ལ་གཞས་མཐུན་པ་དྲུག་སྐོར་ལས། འགྲོག་པའི་སྐོར།༣
༣༡ཡར་གྱི་ཡུལ་ལ་ཡར་ལྟོས་དང་།།
ཡར་ཀན་ན་རྫ་ཆེན་རྫ་བདུན་སྣང་།།
དེའི་མཇུག་ན་འབྲི་མོ་ཆ་བདུན་སྣང་།།
བཞོ་ཤེས་ན་ནུ་ལག་གང་བདེ་རེད།།
ཕར་ནང་ཕར་ལ་ཕར་ལྟོས་དང་།།
ཕར་ཀན་ན་ཐང་ཆེན་ཐང་བདུན་སྣང་།།
དེའི་མཇུག་ན་འདོ་བ་ཆ་བདུན་སྣང་།།
རྒྱུག་ཤེས་ན་གོམ་ལག་གང་བདེ་རེད།།
མར་ནང་མར་ལ་མར་ལྟོས་དང་།།
མར་ཀན་ན་ཚོ་ཆེན་ཚོ་བདུན་སྣང་།།
དེའི་མཇུག་ན་རོགས་ལོ་ཆ་བདུན་སྣང་།།
རྩེ་ཤེས་ན་སྣང་བ་གང་མཐུན་རེད།།
༣༢འདི་བྱང་གི་རྟ་བརྒྱ་གཤར་ནས་ཐལ།།
འདི་གོམ་ཆེན་འདོ་བ་ལུས་སོང་ཟིག།
འདི་ལུས་ནི་མ་རེད་བསྡད་ནི་རེད།།
ཁ་དཀར་རྐྱང་ལ་སྒུག་ནི་རེད།།
འདི་དགུང་གི་སྐར་བརྒྱ་གཤར་ནས་ཐལ།།
འདི་སྐར་ཆེན་ཁྲ་མོ་ལུས་སོང་ཟིག།
འདི་ལུས་ནི་མ་རེད་བསྡད་ནི་རེད།།
འཛམ་གླིང་ཉི་མར་སྒུག་ནི་རེད།།
འདི་གྲོང་གི་རོགས་བརྒྱ་གཤར་ནས་ཐལ།།
འདི་ཕ་བཟང་དགའ་ལོ་ལུས་སོང་ཟིག།
འདི་ལུས་ནི་མ་རེད་བསྡད་ནི་རེད།།
ཆུང་འདྲིས་རོགས་ལ་སྒུག་ནི་རེད།།
༣༣ཐང་དཀར་བྱ་དང་ངེད་གཉིས་ཀ།
སྟོད་ཀྱི་ཕྱོགས་ནས་ཡོང་ནི་ཡིན།།
བྲག་དཀར་བོ་བསམ་ནས་ཡོང་ནི་རེད།།
ཁྱོད་བྲག་དཀར་བྱ་བརྒྱས་བསྐོར་ཡོད་ན།།
ང་ཡ་གའི་རི་བོའི་རྩེ་ལ་འབབ།།
འདོ་བ་རྟ་དང་ངེད་གཉིས་ཀ།
སྟོད་ཀྱི་ཕྱོགས་ནས་ཡོང་ནི་ཡིན།།
ས་བྱང་ལམ་བསམ་ནས་ཡོང་ནི་རེད།།
ཁྱོད་བྱང་ལམ་རྟ་བརྒྱས་བསྐོར་ཡོད་ན།།
ང་ཕ་གའི་བྱང་ལམ་ཐད་ལ་བསྐྱོད།།
དགའ་ལོ་སྤུན་དང་ངེད་གཉིས་ཀ།
སྟོད་ཀྱི་ཕྱོགས་ནས་ཡོང་ནི་ཡིན།།
རོགས་མ་ལོ་བསམ་ནས་ཡོང་ནི་རེད།།
ཁྱོད་མ་ལོ་རོགས་བརྒྱས་བསྐོར་ཡོད་ན།།
ང་མ་གའི་སྡེ་བརྒྱད་གྲོང་ལ་རྩེ།།
༣༤རི་ཆུང་ཆུང་བུམ་པ་འདྲ་བོ།།
རྒོད་ཐང་དཀར་བབ་ན་ཨེ་ཆོག།
ཐང་ཆུང་ཆུང་གཡུ་གཞོང་འདྲ་བོ།།
རྟ་འདོ་བ་འཚོས་ན་ཨེ་ཆོག།
རོགས་ཆུང་ཆུང་མེ་ཏོག་འདྲ་བོ།།
ཕོ་ངེད་ཚོ་རྩེ་ན་ཨེ་ཆོག།
༣༥དགུང་ཉི་མ་གསེར་གྱི་རྣ་རྒྱན་ཅན།།
གསེར་སེར་བོའི་རྣ་རྒྱན་ཡག་ནི་གིས།།
གླིང་འདི་ནས་ཅུང་ཞིག་ཤར་ན་འདོད།།
རྟ་འདོ་བ་གསེར་གྱི་གདོང་སྲབ་ཅན།།
དངུལ་དཀར་བོའི་གདོང་སྲབ་ཡག་ནི་གིས།།
བྱང་འདི་ནས་ཅུང་ཞིག་རྒྱུག་ན་འདོད།།
རོགས་ཆུང་ལོ་ཚིག་གི་སྡེབ་སྦྱོར་ཅན།།
ཚིག་ལ་ལའི་སྡེབ་སྦྱོར་ཡག་ནི་གིས།།
གྲོང་འདི་ནས་ཅུང་ཞིག་རྩེ་ན་འདོད།།
༣༦ཐང་དཀར་བྱ་དང་འུ་གཉིས་ཀ།
བྲག་དཀར་བོའི་རི་ཡི་གཡས་གཡོན་རེད།།
བྱ་འབབ་རྒྱུའི་བསམ་པ་ཁྱོད་ཡོད་ན།། ད
གུང་སྟོད་རྒྱུའི་སྟབས་ཀ་འགྲིག་ཡོད།།
གོམ་ཆེན་རྟ་དང་འུ་གཉིས་ཀ།
ས་བྱང་ལམ་ཐང་གི་གཡས་གཡོན་རེད།།
རྟ་རྒྱུག་རྒྱུའི་བསམ་པ་ཁྱོད་ཡོད་ན།།
རྟ་རྒྱུག་རྒྱུའི་སྟབས་ཀ་འགྲིག་ཡོད།།
རྩེ་རོགས་སྤུན་དང་ངེད་གཉིས་ཀ།
བོད་ཚོ་ཆེན་སྡེ་ཡི་གཡས་གཡོན་རེད།།
རོགས་རྩེ་རྒྱུའི་བསམ་པ་ཁྱོད་ཡོད་ན།།
རོགས་རྩེ་རྒྱུའི་སྟབས་ཀ་འགྲིག་ཡོད།།
༣༧རྒོད་ཐང་དཀར་སྐྱེ་བ་བླངས་བླངས་ལ།།
དགུང་སྔོན་པོ་བརྒྱུད་དེ་སྟོད་ལ་འགྲོ།།
ཡང་ཡང་བྱ་རུ་ཨེ་སྐྱེ་གི།།
ཡང་ཡང་བྱ་རུ་སྐྱེས་བཏང་རུང་།།
བྲག་དཀར་བོའི་དཀྱིལ་ནས་ཨེ་ཐུག་གམ།།
རྟ་འདོ་བའི་སྐྱེ་བ་བླངས་བླངས་ལ།།
ས་བྱང་ལམ་བརྒྱུད་དེ་རྒྱུག་ག་འགྲོ།།
ཡང་ཡང་འདོ་བར་ཨེ་སྐྱེ་གི།།
ཡང་ཡང་འདོ་བར་སྐྱེས་བཏང་རུང་།།
ས་བྱང་ལམ་དཀྱིལ་ནས་ཨེ་ཐུག་གམ།།
རོགས་ངེད་ཚོའི་སྐྱེ་བ་བླངས་བླངས་ལ།།
ས་གྲོང་ཆུང་བརྒྱུད་དེ་རྩེ་ཡ་འགྲོ།།
ཡང་ཡང་མི་རུ་ཨེ་སྐྱེ་གི།
ཡང་ཡང་མི་རུ་སྐྱེས་བཏང་རུང་།།
ས་གྲོང་ཆུང་དཀྱིལ་ནས་ཨེ་ཐུག་གམ།།
༣༧རི་ཆུང་ཆུང་བུམ་པ་འདྲ་བོ།།
བྱ་ཁྱོད་ཚོས་ཆུང་གི་མ་བསམ།།
བྱ་ཁྱོད་ཚོའི་འབབ་རི་ཉན་ན།།
ཐང་ཆུང་ཆུང་མེ་ལོང་འདྲ་བོ།།
རྟ་ཁྱོད་ཚོས་ཆུང་གི་མ་བསམ།།
རྟ་ཁྱོད་ཚོ་རྒྱུག་ས་ཉན་ན།།
རོགས་ཆུང་ཆུང་མེ་ཏོག་འདྲ་བོ།།
རོགས་ཁྱོད་ཚོས་ཆུང་གི་མ་བསམ།།
རོགས་ཁྱོད་ཚོའི་རྩེ་རོགས་ཉན་ན།།
༣༨ཆུ་མགོ་དབུས་གཙང་ཡུལ་ཡིན།།
ཆུ་རྔ་བྱ་ཁྱུང་བྲག་ཡིན།།
ཆུ་བཅུ་འདོད་སེམས་ན་ཡོད་ན།།
ཆུ་བཅུ་བའི་སྟབས་ཀ་འགྲིག་ཡོད།།
རྟ་འདོ་བ་བྱང་ལམ་གཡས་རེད།།
སྒ་སྲབ་རྒྱ་ནག་མཁར་རེད།།
རྟ་རྒྱུག་འདོད་སེམས་ན་ཡོད་ན།།
རྟ་རྒྱུག་གི་སྟབས་ཀ་འགྲིག་ཡོད།།
ང་དགའ་ལོ་སྡེ་ལུང་གཡས་རེད།།
རོགས་ཁྱོད་ཚོ་སྡེ་ལུང་གཡོན་རེད།།
རོགས་རྩེ་འདོད་སེམས་ན་ཡོད་ན།།
རོགས་རྩེ་བའི་སྟབས་ཀ་འགྲིག་ཡོད།།
༣༩རྟ་དཀར་བོ་དུང་དཀར་འདྲ་བོ།།
ཁ་དུང་སྲབ་ཞོག་དང་བློ་རྟ་བྱེད།།
གོས་གསེར་མ་འབྲུག་ཆུང་རི་མོ་ཅན།།
གོས་འདབས་ཀ་ཞོག་དང་འཕྱོར་གོས་བྱེད།།
རོགས་མ་ལོ་མེ་ཏོག་འདྲ་བོ།།
ཁ་ཚིག་གསུམ་ཤོད་དང་རྩེ་རོགས་བྱེད།།
༤༠བྱ་གཤོག་ཆེན་སྙིང་ལ་རྗེ་བོ།།
དགུང་ཨ་སྔོན་བརྒྱུད་དེ་འཕུར་དུས།།
བྲག་དཀར་བོ་མིག་ལ་ཤར་གི།
འབབ་མ་ཐུབ་ཡིད་རེ་སྨྲེང་གི།
རྟ་འདོ་བ་སྙིང་ལ་རྗེ་བོ།།
ས་བྱང་ལམ་བརྒྱུད་དེ་འགྲོ་དུས།།
རྩྭ་བྱི་རུག་མི་ལ་ཤར་གི།
ཟ་མ་ཐུབ་ཡིད་རེ་སྨྲེང་གི།
རོགས་ཆུང་ལོ་སྙིང་ལ་རྗེ་བོ།།
བོད་ཚོ་ཆེན་བརྒྱུད་དེ་འགྲོ་དུས།།
རོགས་ཆུང་ལོ་མིག་ལ་ཤར་གི།
རྩེ་མ་ཐུབ་ཡིད་རེ་སྨྲེང་གི།
༤༡བྱ་ཁུ་བྱུག་ཕྱོགས་ཡོང་མགྲོན་པོ་རེད།།
བྱ་ནེ་ཙོ་ནགས་ཀྱི་གཞི་འཛིན་རེད།།
ནགས་ཙན་དན་གཡུ་ལོ་རྒྱས་དུས་སུ།།
བྱ་འུ་གཉིས་ཡོང་ས་མི་གཅིག་རུང་།།
སྐད་གསུང་སྙན་ནགས་ནས་མཉམ་གྲག་བྱེད།།
མཛོ་ཁྱུང་དཀར་ཕྱོགས་ཡོང་མགྲོན་པོ་རེད།།
འབྲི་ཐུལ་མ་རྫ་རིའི་གཞི་འཛིན་རེད།།
ཟླ་དྲུག་པའི་རྩི་ཏོག་རྒྱས་དུས་སུ།།
མཛོ་འུ་གཉིས་ཡོང་ས་མི་གཅིག་རུང་།།
རྫ་གཅིག་ནས་རྩི་མགོ་མཉམ་ཟ་བྱེད།།
རོགས་ངེད་ཚོ་ཕྱོགས་ཡོང་མགྲོན་པོ་རེད།།
མ་ཁྱོད་ཚོ་སྡེ་ཆེན་གཞི་འཛིན་རེད།།
བོད་ཚོ་ཆེན་རོགས་བརྒྱ་འདུས་དུས་སུ།
།རོགས་འུ་གཉིས་ཡོང་ས་མི་གཅིག་རུང་།།
སྡེ་གཅིག་ནས་ཚིག་གསུམ་བཤད་ལ་རྩེ།།
༤༢སྟོད་ལྷ་ཁང་གསེར་ཁང་ནང་ན།།
གསེར་སྒོ་རེ་ལ་ཤེལ་སྒོ་རེ།།
ཕྱི་ཡིག་ཆུང་སྔགས་ཀྱི་ལཉྫ་རེད།།
མགོས་ཕྱག་གསུམ་འཚལ་ཏེ་མཇལ་སྙམ་ཡོད།།
སྨད་རྒྱ་ནག་ཚོང་སྡེ་བར་མ་ནས།།
གོས་གསེར་མ་རེ་ལ་འབྲུག་མ་རེ།།
ཕྱི་འབྲུག་ཆུང་རི་མོ་རང་བབས་རེད།།
གསེར་སེར་བོ་བྱིན་ནས་ཉོ་སྙམ་ཡོད།།
ཤེལ་དཀར་གྲོང་ཆུང་བར་མ་ན།།
རོགས་ཆ་ཡོད་རེ་ལ་ཆ་མེད་རེ།།
ཁྱོད་ཆ་ཡོད་རོགས་ཀྱིས་རྩེ་འགོ་ཁྲིད།།
ཞེ་མཐུན་པའི་ཚིག་གསུམ་བཤད་སྙམ་ཡོད།།
༤༣བྱ་ཁུ་བྱུག་ཕྱོགས་ཡོང་མགྲོན་པོ་རེད།།
བྱེའུ་འཇོལ་མོ་ནགས་ཀྱི་གཞི་འཛིན་རེད།།
ནགས་ཡར་ནང་སྐྱིད་ལ་མར་ནང་སྐྱིད།།
ཤིང་དྲང་མོ་ཞིག་ལ་འབབ་རྒྱུ་ཡིན།།
ནགས་སྐྱིད་ས་ཞིག་ནས་གྲག་རྒྱུ་ཡིན།།
རྟ་འདོ་བ་ཕྱོགས་ཡོང་མགྲོན་པོ་རེད།།
རྩྭ་བྱི་རུག་བྱང་གི་གཞི་འཛིན་རེད།།
བྱང་ཡར་ནང་བདེ་ལ་མར་ནང་བདེ།།
བྱང་བདེ་མོ་ཞིག་ནས་བརྒྱུག་རྒྱུ་ཡིན།།
རྩྭ་མོད་ས་ཞིག་ནས་འདུག་རྒྱུ་ཡིན།།
ང་དགའ་ལོ་ཕྱོགས་ཡོང་མགྲོན་པོ་རེད།།
ཁྱོད་མ་ལོ་སྡེ་ཡི་གཞི་འཛིན་རེད།།
སྡེ་ཡར་ནང་སྐྱིད་ལ་མར་ནང་སྐྱིད།།
རོགས་ཞེ་མཐུན་ཞིག་ལ་རྩེ་རྒྱུ་ཡིན།།
ས་སྐྱིད་ས་ཞིག་ནས་འདུག་རྒྱུ་ཡིན།།
༤༤དགུང་ཨ་སྔོན་ལྕགས་ཟྭ་གྲུ་བཞི་རེད།།
འབྲུག་ཕོ་ཆུང་ལྕགས་ལོང་སྒྲིམ་མ་རེད།།
ཁྱོས་ལྕགས་ཟྭ་གྲུ་བཞི་འབྱེད་རྒྱུ་ན།།
ལྕགས་ལོང་སྒྲིམ་མ་འགྲོལ་རྒྱུ་ན།།
ལྡེ་མིག་དཀར་བོ་སྤྲིན་ལ་སྐུར།།
ལྕགས་ཟྭ་གྲུ་བཞི་འབྱེད་ལ་བཏང་།།
ལྕགས་ལོང་སྒྲིམ་མ་འགྲོལ་ལ་བཏང་།།
ཡིད་སྨོན་པའི་ཆར་རེ་འབབ་བ་བཏང་།།
ཕར་བྱང་ལམ་ལྕགས་ཟྭ་གྲུ་བཞི་རེད།།
འདོ་བ་ལྕགས་ལོང་སྒྲིམ་མ་རེད།།
ཁྱོས་ལྕགས་ལོང་སྒྲིམ་མ་འགྲོལ་རྒྱུ་ན།།
ལྡེ་མིག་ཕྲ་མོ་ལྕག་ལ་སྐུར།།
ལྕགས་ཟྭ་གྲུ་བཞི་འབྱེད་ལ་བཏང་།།
ལྕགས་ལོང་སྒྲིམ་མ་འགྲོལ་བ་བཏང་།།
ཡིད་སྨོན་པའི་རྟ་རེ་བརྒྱུག་ག་བཏང་།།
བོད་ཚོ་ཆེན་ལྕགས་ཟྭ་གྲུ་བཞི་རེད།།
རོགས་ཆུང་ལོ་ལྕགས་ལོང་སྒྲིམ་མ་རེད།།
ཁྱོས་ལྕགས་ཟྭ་གྲུ་བཞི་འབྱེད་རྒྱུ་ན།།
ལྕགས་ལོང་སྒྲིམ་མ་འགྲོལ་རྒྱུ་ན།།
ལྡེ་མིག་སྙན་མོ་ངག་ལ་སྐུར།།
ལྕགས་ཟྭ་གྲུ་བཞི་འབྱེད་ལ་བཏང་།།
ལྕགས་ལོང་སྒྲིམ་མ་འགྲོལ་ལ་བཏང་།།
ཁ་བགད་ནས་ཚིག་གསུམ་བཤད་ལ་རྩེ།།
༤༥གསེར་སེར་བོས་བརྡུངས་པའི་ཨ་བཞིའི་མཁར།།
དུང་དཀར་བོས་བརྡུངས་པའི་གྲུ་བཞིའི་མཁར།།
ཨ་བཞི་གྲུ་བཞིའི་མཁར་ནང་ན།།
མཇལ་མ་མྱོང་སངས་རྒྱས་སྟོང་སྐུ་སྣང་།།
མཇལ་ཐུབ་ན་ད་ཐེངས་མཇལ་ལ་འགྲོ།།
མཇལ་མ་ཐུབ་ཕྱག་གསུམ་འཚལ་ལ་འགྲོ།།
ལྕགས་སྔོན་མོས་བརྡུངས་པའི་ཨ་བཞིའི་མཁར།།
དངུལ་དཀར་བོས་བརྡུངས་པའི་ཡང་བཞིའི་མཁར།།
ཨ་བཞི་ཡང་བཞིའི་མཁར་ནང་ན།།
གོན་མ་མྱོང་གོས་ཆེན་གསེར་མ་སྣང་།།
གོན་ཐུབ་ན་ད་ཐེངས་གོན་ན་འགྲོ།།
གོན་མ་ཐུབ་གོང་བཤེར་རྒྱག་ག་འགྲོ།།
གཡུ་བྱི་རུས་བརྡུངས་པའི་ཨ་བཞིའི་མཁར།།
ཚོན་དམར་བོས་བརྡུངས་པའི་ཡང་བཞིའི་མཁར།།
ཨ་བཞི་ཡང་བཞིའི་མཁར་ནང་ན།།
རྩེ་མ་མྱོང་ཆུང་འདྲིས་རོགས་ལོ་སྣང་།།
རྩེ་ཐུབ་ན་ད་ཐེངས་རྩེ་ཡ་འགྲོ།།
རྩེ་མ་ཐུབ་ཚིག་གསུམ་བཤད་ལ་འགྲོ།།
རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི