མཁར་སྐལ་བཟང་བློ་གསལ་གྱི་རིག་གཞུང་གྲུབ་འབྲས་བགྲོ་གླེང་ཚོགས་འདུ་རྨ་ཆུ་རྫོང་ནས་བསྡུས་པ།
༢༠༠༨ལོའི་ཟླ་༡༠པའི་ཚེས༡༡ཉིན་གྱི་སྔ་དྲོར།རྨ་ཆུ་རྫོང་གེ་སར་མཐུན་ཚོགས་ཀྱིས་གཙོ་བོ་བྱས་ཤིང་རྨ་ཆུ་རྫོང་ཉིན་མ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་རམ་འདེགས་བྱས་འོག་མཁར་སྐལ་བཟང་བློ་གསལ་གྱི་རིག་གཞུང་གྲུབ་འབྲས་བགྲོ་གླེང་ཚོགས་འདུ་དེ་རྨ་ཆུ་རྫོང་ཉིན་མ་གྲོང་རྡལ་གྱི་ཚོགས་ཁང་དུ་གཟབ་རྒྱས་ངང་ཚོགས།
མཁར་སྐལ་བཟང་བློ་གསལ་ལགས་ནི་༡༩༤༣ལོར་མདོ་སྨད་རྨ་ཆུ་རྫོང་མཛོད་དགེ་ཉིན་མ་རུ་སྐུ་འཁྲུངས་པ་དང༌།༡༩༦༤ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་རྗེས་བྱ་བའི་ལས་གནས་སུ་ཞུགས། སྔ་གཞུག་ཏུ་རྨ་ཆུ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་དང༌།ཀན་ལྷོ་ཁུལ་ཕྱུགས་ལས་ཅུའུ་ཡི་ཅུའུ་ཀྲང༌། སྲིད་གྲོས་ཀན་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་བཞེས་མྱོང་ལ་ད་ལྟ་ལས་འཁྱུར་ངལ་གསོ་བྱས་ཡོད། ཉེ་བའི་ལོ་ངོ་བཅུ་གྲངས་ཀྱི་རིང་ལ། ཁོང་གིས་དུས་ཚོད་ལྷག་མ་ཡོད་ཚད་བོད་ཀྱི་དམངས་སྲོལ་རིག་པའི་ཞིབ་འཇུག་གི་ཕྱོགས་སུ་བཏང་སྟེ་རིམ་པ་བཞིན་<<ངག་རྩོམ་ནོར་བུའི་གཏེར་བུམ>>དང༌།<<བསྟོད་བཤད་མེ་ཏོག་གངས་ལྷ>> <<གཏམ་དཔེ་ནོར་བུའི་དོ་ཤལ>> <<རྩེད་ཆས་ཀུན་དགའ་ནོར་བུའི་བང་མཛོད>>བཅས་སྒྲིག་རྩོམ་གནང་སྟེ་པར་སྐྲུན་འགྲེམ་སྤེལ་བྱས་ནས་བོད་ཀྱི་དམངས་སྲོལ་རིག་པ་དང་ལྷག་པར་དུ་འབྲོག་ཕྱོགས་ཀྱི་དམངས་སྲོལ་རིག་པ་འཚོལ་སྡུད་དང་རྒྱུད་འཛིན་བྱེད་པའི་ཕྱོགས་སུ་འབྲས་བུ་རླབས་པོ་ཆེ་བཞག དཔེ་དེབ་དེ་དག་ལ་དཔེ་ཆ་གཞན་ལ་མེད་པའི་ཁྱད་ཆོས་ཕུན་སུམ་ཚོགས་པ་ལྡན་ཞིང་ལྷག་དོན་<<རྩེད་ཆས་ཀུན་དགའ་ནོར་བུའི་བང་མཛོད>>ནི་དེ་སྔའི་བོད་ཀྱི་རྩེད་ཆས་ཀྱི་རིགས་དང་རྣམ་གྲངས་རྣམས་འགྱིག་དང༌། ཤོ། ཁུ་ཚུར། བྱིའུ་ཐི། ར་ར་མོ་ཆ། ཐེ་གེ སྒ ས་ལམ་རྣམ་བཞག་སོགས་སུ་སོ་སོར་ཕྱེས་ཏེ་རྩེད་ཚུལ་ཀྱང་ཡི་གེ་དང་རི་མོ་གཉིས་ཀྱིས་གསལ་བར་འགྲེལ་བ་ཞིག་ཡིན་པས་ཞིབ་འཇུག་གི་རིན་ཐང་དང་བེད་སྤྱོད་ཀྱི་རིན་ཐང་རྒྱ་ཆེར་ལྡན་པ་ཞིག་ཡིན།
ཐེངས་འདིའི་ཚོགས་འདུར་རྨ་ཆུ་རྫོང་གི་ལས་ཁུངས་སོ་སོ་ནས་ཕེབས་པའི་མགོ་ཁྲིད་དང་ལས་བྱེད་པ།སློབ་མ་སོགས་བརྒྱ་ལྷག་ཞུགས་ཤིང༌། རྨ་ཆུ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་སྐལ་ཁོ་དང༌། རྨ་ཆུ་རྫོང་གེ་སར་མཐུན་ཚོགས་ཀྱི་ཚོགས་གཙོ་མྱིག་གཅོད༌། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འགན་འཛིན་པ་སྐྱབས་ཆེན། རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་དགེ་རྒན་བཟོད་པ་བཅས་ཀྱིས་མཁར་སྐལ་བཟང་བློ་གསལ་ལགས་ཀྱི་དམངས་སྲོལ་རིག་པའི་ཕྱོགས་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པར་མ་ཟད་རྨ་ཆུ་རྫོང་ཁོངས་ཀྱི་དམངས་སྲོལ་རིག་གནས་འཚོལ་སྡུད་བྱེད་རྒྱུ་དེ་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་རྒྱུད་འཛིན་བྱེད་པའི་གྲུབ་ཆ་གཙོ་བོ་ཞིག་ཡིན་ཚུལ་ཡང་ཞིབ་ཏུ་གླེང༌།ཚོགས་ཐོག་ཏུ་མཁར་སྐལ་བཟང་བློ་གསལ་ལགས་ཀྱིས་རང་ཉིད་ལས་དེར་འཇུག་པའི་ཐོག་མའི་ཀུན་སློང་དང༌། བར་གྱི་འགལ་རྐྱེན།མཐའ་མའི་འབྲས་བུ་སོགས་ཕྱོགས་རེ་རེ་ནས་མཚམས་སྦྱོར་བྱས་ཤིང་མི་འགྱངས་པར<<འབེལ་གཏམ་ནོར་བུ་མེ་འབར>>ཞེས་པ་དང<<རྩེད་ཆས་ཀུན་དགའ་ནོར་བུ>>ཡི་སྨད་ཆ་གཉིས་ཀྱང་བསྒྲིགས་ནས་འགྲུབ་པར་ཉེ་བའི་སྐོར་ཡང་གསལ་བོར་གསུང༌།
ཚོགས་འདུ་འདི་ནི་རྨ་ཆུའི་རང་ས་ནས་སྐྱེས་པའི་མི་སྒེར་གྱི་རིག་གཞུང་བགྲོ་གླེང་འདུ་ཚོགས་ཐེངས་དང་པོའང་རེད།
ཚོགས་ར།
མཁར་སྐལ་བཟང་བློ་གསལ་མཆོག
མགོ་འཛིན་པ་མྱིག་གཅོད་ཁོ།
ཚོགས་ཕེབས་པའི་མཉམ་པར།
མཁར་སྐལ་བཟང་བློ་གསལ་ལགས་ཀྱིས་སྒྲིག་རྩོམ་གནང་བའི་དཔེ་ཆ།
རྩོམ་ཁུངས། ངེད་དྲ་བ།