རི་བོང་གི་གཏམ་རྒྱུད།

    དང་བོ་ས་ཆ་ཞིག་ན།རི་བོང་མ་བུ་ཞིག་དང་དྲེད་མོང་མ་བུ་ཞིག་ཁྱིམ་མཚེས་བྱས་ཏེ་བསྡད་ཡོད། དྲེད་མོང་གིས་རི་བོང་ལ་བརྙས་བཅོས་ཏག་ཏག་བྱེད་བཞིན་ཡོད། ཉིན་ཞིག་རི་བོང་དང་དྲེད་མོང་གཉིས་གྲོ་མ་བརྐོ་རུ་སོང་། རི་བོང་གིས་ཨ་མ་དྲེད་མོང་ལགས། ངས་གྲོ་མ་རྟ་མགོ་འདྲ་བ་ཞིག་རྙེད་བྱུང་ཞེས་བཤད་པ་ན། དྲེད་མོང་གིས་དེ་ང་ལ་མི་སྟེར་ན་འཆའ་རྒྱུ་ཡིན་ཞེས་པས་རི་བོང་གིས་བྱིན་སོང་། ཡང་རི་བོང་གིས་ཨ་མ་དྲེད་མོང་ལགས། ངའི་གྲོ་མ་ནོར་མགོ་འདྲ་བ་ཞིག་རྙེད་སོང་ཅེས་པ་བཤད་ན། དྲེད་མོང་གིས་དེ་ང་ལ་མི་སྟེར་ན་འཆའ་རྒྱུ་ཡིན་ཟེར་བས་རི་བོང་གིས་བྱིན་སོང་། དེ་ནས་ཡང་རི་བོང་གིས་གྲོ་མ་ནོར་མགོ་འདྲ་བ་ཞིག་རྙེད་པ་ན་སྔར་གྱི་དེ་བཞིན་བཤད་པས་དྲེད་མོང་ལ་མི་སྟེར་ཀ་མེད་བྱུང་། དེ་ནས་ཡང་རི་བོང་གིས་གྲོ་མ་རྟ་མགོ་འདྲ་བ་ཞིག་རྙེད་དེ་དྲེད་མོང་ལ་བཤད་པས་དྲེད་མོང་གིས་སྔར་ལྟར་མི་སྟེར་ན་འཆའ་རྒྱུ་ཡིན་ཟེར། རི་བོང་གིས་དེ་ངས་རང་གི་རིག་ཕྲུག་ལ་འཁྱེར་དགོས་ཅེས་བཤད་པ་ན་དྲེད་མོང་གིས་རི་བོང་བསད་སོང་།
   དྲེད་མོང་ཕྱིར་རང་ཁྱིམ་དུ་ཐོན་མ་ཐག  རིག་ཕྲུག་གིས་ངའི་ཨ་མ་གང་དུ་ཡོང་བཞིན་འདུག་ཅེས་དྲིས། དྲེད་མོང་གིས་ཁྱོད་ཀྱིས་མེ་ཁ་གསོས་ནས་སྡོད་དང་། ཁྱོད་ཀྱི་ཨ་མས་ས་གྲོ་གི་གྲོ་ལུང་གོང་མ་ན་གྲོ་མ་རྟ་མགོ་འདྲ་བ་མ་ཆགས་པར་ཡོང་བཞིན་འདུག་ཅེས་ལན་བཏབས། དེ་ནས་རིག་ཕྲུག་གིས་མེ་ཁ་གསོས་ཏེ་དུས་ཡུན་རིང་བོར་བསྒུགས་ཀྱང་ཨ་མ་ཐོན་རྒྱུ་མེད་པས་སྔར་བཞིན་དྲེད་མོང་ལ་དྲིས་པ་ན། དྲེད་མོང་གིས་ཁྱོད་ཀྱིས་མེ་ཐབ་ལ་སྣོན་ནས་སྡོད་དང་། ཁྱོད་ཀྱི་ཨ་མ་ས་གྲོ་གི་གྲོ་ལུང་བར་མ་ན་གྲོ་མ་ནོར་མགོ་འདྲ་བ་མ་ཆགས་པར་ཡོང་བཞིན་འདུག་ཅེས་ལན་བཏབས། རིག་ཕྲུག་གིས་ད་དུང་མེ་ཐབ་ལ་བསྣན་ནས་ཡུན་རིང་བསྒུགས་ཀྱང་ཨ་མ་ཡོང་རྒྱུ་མ་བྱུང་བས་ཡང་སྔར་བཞིན་དྲེད་མོང་ལ་དྲིས། དྲེད་མོང་གིས་ཁྱོད་ཀྱིས་མེ་ཐབ་ལ་སྣོན་ནས་སྡོད་དང་། ཁྱོད་ཀྱི་ཨ་མས་ས་གྲོ་གི་གྲོ་ལུང་ཞོལ་མ་ན་གྲོ་མ་ལུག་མགོ་འདྲ་བ་མ་ཆགས་པར་ཡོང་བཞིན་འདུག་ཟེར། རིག་ཕྲུག་གིས་སྔར་བཞིན་ཡུན་རིང་བསྒུགས་ཀྱང་ཨ་མ་ཡོང་རྒྱུ་མ་བྱུང་བས་སེམས་ལ་དོགས་པ་སྐྱེས་ཏེ་དྲེད་མོང་ཚང་ལ་རྣ་ཉན་བྱེད་དུ་སོང་། དྲེད་མོང་གིས་དྲེད་ཕྲུག་ལ་འདི་རི་བོང་ཨ་མའི་མགོ་བོ་ཡིན། རིག་ཕྲུག་ལ་མ་སྟོན་རང་གིས་ཟོ། འདི་རི་བོང་ཨ་མའི་རྐང་ཡའི་ཡིན། རིག་ཕྲུག་ལ་མ་སྟོན་རང་གིས་ཟོ། འདི་རི་བོང་ཨ་མའི་ལག་ཡའི་ཡིན། རིག་ཕྲུག་ལ་མ་སྟོན་རང་གིས་ཟོ་ཟེར་བ་ཐོས་ནས། སྔུག་བསྔལ་དྲག་པོ་སྐྱེས་ཤིང་ཕྱིར་ཁྱིམ་དུ་ལོག་ནས་ངུ་བཤུམ་བྱས་ཏེ་བསྡད།
    ཕྱི་ཉིན་དྲེད་མོང་གྲོ་མ་བརྐོ་རུ་སོང་བས་རིག་ཕྲུག་གིས་ཐབས་བཀོལ་ཞིག་རྙེད་དེ་དྲེད་ཕྲུག་གི་སར་ཕྱིན། དྲེད་ཕྲུག་ལ་ངེད་གཉིས་རྩེ་རུ་འགྲོ་ཞེས་བཤད་པ་ན། དྲེད་ཕྲུག་གིས་ཨ་མས་ང་རྩེ་རུ་མ་འགྲོ་ཟེར་གི་ཞེས་རྩེ་རུ་མ་སོང་། རིག་ཕྲུག་གིས་ངེད་གཉིས་ཀྱིས་རྡོ་བ་འཕེན་རེས་བྱས་ཏེ་བརྩིས་ན་ཅི་འདྲ་རེད་ཞེས་བཤད། རིག་ཕྲུག་གིས་དེ་ང་ཨ་མས་མ་རྩེ་ཟེར་གི་ཟེར། རིག་ཕྲུག་གིས་དེས་ན་ངེད་གཉིས་ཁབ་རྩེ་བྱེད་དམ་ཞེས་དྲིས། དྲེད་ཕྲུག་གིས་དེ་ང་ཨ་མས་མ་རྩེ་ཟེར་གི་ཟེར། དེ་ནས་རིག་ཕྲུག་གིས་ངེད་གཉིས་ཀྱིས་འབིག་རྩེ་བྱེད་དམ་ཞེས་བཤད་ཀྱང་དྲེད་ཕྲུག་གིས་སྔར་བཞིན་ཨ་མས་དེ་ལྟར་མ་རྩེ་ཟེར་ཞེས་བཤད་བྱུང་། ཡང་རི་བོང་གིས་ངེད་གཉིས་ཀྱིས་ལག་སྐོར་ངོས་ཀྱི་རྩམ་པ་བལྡག་སྟེ་བརྩིས་ན་ཆོག་གམ་ཞེས་བཤད་པ་ན། དྲེད་ཕྲུག་གིས་དེ་ང་ཨ་མས་མ་རྩེ་མི་ཟེར་གི་ཞེས་ཁས་བླངས།
    དྲེད་ཕྲུག་གིས་ལག་སྐོར་ཡར་བཀྱག་སྟེ་རིག་ཕྲུག་ལྕེ་བལྡག་འགའ་བྱས་རྗེས་ཧ་ལས་པའི་ཚུལ་གྱིས་དངོས་གནས་ཞིམ་པོ་འདུག ད་ཁྱོད་ཀྱིས་ལྡོགས་ཅེས་རང་ཉིད་ཀྱིས་ལག་སྐོར་གྱི་ཡ་མགོ་ཡར་ལག་ལ་བླངས། དྲེད་ཕྲུག་གིས་ལྡག་བཞིན་པའི་སྐབས་སུ་རིག་ཕྲུག་གིས་ལག་སྐོར་གྱི་ཡ་མགོ་ལག་ཏུ་གློད་པས་དྲེད་ཕྲུག་འོག་ཏུ་གཅིར་ཏེ་བསད། ཕྱི་དྲོ་དྲེད་ཕྲུག་གི་ཨ་མ་ཐོན་ཁར་རིག་ཕྲུག་ཟངས་པ་ཁ་སྦུབས་ཀྱི་འོག་ཏུ་འཛུལ་ཏེ་སྦས་ནས་བསྡད། དྲེད་མོང་ཡུལ་དུ་ཐོན་མ་ཐག་རང་ཉིད་ཀྱི་ཕྲུ་གུ་བསད་པ་མཐོང་ནས། རིག་ཕྲུག་ཚང་དུ་རི་བོང་ཡར་འཚོལ་མར་འཚོལ་བྱས་ཀྱང་རྙེད་ཐབས་མ་བྱུང་བས་ཐང་ཆད་དེ་ཟངས་པའི་སྟེང་དུ་བཙོག་པུར་བསྡད་རྗེས། རུལ་ཐུལ་འགའ་བཏང་བ་ན། རིག་ཕྲུག་འདུག་མ་བཟོད་པར་གད་མོ་ཤོར། དྲེད་མོང་གིས་རི་བོང་ཟངས་པའི་འོག་ཏུ་ཡོད་པ་ཚོར་ནས་ཟངས་པ་ཡར་བླངས་མ་རིག་ཕྲུག་དེ་མ་ཐག་ཏུ་བྲོས་སོང་།
     རིག་ཕྲུག་དེ་འབྲོས་ཀྱིན་འབྲོས་ཀྱིན་ཕྱིར་མིག་ཅིག་བལྟས་པ་ན། དྲེད་མོང་གིས་རྗེས་དེད་ནས་ཡོང་བ་མཐོང་ནས་མུ་མཐུད་བྲོས། དེ་ནས་ལུག་རྫི་ཞིག་ལ་འཕྲད། རི་བོང་གིས་ཨ་ཁུ་ལུག་རྫི་ལགས། ང་ཕ་ཞིག་ཡོད་པ་གླག་གིས་བསད་ཐལ། ང་མ་ཞིག་ཡོད་པ་དྲེད་ཀྱིས་བསད་ཐལ། དྲེད་ཕྲུག་རྒྱ་རག་རང་གིས་བསད་ལ། དྲེད་མོང་རྗེས་ནས་ཐོན་ནི་ཐོན་ནི་རེད། ང་སྦེད་ས་ཡོད་ན་སྦེད་རན་རེད། ང་སྐུང་ས་ཡོད་བསྐུང་རན་རེད་ཅེས་བཤད། ལུག་རྫིས་སོང་ནས་ངའི་ལུག་གི་ཁ་ཕྱིར་བསྐོར་རྗེས་ལུག་ཅིག་གི་བལ་འོག་ཏུ་སྦས་ནས་སྡོད་ཟེར། རིག་ཕྲུག་གིས་ལུག་ཁ་ཕྱིར་བསྐོར་རྗེས་ལུག་ཅིག་གི་བལ་འོག་ཏུ་སྦས་ནས་བསྡད། དྲེད་མོང་ཐོན་ཏེ་ལུག་རྫི་ལ་རྣ་ཅོར་ཅོར(རྣ་རིང་བོ་ཡར་རྩེང་བ)ཅན་ཞིག སུག་ཐུ་ཐུང་ཐུང་ཅན་ཞིག་མ་མཐོང་ངམ། མཐོང་ན་མཐོང་ཞེས་ཤོད། མ་མཐོང་ན་མ་མཐོང་ཞེས་ཤོད། དྲང་མོར་མི་བཤད་ན་འཆའ་རྒྱུ་ཡིན་ཟེར་བས། མཐོང་སོང་མཐོང་སོང་། རི་བོང་རི་བོང་ཕྲིས་ཕྲིས་ཞེས་བཤད་པས། རིག་ཕྲུག་ཀྱང་མུ་མཐུད་དུ་བྲོས། དེ་ནས་ནོར་རྫི་ཞིག་ལ་འཕྲད། རིག་ཕྲུག་གིས་ནོར་རྫི་ལ། ང་ཕ་ཞིག་ཡོད་པ་གླག་གིས་བསད་ཐལ། མ་ཞིག་ཡོད་པ་དྲེད་ཀྱིས་བསད་ཐལ། དྲེད་ཕྲུག་རྒྱ་རག་རང་གིས་བསད་ལ། དྲེད་མོང་རྗེས་ནས་ཐོན་ནི་ཐོན་ནི་རེད། ང་སྦེད་ས་ཡོད་ན་སྦེད་རན་རེད། ང་སྐུང་ས་ཡོད་བསྐུང་རན་རེད་ཅེས་བཤད། ནོར་རྫིས་ངའི་ནོར་དེ་ཚོའི་ཁ་ཕྱིར་བསྐོར་རྗེས་ནོར་ཞིག་རྩིད་པུའི་གསེང་དུ་སྦས་ནས་སྡོད་ཟེར་བས་རིག་ཕྲུག་གིས་ནོར་གྱི་ཁ་ཕྱིར་བསྐོར་རྗེས་ནོར་ཞིག་གི་རྩིད་འོག་ཏུ་སྦས་ནས་བསྡད། དྲེད་མོང་ཐོན་ནས་ཨ་རོ་ནོར་རྫི། རྣ་ཅོར་ཅོར་ཅན་ཞིག སུག་ཐུ་ཐུང་ཐུང་ཅན་ཞིག་མ་མཐོང་ངམ། མཐོང་ན་མཐོང་ཞེས་ཤོད། མ་མཐོང་ན་མ་མཐོང་ཞེས་ཤོད། དྲང་མོར་མི་བཤད་ན་འཆའ་རྒྱུ་ཡིན་ཟེར་བས། ནོར་རྫིས་མཐོང་སོང་མཐོང་སོང་། རི་བོང་རི་བོང་ཕྲིས་ཕྲིས་ཞེས་བཤད་ཐག་རིག་ཕྲུག་མུ་མཐུད་དུ་བྲོས། དེ་ནས་སོང་སོང་མཐར་རྟ་རྫི་ཞིག་ལ་འཕྲད། རིག་ཕྲུག་གིས་རྟ་རྫིར་ང་མ་ཞིག་ཡོད་པ་དྲེད་ཀྱིས་བསད་ཐལ། དྲེད་ཕྲུག་རྒྱ་རག་ང་ཡིས་བསད་ལ། དྲེད་མོང་རྗེས་ནས་ཐོན་ནི་ཐོན་རེད། ང་སྦེད་ས་ཡོད་ན་སྦེད་རན་རེད། ང་སྐུང་ས་ཡོད་ན་བསྐུང་རན་རེད་ཅེས་བཤད། རྟ་རྫིས་ངའི་རྟ་ཁྱུའི་ཁ་བསྐོར་རྗེས་རྟ་ཞིག་གི་རྔོག་མའི་ནང་དུ་སྦས་ནས་སྡོད་ཟེར་བས་རིག་ཕྲུག་གིས་རྟ་ཁྱུས་ཁ་ཕྱིར་བསྐོར་རྗེས་རྟ་ཞིག་གི་རྔོག་མའི་ནང་དུ་སྦས་ནས་བསྡད། དྲེད་མོང་ཐོན་ནས་ཨ་རོ་རྟ་རྫི། རྣ་ཅོར་ཅོར་ཅན་ཞིག སུག་ཐུ་ཐུང་ཐུང་ཅན་ཞི་མ་མཐོང་ངམ།  མཐོང་ན་མཐོང་ཞེས་ཤོད། མ་མཐོང་ན་མ་མཐོང་ཞེས་ཤོད། དྲང་མོར་མི་བཤད་ན་འཆའ་རྒྱུ་ཡིན་ཟེར་བས། རྟ་རྫིས་མཐོང་སོང་མཐོང་སོང་། རི་བོང་རི་བོང་ཕྲིས་ཕྲིས་ཞེས་པ་ན། རིག་ཕྲུག་མུ་མཐུང་དུ་བྲོས། དེ་ནས་རིག་འབྲོང་ཞིག་ལ་འཕྲད། ཨ་ཁུ་འབྲོང་འབྲོང་། ང་ཕ་ཞིག་ཡོད་པ་གླག་གིས་བསད་ཐལ། ང་མ་ཞིག་ཡོད་པ་དྲེད་ཀྱིས་བསད་ཐལ། དྲེད་ཕྲུག་རྒྱ་རག་རང་གིས་བསད་ལ། དྲེད་མོང་རྗེས་ན་ཐོན་ནི་རེད། ང་སྦེད་ས་ཡོད་ན་སྦེད་རན་རེད། ང་སྐུང་ས་ཡོད་ན་བསྐུང་རན་རེད་ཅེས་བཤད་པས། འབྲོང་གིས་ངའི་སྣ་ནང་དུ་འཛུལ་ཏེ་ཁྲག་ཟབ་ས་ནས་ཁྲག་ཐུངས་ལ། ཤ་མཐུག་ནས་ཤ་ཟོ། འོན་ཀྱང་སྙག་མར་(སྙིང)སོ་མ་འདེབས་ཟེར་བས་རིག་ཕྲུག་འབྲོང་གི་སྣ་ནང་དུ་འཛུལ་ཏེ་ཤ་མཐུག་ས་ནས་ཤ་ཟོས། ཁྲག་ཟབ་ནས་ཁྲག་འཐུང་སྟེ་བསྡད། དྲེད་མོང་གིས་ཀྱང་རྗེས་དེད་དེ་ཐོན་མ་ཐག་འབྲོང་ལ་རྣ་ཅོར་ཅོར་ཅན་ཞིག སུག་ཐུ་ཐུང་ཐུང་ཅན་ཞིག་མ་མཐོང་ངམ། མཐོང་ན་མཐོང་ཞེས་ཤོད། མ་མཐོང་ན་མ་མཐོང་ཞེས་ཤོད། དྲང་མོར་མི་བཤད་ན་འཆའ་རྒྱུ་ཡིན་ཟེར་བས། འབྲོང་གིས་མཐོང་ཞེས་བཤད་ན་ཅི་ཞིག་བྱེད། མ་མཐོང་ཞེས་ན་ཅི་ཞིག་བྱེད་ཅེས་བཤད་པས། དྲེད་མོང་ཞེ་སྡང་གིས་འབྲོང་གི་སྟེང་དུ་བརྒྱུགས། འབྲོང་གིས་རྡུང་ཐེངས་གཅིག་གིས་རྭ་བར་དུ་བླངས་ཏེ་དྲེད་མོང་བསད།
    འབྲོང་གིས་རིག་ལུ་སྒོར་བུད། ངས་དྲེད་མོང་བསད་བཞག་ཡོད་ཅེས་བཤད། རིག་ཕྲུག་སྒོར་བུད་པ་ན་དྲེད་རྒན་མ་བསད་ཡོད་པ་མཐོང་ནས། ཨ་ཁུ་འབྲོང་ལགས། ངས་ལྷམ་འབྱོག་ཡ་གཅིག་ཤུལ་དུ་ལུས་སོང་བས་ང་སོང་ནས་ཁྱེར་ཡོང་ན་ཆོག་གམ་ཞེས་དྲིས་པ་ན། འབྲོང་གིས་སོང་ནས་མྱུར་དུ་ཁྱེར་ཤོག་ཟེར་བས་རིག་ཕྲུག་ཕྱིར་སོང་སྟེ་འབྲོང་གི་སྙག་མར་སོ་ཞིག་བཏབས་ཏེ་འབྲོང་བསད། དེ་ནས་རིག་ལུ་སྒོར་བུད་དེ་སོང་བ་ན། ཚོང་བ་ཞིག་ལ་འཕྲད། རིག་ཕྲུག་གིས་ཨ་ཁུ་ཚོང་བ་ལགས། ང་ཕ་ཞིག་ཡོད་པ་གླག་གིས་བསད་ཐལ། ང་མ་ཞིག་ཡོད་པ་དྲེད་ཀྱིས་བསད་ཐལ། དྲེད་ཕྲུག་རྒྱ་རག་རང་གིས་བསད་ལ། ཀླ་སེ་ཀློའུ་སེ་འབྲོང་ཞིག་བསད་ལ། འབྲོང་ཤ་མངར་མོ་ལེན་གི་འགྲོ་འམ། ཞེས་བཤད་པས། ཚོང་བས་འབྲོང་ཤ་ལེན་གི་འགྲོ་དགོས་ཀྱང་ངའི་ཁ་རྒྱབ་ཁྭ་ཏས་བཏོག་འགྲོ་ཟེར་བས། རི་བོང་གིས་སྐྱོན་མེད། ངས་སྲུང་ཞེས་པས། ཚོང་བ་འབྲོང་ཤ་ལེན་པར་ཆས་སོང་། དེ་ནས་རིག་ཕྲུག་ཁྭ་ཏ་ཡོད་སར་ཕྱིན་ཏེ་ཨ་ཁུ་ཁ་ཏ་ལགས། ང་ཕ་ཞིག་ཡོད་པ་གླག་གིས་བསད་ཐལ། ང་མ་ཞིག་ཡོད་པ་དྲེད་ཀྱིས་བསད་ལ། དྲེད་ཕྲུག་རྒྱ་རག་རང་གིས་བསད་ལ། ཀླ་སེ་ཀློའུ་སེ་འབྲོང་ཞིག་བསད་ལ། འབྲོང་ཤ་ལེན་གི་ཚོང་བ་བུད་ཐལ། ཚོང་བའི་ཁ་རྒྱབ་བཏོག་གི་འགྲོ་འམ་ཟེར་བས་ཁྭ་ཏས་འགྲོ་དགོས་ཀྱང་ངའི་ཁྭ་ཕྲུག་འདི་ཚོ་ཅི་ཞིག་བྱེད་དམ་ཞེས་པས། རིག་ཕྲུག་གིས་ངས་སྲུང་ངས་སྲུང་ཞེས་བཤད་པས། ཁྭ་ཏ་ཚོང་བའི་ཁ་རྒྱབ་བཏོག་ཏུ་ཆས་སོང་བས་ཁྭ་ཕྲུག་དག་བསད་རྗེས། མུ་མཐུད་དུ་ལམ་ལ་ཆས་པའི་རྒད་པོ་རྒད་མོ་ལོ་ལོན་གཉིས་ལ་འཕྲད། རི་བོང་གིས་ཨ་ཁུ་ཨ་ཅེ་ལགས། ང་ཕ་ཞིག་ཡོད་པ་གླག་གིས་བསད་ཐལ། ང་མ་ཞིག་ཡོད་པ་དྲེད་ཀྱིས་བསད་ཐལ། དྲེད་ཕྲུག་རྒྱ་རག་རང་གིས་བསད་ལ། ཀླ་སེ་ཀློའུ་སེ་འབྲོང་ཞིག་བསད་ལ། འབྲོང་ཤ་མངར་ལེན་གི་ཚོང་བ་བུད་ཐལ། ཚོང་བའི་ཁ་རྒྱབ་བཏོག་གི་ཁྭ་ཏ་བུད་ཐལ། ཁྭ་ཏའི་ཁྭ་ཕྲུག་བརྐུ་རུ་འགྲོ་འམ་ཟེར་བས་རྒན་རྒོན་གཉིས་འགྲོ་དགོས་ཀྱང་ངེད་གཉིས་ཀྱི་བྱིས་པ་འདི་ཅི་བྱ་ཟེར་བས། རིག་ཕྲུག་གིས་ངས་གཉོར་ངས་གཉོར་ཞེས་བཤད་པས་རྒན་རྒོན་གཉིས་ཁྭ་ཕྲུག་བརྐུ་རུ་ཕྱིན་པས་བྱིས་པ་དེ་བསད་རྗེས་ཤུལ་དུ་ཕུག་རོན་ཞིག་བཞག་སྟེ་བསྡད།
     རྒན་རྒོན་གཉིས་ཕྱིར་སླེབས་ཏེ་བྱིས་པར་ནུ་མ་ཞིག་བལྡུད་དགོས་ཟེར་བཞིན། བྱིས་པའི་ཉལ་ཐུལ་ནས་འཐེན་མ་ཐག་ཕུག་རོན་ཞིག་ནམ་མཁར་འཕུར་སོང་། རྒན་རྒོན་གཉིས་ཀྱིས་བྱིས་པ་བསད་འདུག་པ་ཚོར་ནས། རིག་ཕྲུག་གསོད་དགོས་ཟེར་བས། རིག་ཕྲུག་གིས་ང་གསོད་དགོས་ན། ངའི་ཕ་གསོད་གསོད་བྱེད་དགོས་ཟེར་བས། རྒན་རྒོན་གཉིས་ཀྱིས་ཁས་བླངས། རིག་ཕྲུག་གིས་ངའི་ཕ་གསོད་དུས་རྣ་ཡ་གཅིག་གི་ནང་དུ་ཐལ་གང་བླུགས་པ་དང་ཡ་གཅིག་གི་ནང་དུ་ས་གང་བླུགས་རྗེས། ལག་སྐོར་གྱི་ཡ་མགོ་མ་མགོ་བཟུང་བའི་མི་གཉིས་ཀྱི་བར་འདུག་ཏུ་བཅུག་དང་།དེ་རྗེས་ལག་སྐོར་གྱི་ཡ་མགོ་མ་མགོ་མཉམ་དུ་འཕང་སྟེ་བསད་པ་ཡིན་པས་ངའང་དེ་ལྟར་གསོད་དགོས་ཟེར་བས་རྒན་རྒོན་གཉིས་རིག་ཕྲུག་གི་རྣ་གཉིས་ཀྱི་ནང་དུ་ས་དང་ཐལ་བཏབས་པ་དང་དེ་རྗེས་ལག་སྐོར་ཡ་མགོ་མ་མགོ་ལག་ཏུ་བཟུང་ནས་བར་གྱི་རིག་ཕྲུག་གཅིག་གྲབས་བྱེད་སྐབས་རི་བོང་གིས་དེ་མ་ཐག་མགོ་བོ་གཡུག་གཡུག་འགའ་བྱས་པས། ལོ་ལོན་རྒན་རྒོན་གཉིས་ཀྱི་མིག་ནང་དུ་ཐལ་དང་ས་འཚངས་པས་ལག་སྐོར་གཡུག་པ་ན། གཅིག་གིས་གཅིག་ལ་བརྒྱབ་སྟེ་བསད་པ་དང་རི་བོང་ཡང་ཐར་སོང་།

 རྒྱ་ཆེ་བའི་དྲ་གྲོགས་རྣམས་པ་ལགས།གནའ་སྒྲུང་འདི་ནི་ཁོ་བོ་ཆུང་དུས་སུ་ལོ་ལོན་ཚོས་བཤད་པ་ཡིན་པས།ཡིག་ཐོག་ཏུ་བཀོད་པ་ཡིན།ཁོ་བོར་གཅིག་ནས་ཤེས་ཡོན་གྱིས་དབུལ་བའི་མི་ཞིག་ཡིན་པས།དེ་བས་མི་འདང་ས་བཅོས་ས་ཡོད་ན་མཛུབ་སྟོན་གནང་བར་རེ་བ་ཡང་ནས་ཡང་དུ་ཞུས་པ་ཡིན། ཁོ་བོས་གནའ་སྒྲུང་ངམ་བྱིས་སྒྲུང་འདི་དང་ཆ་འདྲ་བ་མང་བོ་ཞིག་བསྡུས་ཡོད་པས་ཅི་ལྟར་ཡིག་ཐོག་ཏུ་འགོད་པ་ལ་ཕན་ཐོགས་ཆེའོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རི་བོང་གི་གཏམ་རྒྱུད།

2011-04-14 ཐོ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།