བུ་མོ་སྤུན་གསུམ།

  གནའ་སྔ་མོ་སྔ་མོ་མི་ཚང་ཞིག་ལ་ཁྱི་ཞིག་གིས་ཚིལ་ལུ་ཏོག་ཙམ་ཞིག་གཡར་བ་རེད། མི་ཚང་དེས་ཚིལ་ལུའི་རིན་པ་ལེན་པར་ཡོང་གི་རེད་སྙམ་ནས་ཚིལ་ལུ་བེད་སྤྱོད་མ་བྱས་པར་བཞག དེ་ལྟར་ཡུན་རིང་སྒུག་ཀྱང་ཁྱི་དེ་ཡོང་མཁན་མེད་པས་ཁོང་ཚོའི་བསམ་པར་དེ་ཁྱི་དེ་ཡོང་གི་མ་རེད་བསམ་ནས་ཚིལ་ལུ་དེ་བེད་སྤྱོད་བཏང་བ་རེད། ཁོང་ཚོ་ཚིལ་ལུ་བེད་སྤྱོད་བཏང་ཚར་བ་དང་ཁྱི་དེ་ཡོང་ནས་ངའི་ཚིལ་ལུ་སྐྱིན་པ་འཁྱེར་ཤོག་ལབ་པས་རྒན་རྒོན་གཉིས་ཐབས་ཤེས་མེད་པར་གྱུར་ནས་བུ་མོ་གསུམ་ཡོད་པ་ལས་བུ་མོ་རྒན་པ་དེ་ཚིལ་ལུའི་རིན་ཚབ་ལ་ཁྱི་དེའི་མནའ་མར་སྟེར།
  ཁྱི་དེ་རིང་ཉིད་ཀྱི་བསམ་དོན་བསྒྲུབས་སྟབས་དགའ་ནས་བུ་མོ་དེ་འཁྲིད་དེ་ཕྱིན་པས་ཆུ་ཞིག་གི་ཁར་སླེབས། ཁྱི་དེས་བུ་མོར་ཁྱེད་ངའི་སྒལ་པར་བཞོན་ཤོག་ལབ་པས་བུ་མོ་རྒན་པ་དེས་ཁྱོད་ཁྱི་ཡིན་པས་ངས་ལོས་བཞོན་ཟེར་ཞིང་བཞོན་པ་རེད། དེ་ནས་ཁོང་གཉིས་རིམ་བཞིན་ཕྱིན་པས་ཁྱི་དེའི་ཁྱིམ་དུ་སླེབས། ཁྱི་དེས་བུ་མོར་ཁྱེད་སོང་ལ་ཤ་ཞིག་བཙོས། སྤགས་ཤིག་གཡོས་ནས་ཁྱེད་རང་བཟས་ལ་ང་ལའང་སྟེར་རོགས་ཟེར་བས་བུ་མོ་དེས་ཤ་བཙོས་ནས་ཚང་མ་བཟས་རུས་པ་དཀར་རྐྱང་དེ་ཁྱི་དེར་སྟེར་བས་ཁྱི་དེས་སྡུག་རུས་ཀྱིས་བཟས་ནས་བསྡད། དེ་ནས་ཁྱི་དེ་འུ་ཐུག་ཐབས་ཟད་ནས་བུ་མོ་དེ་འཁྲིད་ནས་བུ་མོའི་ནང་ལ་ལོག་ཅིང་ཕ་མ་གཉིས་ལ་ང་ལ་བུ་མོ་རྒན་པ་འདི་མི་དགོས་འབྲིང་བ་དེ་སྟེར་དང་ལབ་པས་ཕ་མ་གཉིས་ཀྱིས་ཀྱང་ཁྱི་དེས་བཤད་པ་ལྟར་བུ་མོ་འབྲིང་བ་དེ་སྟེར། ཁྱི་དེས་ཡང་བུ་མོ་འབྲིང་བ་དེ་འཁྲིད་ནས་ཕྱིན་པས་སྔར་གྱི་ཆུ་དེའི་སར་སླེབས། ཁྱི་དེས། ཁྱེད་ངའི་སྒལ་བར་བཞོན་དང་ལབ་པས་བུ་མོ་འབྲིང་བ་དེས་ཁྱོད་ཁྱི་ཡིན་པས་ལོས་བཞོན་ཟེར་ཞིང་བཞོན། དེ་ནས་ཁྱིམ་དུ་འབྱོར་བ་དང་ཡང་སྔར་བཞིན་སྨྲས་པས་བུ་མོ་འབྲིང་བ་དེས་ཀྱང་བུ་མོ་རྒན་པ་ལྟར་བྱས་པས་ཁྱི་དེ་འུ་ཐུག་ཐབས་ཟད་དེ་བུ་མོ་ཆུང་བ་སློང་བར་ཕྱིན། ཕ་མ་གཉིས་ནས་བུ་མོ་ཆུང་བ་དེ་བློས་མ་བཟོད་བཞིན་དུ་ཁྱི་དེར་སྟེར་དགོས་བྱུང་། ཁྱི་དེས་དགའ་བ་ཚད་མེད་ཀྱིས་བུ་མོ་ཐ་ཆུང་དེ་འཁྲིད་ནས་ཕྱིན་པས་སྔར་གྱི་ཆུ་དེའི་ཁར་འབྱོར། ཁྱི་དེས་བུ་མོར་སྔར་བཞིན་ཁྱེད་ངའི་སྒལ་པར་ཤོག་ཟེར་བས་བུ་མོ་དེས་ང་ག་ཚོད་ཡག་ནའང་བུད་མེད་རེད་ལབ་བཞིན་ལྷམ་གཉིས་པོ་སྐེ་ལ་གྱོན་ནས་རང་གིས་ཆུ་དེ་བརྒལ་བས་ཁྱི་དེའི་བསམ་པར་བུ་མོ་ཐ་ཆུང་འདི་རྒན་པ་གཉིས་ལས་ཡག་པ་འདུག་བསམ། དེ་ནས་ཁོང་གཉིས་རིམ་བཞིན་ཕྱིན་པས་ཁྱི་དེའི་ཁྱིམ་དུ་འབྱོར། ཁྱི་དེས་སྔར་བཞིན་བཤད་པས་བུ་མོས་སྤགས་གཡོས་ཤ་བཙོས། ཁྱི་དེའི་སར་འཁྱེར་ནས་མཉམ་དུ་བཟས་པས་ཁྱི་དེར་དགའ་བ་ཚད་མེད་སྐྱེས།
  ཁོང་གཉིས་འཚོ་བ་སྐྱེལ་ནས་གང་མཚམས་སོང་བ་དང་བུ་མོ་དེར་ཁྱི་ཕྲུག་གསུམ་སྐྱེས་པས་ཁོང་གཉིས་དགའ་སྤྲོ་ཚད་མེད་བྱུང་། དེ་ནས་ཉིན་ཞིག་ཁྱི་དེས་བུ་མོར་དེ་རིང་ལུང་པའི་ཕུའི་འབྲོག་པས་དཀར་ཆུ་སྦྱིན་པ་གཏོང་བས་ང་ཡང་དེར་དཀར་ཆུ་སློང་བར་འགྲོ་གི་ཡིན་ཡིན་ཟེར་བས་བུ་མོ་དེ་ཁྱེད་ཕྱིན་ན་ཁྱི་གཞན་གྱིས་ཁྱི་རུབ་བརྒྱབ་ཉེན་ཆེ་བས་མ་འགྲོ་རོགས། ཁྱེད་མེད་ན་ང་མ་བུ་བཞི་སུ་ལ་བརྟེན་དགོས་རེད་ལབ་ཀྱང་ཁྱི་དེས་མ་ཉན་པར་ཕྱིན། དེ་ནས་ཉིན་ཤས་ཕྱིན་ཡང་ཁྱི་དེ་ལོག་ཡོང་མཁན་མེད་པས་བུ་མོ་དེ་སེམས་ཁྲལ་ཚད་མེད་སྐྱེས་ནས་ཁྱི་ཕྲུག་གསུམ་པོ་འཁྲིད་དེ་ཁྱི་ཕྲུག་གི་ཕ་འཚོལ་བར་ཕྱིན། བུ་མོ་དེས་ལམ་བར་དུ་ཁྱིའི་སྤུ་མཐོང་ཚད་ངུ་གིན་ངུ་གིན་སྒྲུག་པ་དང་རུས་པ་མཐོང་ཚད་ཁྱི་དེའི་རེད་ཟེར་ནས་ངུ་གིན་ངུ་གིན་སྒྲུག་ནས་ཕྱིན་པས་གཡོག་འཁོར་གྱིས་མཐའ་ནས་བསྐོར་བའི་རྒྱལ་བུ་ཞིག་དང་ཐུག རྒྱལ་བུས་བུ་མོ་ངུ་གིན་ངུ་གིན་ཡོང་བ་གཟིགས་ནས་མཛེས་མ་འདི་འདྲ་ངུ་དགོས་དོན་ཅི་ཡོད། ད་མ་ངུ། ང་དང་མཉམ་དུ་འགྲོ་གསུངས་པས་བུ་མོ་དེས། ངའི་ཁྱི་ཞིག་ཡོད་པ་དེ་ཕྱི་རུ་ཕྱིན་ནས་ཡུན་རིང་ལོག་ཡོང་མཁན་མི་འདུག་པས་ང་འདི་ལ་ངུ་བ་ཡིན། ང་ཁྱེད་དང་མཉམ་དུ་མི་འགྲོ། ངའི་ཁྱི་དེ་ཁྱེད་ལས་རྩ་ཆེ་བ་ཡོད་ལབ་པས་རྒྱལ་བུ་སེམས་འགུལ་ཚད་མེད་ཐེབས་ནས་ང་ཁྱེད་ཀྱི་ཁྱི་དེ་ཡིན་གསུངས་ཤིང་ཁྱི་ཕྲུག་གསུམ་པོའི་སྤྱི་གཙུག་ནས་འཐེན་ཙམ་འཐེན་ཙམ་ལན་གསུམ་བྱས་པས་ཁྱི་ཕྲུག་དེ་དག་སྲས་གཉིས་དང་སྲས་མོ་ཡིད་འོང་གཅིག་ལ་གྱུར། བུ་མོ་སྤྲོ་བ་ཚད་མེད་སྐྱེས་ཤིང་རྒྱལ་པོའི་རྟ་ལ་བཞོན་ནས་རྒྱལ་པོའི་ཕོ་བྲང་དུ་ཕེབས་ཤིང་བཙུན་མོའི་ཁྲི་ལ་འཁོད།
  དེ་ནས་བཟུང་ཁོང་གཉིས་ཀྱིས་འབངས་མི་སེར་ལ་བྱམས་པ་དང་རྒྱལ་སྲིད་ཆོས་བཞིན་བསྐྱངས་ཤིང་སྐྱིད་པའི་འཚོ་བ་རོལ་ལོ།། །།
 
                              མིག་དམར་གྱིས་ལེགས་སྒྲིག་བྱས་ཤིང་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《དམངས་སྒྲུང་རྣ་བའི་བུ་རམ》ལས་བཏུས།

རྩོམ་ཁུངས། 《དམངས་སྒྲུང་རྣ་བའི་བུ་རམ》

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།