ལ་གཞས་མཐུན་པ་དྲུག་སྐོར་ལས། འགྲོག་པའི་སྐོར།༤
༤༦དགུང་གི་སྐར་ཆེན་ཁྲ་མོ།།
ཁྱོད་འཆར་ལ་སྔ་འཕྱི་ཨེ་ཡོད།།
ཁྱོད་འཆར་ལ་སྔ་འཕྱི་མེད་ན།།
དགུང་སྐར་ཆེན་ཁྱུ་ནས་ཁྱོད་བསལ།།
ནང་སྐར་ཕྲན་མང་བོར་ང་འགལ།།
འགལ་སོང་རུང་འགྱོད་པ་ང་མེད།།
རྟ་གྲོ་རྒྱ་གོམ་ལག་ཅན་པོ།།
ཁྱོད་རྒྱུག་ག་སྔ་འཕྱི་ཨེ་ཡོད།།
ཁྱོད་རྒྱུག་ག་སྔ་འཕྱི་མེད་ན།
བྱང་རྟ་མང་ཁྱུ་ནས་ཁྱོད་བསལ།།
ནང་རྟ་བརྒྱ་མང་བོར་ང་འགལ།།
འགལ་སོང་རུང་འགྱོད་པ་ང་མེད།།
སྡེ་ཚོ་ཆེན་གྲོང་གི་རོགས་ལོ།།
ཁྱོད་རྩེ་ཡ་སྔ་འཕྱི་ཨེ་ཡོད།།
ཁྱོད་རྩེ་ཡ་སྔ་འཕྱི་མེད་ན།།
སྡེ་རོགས་བརྒྱའི་ཁྱུ་ནས་ཁྱོད་བསལ།།
ནང་ན་ཟླ་མང་བོར་ང་འགལ།།
འགལ་སོང་རུང་འགྱོད་པ་ང་མེད།།
༤༧རི་མགོ་ལྷ་རིའི་མཆོད་རྟེན་རེད།།
ལྷ་མཇལ་དགོས་བསམ་ནས་ཡོང་ནི་ཡིན།།
རི་སྐེད་སིལ་ཏོག་ཁམ་བུ་རེད།།
སིལ་འཐུ་དགོས་བསམ་ནས་ཡོང་ནི་ཡིན།།
རི་འདབས་ན་ཟླ་རྩེ་ས་རེད།།
རོགས་རྩེ་དགོས་སམ་ནས་ཡོང་ནི་ཡིན།།
༤༨བྲག་དཀར་ལྷ་རིའི་དབུ་རྩེ་ན།།
བཞོས་མ་མྱོང་སེང་གེ་དཀར་མོ་ཡོད།།
ཁྱོར་བཞོ་རྒྱུའི་བསམ་པ་ཡོད་ན།།
དུང་དཀར་བོའི་བཞོ་ཟེའུ་སྒྲིགས་དང་།།
བཞོ་ནུ་ལག་བདེ་བ་ང་གསལ།།
བྲག་དཀར་ལྷ་རིའི་རི་སྐེད་ན།།
བཞོས་མ་མྱོང་འབྲི་ཆུང་ཐུལ་མ་ཡོད།།
ཁྱོར་བཞོ་རྒྱུའི་བསམ་པ་ཡོད་ན།།
ཤིང་ཤུག་པའི་བཞོ་ཟེའུ་སྒྲིགས་དང་།།
བཞོ་ནུ་ལག་བདེ་བ་ང་གསལ།།
བྲག་དཀར་ལྷ་རིའི་རི་ཞོལ་ན།།
རྩེ་མ་མྱོང་རོགས་ལོ་ཆ་འགྲིག་ཡོད།།
རོགས་རྩེ་རྒྱུའི་བསམ་པ་ཁྱོར་ཡོད་ན།།
ཁ་བསྐོར་ནས་ཚིག་གསུམ་ཤོད་དང་།།
ནང་ཞེ་སེམས་མཐུན་པ་ང་གསལ།།
༤༩ཁུ་བྱུག་བྱ་དང་ཁྱེད་གཉིས་གས།།
ནགས་ཙན་དན་བརྒྱུད་ནས་འཕུར་རྒྱུ་ན།།
ཤིང་སིལ་ཏོག་སྣ་ཚོགས་འཁྲུངས་ཡོད།།
སིལ་འཐུ་རྒྱུའི་བསམ་པ་ཡོད་ན།།
སིལ་འཐུ་བའི་སྟབས་ཀ་འགྲིག་ཡོད།།
གཡང་དཀར་ལུག་དང་ཁྱེད་གཉིས་གས།།
ཕར་སྤང་རི་བརྒྱུད་ནས་འགྲོ་རྒྱུ་ན།།
སྨན་མེ་ཏོག་སྣ་ཚོགས་འཁྲུངས་ཡོད།།
སྨན་འཐུ་བའི་བསམ་པ་ཡོད་ན།།
སྨན་འཐུ་བའི་སྟབས་ཀ་འགྲིག་ཡོད།།
ཞེ་མཐུན་རོགས་ལོ་ཁྱེད་གཉི་གས།།
ས་སྡེ་ཆེན་བརྒྱུད་ནས་རྩེ་རྒྱུ་ན།།
ནང་ན་ཟླ་མང་བོ་འདུས་ཡོད།།
རོགས་རྩེ་རྒྱུའི་བསམ་པ་ཡོད་ན།།
རོགས་རྩེ་བའི་སྟབས་ཀ་འགྲིག་ཡོད།།
༥༠དུང་དཀར་བོའི་སྒྲ་སྙན་ཚོར་དུས་ན།།
ཆོས་དཀར་བོའི་གླིང་ལ་ཐོན་རྟགས་རེད།།
ལྷ་མཇལ་བའི་སྟབས་ཀ་འགྲིག་ནི་རེད།།
བྱ་ཁུ་བྱུག་གསུང་སྙན་ཚོར་དུས་ན།།
ནགས་རྒྱ་རྫོང་དཀྱིལ་ལ་ཐོན་རྟགས་རེད།།
སིལ་ཟ་བའི་སྟབས་ཀ་འགྲིག་ནི་རེད།།
རོགས་ཆུང་ལོའི་སྐད་སྙན་ཚོར་དུས་ན།།
བོད་ཚོ་ཆེན་གྲོང་ལ་ཐོན་རྟགས་རེད།།
རོགས་རྩེ་བའི་སྟབས་ཀ་འགྲིག་ནི་རེད།།
༥༡ཁིས་ཀྱི་ལབ་རྩེ་སྟོད་ཁ་སླ།།
ཕྱི་ཡི་རྨུ་ཐག་འཐེན་ཁ་དཀའ།།
མཐོ་སོང་ན་རླུང་གིས་གཅོད་ལ།།
དམའ་སོང་ན་ཚེ་ལ་གནོད་ལ།།
བར་གྱི་རྡེའུ་འབུམ་རྩིག་ཁ་སླ།།
དཀྱིལ་གྱི་སྲོག་ཤིང་འཛུགས་ཁ་དཀའ།།
མཐོ་སོང་ན་ཁ་ཡིག་གོག་འགྲོ།།
དམའ་སོང་ན་བརླན་གྱིས་རུལ་འགྲོ།།
དགའ་ལོ་རོགས་དང་རྩེད་ཁ་སླ།།
ཞེ་མཐུན་པའི་ཚིག་གསུམ་བཤད་ཁ་དཀའ།།
མཐུན་སོང་ན་སྡེ་བས་གོ་འགྲོ།།
གོ་སོང་ན་སེམས་ལ་གནོད་འགྲོ།།
༥༢རྡོ་ཡག་པ་འཁུར་ན་འདོད་ནི་ཚོ།།
རྡོ་ཡག་པ་ལྷ་ལུང་རྩེ་ན་ཡོད།།
འཁུར་ཤེས་ན་ལྷ་རྡོ་དཀར་བོ་རེད།།
འཁུར་མ་ཤེས་ཆུ་རྡོ་སྔོན་མོ་རེད།།
རྟ་མགྱོགས་པ་ཞོན་ན་འདོད་ནི་ཚོ།།
རྟ་མགྱོགས་པ་ཨ་རིག་སྟོད་ན་ཡོད།།
ཞོན་ཤེས་ན་གོམ་པ་རླུང་རེད།།
ཞོན་མ་ཤེས་གོར་མོ་རྡོ་རེད།།
རོགས་ཡག་པ་རྩེ་ན་འདོད་ནི་ཚོ།།
རོགས་ཡག་པ་སྡེ་ཆེན་གྲོང་ན་ཡོད།།
རྩེ་ཤེས་ན་ཚེ་གཅིག་རྩེ་རོགས་ཡིན།།
རྩེ་མ་ཤེས་གཏམ་ཆེན་མི་ཁ་རེད།།
༥༣ཕ་རིའི་ཁིས་དང་ཚུ་རིའི་ཁིས།།
ཚུ་རིའི་ཁིས་ན་ལབ་རྩེ་རེ།།
ནང་སྲོག་ཤིང་ཅི་ཡོད་མི་ཤེས་གི།
ཕྱི་བལ་ཚོན་དཀར་བོར་ཡིད་རེ་སྨོན།།
ཕ་རིའི་ཐང་དང་ཚུ་རིའི་ཐང་།།
ཚུ་རིའི་ཐང་ན་ཚ་འབུམ་ཐང་།།
ནང་ཚ་ཚ་ཅི་ཡོད་མི་ཤེས་གི།
ཕྱི་བྲག་རྩི་དཀར་བོར་ཡིད་རེ་སྨོན།།
ཕ་རིའི་སྡེ་དང་ཚུ་རིའི་སྡེ།།
ཚུ་རིའི་སྡེ་ན་རྩེ་རོགས་བརྒྱ།།
ཁ་ཚིག་ཆེན་ཅི་ཡོད་མི་ཤེས་གི།
ངག་པི་ཝང་དཀྲོལ་ན་ཡིད་རེ་སྨོན།།
༥༤ཆུ་ཡག་པ་ཆབ་ལུང་འགག་ན་ཡོད།།
ཆུ་ཤག་སྒྲ་མ་གྲག་བཅུ་ལུགས་མེད།།
ཤིང་ཡག་པ་ཙན་དན་ནགས་ན་ཡོད།།
ཤིང་ཁྲོག་སྒྲ་མ་གྲག་གཅོད་ལུགས་མེད།།
རོགས་ཡག་པ་ཚོ་ཆེན་སྡེ་ན་ཡོད།།
གཏམ་མི་ཁ་མ་འཁོར་རྩེ་ལུགས་མེད།།
༥༥དགུང་ཨ་སྔོན་ཤེལ་དཀར་མེ་ལོང་རེད།།
དགུང་འཛམ་གླིང་ཉི་མ་ངེད་གཉིས་གས།།
ཤེལ་ཁ་་དོག་གསལ་ནོ་ལོས་ཤེས་མོད།།
ཕྱི་ལྕགས་རི་བརྒྱུད་དེ་འཆར་དགོས།།
ཕྱི་ལྕགས་རི་ཁ་ཐག་རིང་སོང་བས།།
ཕྱི་ལྕགས་རི་བརྒྱུད་དེ་འཆར་དུས།།
འཇའ་ཁ་དོག་ཡག་དུས་ཨེ་ཡིན།།
ས་དོག་མོ་པད་མ་འདབ་བརྒྱད་རེད།།
བྱ་ཁུ་བྱུག་སྔོན་མོ་ངེད་གཉི་གས།།
ནགས་རྒྱ་རྫོང་མཐུག་ནོ་ལོས་ཤེས་མོད།།
ས་མོན་ཡུལ་བརྒྱུད་དེ་ཡོང་དགོས།།
ས་མོན་ཡུལ་ཁ་ཐག་རིང་སོང་བས།།
ས་མོན་ཡུལ་བརྒྱུད་དེ་ཐོན་དུས།།
ཤིང་ར་ལག་རྒྱས་དུས་ཨེ་ཡིན།།
རོགས་ཆུང་ལོ་ཁ་ཚིག་ཅན་པོ།།
སྡེ་ཡི་རོགས་དང་ངེད་གཉིས་གས།།
ཁྱོད་ཞེ་རྩིས་ཆེ་ནོ་ལོས་ཤེས་མོད།།
ས་སྡེ་ཆེན་བརྒྱུད་དེ་ཡོང་དགོས།།
ས་སྡེ་ཆེན་ཁ་ཐག་རིང་སོང་བས།།
ས་སྡེ་ཆེན་བརྒྱུད་དེ་ཐོན་དུས།།
རོགས་སྣང་བ་མཐུན་དུས་ཨེ་ཡིན།།
༥༦གསེར་ཉི་མ་དགུང་ལ་ཤར་དུས།།
གླིང་བཞི་བོའི་མུན་པ་སེལ་འདོད་ཡིན།།
སྤྲིན་ནག་པོའི་རིམ་པ་མཐུག་པས།།
དུས་ད་ཐེངས་ཤར་སྟབས་མི་འགྲིག་གི།
ས་དོག་མོ་ཁངས་ཀྱིས་མ་བཀབ་ན།།
དུས་གཞུག་ཐེངས་ཤར་ན་ལོས་ཆོག།
རྟ་འདོ་བར་གསེར་སྒ་སྟོད་དུས།།
ཁིས་གོང་མའི་དར་དཀར་ཐོབ་འདོད་ཡིན།།
རྡོ་ཕ་བོང་ལམ་དགྲ་མང་བས།།
དུས་ད་ཐེངས་ལེན་སྟབས་མི་འགྲིག་གི།
དར་དཀར་བོ་རླུང་གིས་མ་ཁུར་ན།།
དུས་གཞུག་ཐེངས་བླང་ན་ལོས་ཆོག།
ང་དགའ་ལོ་སྡེ་ན་ཡོང་དུས།།
སྡེ་ཆེན་པོ་མི་ཁ་རྒོད་པས།།
དུས་ད་ཐེངས་རྩེ་སྟབས་མི་འགྲིག་གི།
སེམས་གངས་དཀར་གཞན་ལ་མ་འཁོར་ན།།
དུས་གཞུག་ཐེངས་རྩེ་ན་ལོས་ཆོག།
༥༧བྲག་དཀར་བོར་ཐེམ་པ་བརྒྱ་ཡོད་རུང་།།
རྒོད་ཐང་དཀར་འབབ་ས་གཅིག་ཡིན།།
ས་བྱང་ལམ་རྒྱུག་ས་བརྒྱ་ཡོད་རུང་།།
རྟ་འདོ་བའི་རྒྱུག་ལམ་གཅིག་ཡིན།།
ཁ་གཏམ་ཚིག་བཤད་ས་བརྒྱ་ཡོད་རུང་།།
ཚིག་ཞེ་གཏམ་བཤད་ས་གཅིག་ཡིན།།
༥༨འབྲོང་བྲེ་སེར་སྐྱེ་བ་མི་ལེན།།
འབྲོང་བྲེ་སེར་སྐྱེ་བ་བླངས་ན།།
འབྲོང་འཁྱགས་ཀྱིས་ཁོགས་ནི་དཔེ་མེད།།
ཉ་གསེར་མིག་སྐྱེ་བ་མི་ལེན།།
ཉ་གསེར་མིག་སྐྱེ་བ་བླངས་ན།།
ཉ་དར་ལ་འབྱར་ནི་དཔེ་མེད།།
ང་རོགས་མང་ཁྱུ་ལ་མི་རྩེ།།
ང་རོགས་མང་ཁྱུ་ལ་རྩེས་ན།།
ངའི་ཚིག་གཏིང་ལོན་ནི་དཔེ་མེད།།
༥༩གཞུ་ཤ་རྭ་དཀར་བོའི་དོ་ལ།།
འབྲོང་རྭ་སྨུག་པོའི་འཆང་ཞོག་དང་།།
གཞུ་སེང་རྒྱུན་ཕྲ་མོའི་ཁ་སྟོད་དང་།།
གཞུ་འགུགས་གི་རྩ་བ་དེ་ཡིན།།
མདའ་ཉག་ཕྲན་སྨུག་གི་རྩེ་ལ།།
བྱ་ཐང་དཀར་རྒོད་ཀྱི་སྒྲོ་སྟོད་དང་།།
སྨད་རྒྱ་ནག་མཚལ་གྱི་ཐིག་རྒྱོབ་དང་།།
མདའ་དྲང་གི་རྩ་བ་དེ་ཡིན།།
ཆུང་དུས་རྩེ་རོགས་ཡིད་ལ།།
ཁ་ནས་ཕྲ་མོའི་ངག་ཁུགས་དང་།།
ཡིད་ཀྱིས་དོན་གཏམ་ཚིག་ཤོད་དང་།།
ཞེ་མཐུན་པའི་རྩ་བ་དེ་ཡིན།།
༦༠ཆུ་དྭངས་མོ་ཆུ་དཀར་ཐང་ན་སྣང་།།
བཅུ་མི་ཉན་ཆུ་འབུ་གཏིང་ན་སྣང་།།
ཁྱོས་གསོམ་དཀར་ཐོམ་བུ་ངར་གཡོར་དང་།།
ཆུ་དྭངས་མོ་མགོ་ནས་མ་སྙོགས་ན།།
ངས་གཏིང་ནས་བསྐྱུར་ལ་ཁ་ནས་བཅུ།།
ཤིང་དྲང་མོ་ཙན་དན་ནགས་ན་སྣང་།།
གཅོད་མི་ཉན་ཀླུ་བཙན་རྩ་ན་སྣང་།།
ཁྱོས་རྣོ་ཆེན་སྟ་རེ་ངར་གཡོར་དང་།།
ཤིང་ཡལ་གའི་རྩེ་མོ་མ་ལྡེམ་ན།།
ངས་རྩ་ནས་བསྐྱུར་ལ་རྩེ་ནས་གཅོད།།
རོགས་མཐུན་གྲོང་ཆུང་སྡེ་ན་སྣང་།།
རྩེ་མི་ཉན་བཟའ་ཚང་གཡས་ན་སྣང་།།
ཁྱོས་ནང་གཏམ་ཚིག་གསུམ་ངར་ཤོད་དང་།།
རོགས་འུ་གཉིས་ཁ་སེམས་མཐུན་སོང་ན།།
ངས་ཡུལ་ནས་བསྐྱུར་ལ་རི་ནས་རྩེ།།
རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི