀར་སྡོང་བོ་གཡས་ནས་བསྐྱུར།།
གསོམ་ནག་སྡོང་བོ་གཡོན་ནས་བསྐྱུར།།
ཀྱལ་ཏ་དམར་བོ་དང་དུ་བླངས།།
ལྷ་འགངས་ཆེན་མཆོད་ཁྲི་ཨེ་ཉན་བསམས།།
ངས་འཇུ་ལག་གཡུ་ཆུང་གཡས་ནས་བསྐྱུར།།
ཙོང་ཆུ་ཁམ་པ་གཡོན་ནས་བསྐྱུར།།
རྫ་ཆུ་བསིལ་མ་དང་དུ་བླངས།།
ལྷ་འགངས་ཆེན་མཆོད་ཆུ་ཨེ་ཉན་བསམས།།
ངས་ནང་ཚང་བཟའ་བ་གཡས་ནས་བསྐྱུར།།
གཏམ་ཆེན་མི་ཁ་གཡོན་ནས་བསྐྱུར།།
ཕ་བཟང་བུ་ཆུང་དང་དུ་བླངས།།
ཚེ་གཅིག་གི་རྩེ་རོགས་ཨེ་ཉན་བསམས།།
༤༠གོས་རི་མོ་ཅན་གྱི་ནང་མ་འདི།།
ལུག་གཡང་དཀར་ཚར་ཆུང་ཐུལ་བ་རེད།།
ནང་ཨ་ལོང་ཚར་ཆུང་མ་ཟད་ན།།
ཕྱི་ཁ་དོག་རི་མོ་ཇེ་གསལ་ཡིན།།
རྟ་གོམ་ལག་ཅན་གྱི་རྒྱན་ཆ་འདི།།
སྨད་རྒྱ་ནག་གསེར་སྒ་ཁྱུང་ཆེན་རེད།།
སྒ་ཤིང་བཞི་རྒྱུན་ལོང་མ་ཆད་ན།།
རྟ་འདོ་བའི་གོམ་ལག་ཇེ་བདེ་ཡིན།།
རོགས་རྩེ་དགའ་ཅན་གྱི་སེམས་གཏམ་འདི།།
ང་ཕྱོགས་ཡོང་བྱི་ལིའི་བསམ་པ་རེད།།
མ་ཁྱོད་ཚོས་འདང་གཉིས་མ་བརྒྱབ་ན།།
ང་དགའ་ལོའི་ཞེ་སེམས་ཇེ་མཐུན་རེད།།
༤༡མཚོ་སྔོན་མོའི་ཁ་ཐག་རིང་རབས་ཟེར།།
མཚོ་སྔོན་མོའི་ཁ་ཐག་རིང་ན་ཡང་།།
བྱ་ངེད་ཚོ་མཚོ་ལ་ལོབས་སོང་བས།།
མཚོ་ཁ་ཐག་རིང་གི་མི་བསམ་གི།།
ས་བྱང་ལམ་ཁ་ཐག་རིང་རབས་ཟེར།།
ས་བྱང་ལམ་ཁ་ཐག་རིང་ན་ཡང་།།
རྟ་ངེད་ཚོ་བྱང་ལ་ལོབས་སོང་བས།།
བྱང་ཁ་ཐག་རིང་གི་མི་བསམ་གི།
ས་སྡེ་ཆེན་ཁ་ཐག་རིང་རབས་ཟེར།།
ས་སྡེ་ཆེན་ཁ་ཐག་རིང་ན་ཡང་།།
རོགས་ངེད་ཚོ་སྡེ་ལ་ལོབས་སོང་བས།།
སྡེ་ཁ་ཐག་རིང་གི་མི་བསམ་གི།།
༤༢ཁིས་མདའ་ལྟོང་འདྲ་བའི་ཡར་ནང་གི།།
ལུས་སྦ་དཀར་འདྲ་བའི་རོགས་ཀྱིས་ཉོན།།
སྦ་ཡོ་འཁྱོག་མེད་ལ་ཁྱོད་སྐྱེ་དང་།།
སེམས་བསམ་པས་ཡུར་ཆུ་ངས་འདྲེན།།
ཆུ་བདུད་རྩི་འདྲ་བའི་ཕར་ནང་གི།།
ཉ་གསེར་མིག་འདྲ་བའི་རོགས་ཀྱིས་ཉོན།།
ཆུ་དྭངས་སྙོགས་མེད་ལ་ཁྱོད་བཞུར་དང་།།
སེམས་བསམ་པའི་ཐོམ་གསུམ་ངས་བཅུ།།
རི་ཤེལ་དཀར་འདྲ་བའི་མར་ནང་གི།།
ལུས་གངས་ཐིག་འདྲ་བའི་རོགས་ཀྱིས་ཉོན།།
ཚིག་གསང་བསྐྱུར་མེད་ལ་ཁྱོད་རྩེས་དང་།།
སེམས་བསམ་པས་ཚིག་གསུམ་ངས་བཤད།།
༤༣བྲག་དཀར་བོ་ཆོས་ཁྲི་བརྩིགས་འདྲ་རེད།།
རྒོད་ཐང་དཀར་བླ་མ་བཞུགས་འདྲ་རེད།།
མགོ་སྤུ་ཟེ་ཞྭ་མོ་མནབས་འདྲ་རེད།།
ཆོས་གསུང་རྒྱུ་མེད་རུང་བསམ་པ་རེད།།
རྫ་ཁྲ་ཡག་མཁར་ཆུང་བརྡུངས་འདྲ་རེད།།
འབྲོང་བྲེ་སེར་དཔོན་ཆུང་བཞུགས་འདྲ་རེད།།
རྭ་ཆ་གཉིས་མཚོན་ཆ་བརྡུངས་འདྲ་རེད།།
དགྲ་འཐབ་རྒྱུ་མེད་རུང་བསམ་པ་རེད།།
ཚོ་ཆེན་པོ་ཤེལ་དཀར་བསྒྲིགས་འདྲ་རེད།།
རོགས་ཆུང་ལོ་ལྷ་སྐུ་བཞུགས་འདྲ་རེད།།
ཚིག་སྙན་མོ་པི་ཝང་དཀྲོལ་འདྲ་རེད།།
རོགས་མ་རྩེ་རུང་ལ་བསམ་པ་རེད།།
༤༤སྟོད་ཀྱི་ལྷ་ཁང་གསེར་ཏོག་ཅན།།
ནང་ལྷ་སྐུ་གསེར་གྱི་དུལ་མ་ཅན།།
ལྷ་བཞེངས་མཁན་སྦྱིན་བདག་ང་མིན་རུང་།།
ཕྱི་སྐོར་གསུམ་བརྒྱབ་ན་ཉམས་རེ་དགའ།།།
རྫ་ཁྲ་ཡག་ཆགས་ཀྱི་གདོང་ཁེབ་ཅན།།
འདི་བྲེ་སེར་འབྲོང་གི་རྒྱབ་རི་རེད།།
འབྲོང་རང་གི་སྒོ་ཟོག་མི་ཉན་རུང་།།
འབྲོང་ཡོ་རེར་འཚོས་ན་ཉམས་རེ་དགའ།།
སྡེ་མ་གིའི་ཤེལ་དཀར་གྲོང་ཆུང་ན།།
རོགས་སྐྱེ་ལུས་སྦ་དཀར་དྲང་མོ་རེད།།
ཁྱིམ་གཅིག་གི་བཟའ་ཟླ་མི་ཉན་རུང་།།
གྲོང་གཅིག་ནས་རྩེ་ན་ཉམས་རེ་དགའ།།
༤༥སྟོད་དབུས་གཙང་ཆོས་ར་གོང་མ་ན།།
མཇལ་མ་མྱོང་སངས་རྒྱས་སྟོང་སྐུ་ཡོད།།
དབུས་ཁ་ཐག་རིང་ན་མཇལ་ཆད་ཡིན།།
ལམ་བྲོ་ག་ཆད་རུང་འགྱོད་པ་མེད།།
བར་བ་ཡན་ཐང་སྐྱ་གོང་མ་ན།།
འབྲུག་རི་མོ་བབས་པའི་འདོ་བ་ཡོད།།
ས་བྱང་ལམ་རིང་ན་རྐང་ཆད་ཡིན།།
ལམ་བར་ཆད་བྱུང་རུང་འགྱོད་པ་རེད།།
སྨད་གྲོང་ཆུང་རྩེད་ར་ཞོལ་མ་ན།།
ཁ་ཞེ་སེམས་མཐུན་པའི་རོགས་ཤིག་ཡོད།།
སྨད་རྩེ་ཐག་རིང་ན་རྩེ་ཆད་ཡིན།།
གཏམ་མི་ཁ་ངན་རུང་འགྱོད་པ་མེད།།
རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི