ངེད་དྲ་བས་སྐབས་བཞི་བའི་སྙན་ངག་འདུ་ཚོགས"ལང་ཚོའི་རྦབ་ཆུ"འི་སྟེང་གི་ངོ་གདོང་འགའ་བསེད་པ།
ལྗང་བུ། སྤྱིར་ན་ཁོང་ཡང་བོད་ཀྱི་སྒམ་ཚུགས་ཅན་གྱི་ཤེས་ཡོན་པ་གཞན་དག་དང་འདྲ་བར་སྐད་ཆ་སྦོམ་པོ་རེ་བཤད་ཞོར་དུ་མཐོ་ས་ནས་སྡོད་ཆོག་ཆོག་ཡིན་ཡང་འོན་ཀྱང་བོད་རྒྱ་ཕྱི་གསུམ་གྱི་རིག་གནས་ལ་འདྲིས་ཆ་ཤིན་ཏུ་ཆེ་བའི་ཁོང་གིས་གཞོན་ནུ་ཚོ་དང་ལག་གདང་སྦྲེལ་རྒྱུ་དང་ཡངས་པའི་རྒྱལ་ཁམས་ཆེན་མོར་འགྲུལ་བཞུད་བྱ་རྒྱུ་དེ་རྩ་ཆེ་བའི་གླེགས་བམ་ཞིག་ཀློག་པ་ལས་ཀྱང་
གལ་ཆེན་འགངས་ཆེན་དུ་བརྩིས་འདུག
གཅན་མེ་སྟག མི་འདི་ནི་དེ་སྔ་ཟི་ལིང་གི་ལྷིང་འཇགས་དཀྲོག་མྱོང་བའི"གནའ་མཁར་འདྲེ་བཞི"འི་གྲས་ཏེ་འདྲེ་གཞན་དག་བརྙན་འཕྲིན་ཟློས་གར་རམ་ཆང་རག་སོགས་ལོངས་སྤྱོད་གཞན་དག་གིས་མི་རུ་བསྒྱུར་རྗེས་ད་ལྟ་ཤུལ་ཏུ་ལྷག་པའི་འདྲེ་གཅིག་པོ་ནི་ཁོང་ཡིན་པ་འདྲ། <<ལྷོ་བཞུད་ཀྱི་ཆུ་འཛིན>>ནས་<<ཁྱི་ཁ་ཚུམས>>ཀྱི་བར་དང་། དེ་ནས་ད་ལྟའི་དྲ་ངོས་སྙན་ངག་དག་གི་བར་དུ་འདྲེ་འདིས་ལམ་བུ་རྫོགས་མེད་པ་ཞིག་བརྒྱུད་ཡོད་ནའང་ལམ་བུ་དེ་དག་ཁོང་གི་མདུན་གྱི་ལྟད་མོ་བ་ལྟ་བུའི་མགོ་ལོག་མི་དམངས་ལྟ་ཅི་ཐ་ན་སྙན་པ་གཡེར་བག་ཆེ་བའི་སྙན་ངག་པ་འཇུ་སྐལ་བཟང་གིས་ཀྱང་མཐོང་མྱོང་མེད་པ་འདྲའོ།།
རོང་བོ་དགེ་འདུན་ལྷུན་གྲུབ། པིར་མིང་ལ་གཟའ་དང་ཏཱ་ན་རྟོག་གྲོལ། དྲ་མིང་ལ་ལྷམ་ཀོག ཁོང་ནི་རྟོག་པའི་ཁམས་དང་ཚོར་བའི་ཀློང་གི་མི་རྟག་པའི་འཇིག་རྟེན་དེར་ལག་སྙོབས་བྱེད་མཁན་དང་སྐྱ་བོ་ཚོའི་ཆང་རག་གི་ཚབ་ཏུ་ཁོ་ཁོལ་ཁོལ་ལི་མཚམས་མེད་དུ་འཐུང་བའི་གྲྭ་རྐྱང་ཞིག་སྟེ། དེ་སྔའི་རེབ་ཀོང་གི་ལྡོང་ཆུ་ཤེལ་དང་། གཅན་རང་སད། གཉན་ཆུ་གཏེར་སོགས་ཅི་ཞིག་གིས་འཕུར་ཏུ་བཅུག་རྗེས་ས་སྟེང་ན་རྐང་མལ་ཚུགས་ཡོད་པའི་གྲྭ་བ་སྙན་ངག་མཁན་དེའང་ཡིན་པ་འདྲ།
དགའ་བདེ་ཚེ་རིང་། བོད་རྩོམ་འབྲི་དུས་ཀྱི་པིར་མིང་ལ་མཚོ་བུ་དགའ་བདེ་དང་རྒྱ་རྩོམ་འབྲི་དུས་ཀྱི་པིར་མིང་ལ་ནག་པོ་རུ་འབོད།
རྒྱ་ཡིག་གི་སྙན་ངག་གཙོ་བོར་འབྲི་བའི་བོད་ཀྱི་རྩོམ་པ་པོ་ཞིག་ལ་མཚོན་ན་ཁོང་ནི་བྱ་དགའི་མང་ཉུང་དང་གྲངས་འབོར་སོགས་གང་
གིས་ཆ་ནས་ཀྱང་བཀྲ་ཤིས་ཟླ་བ་དང་ཨ་ལེ་སོགས་ལ་སྐྱེངས་པ་སྟེར་ཐུབ་མཁན་ཞིག་སྟེ། ཁོང་གི་སྙན་རྩོམ་ཧྲིལ་བོར་བོད་ཅེས་པ་ཤ་དང་
རུས་པའི་སྟེང་དུ་ཟུག་ཡོད་པའང་བཀྲ་ཤིས་ཟླ་བའི་བོད་ཀྱི་སྒྱུ་འཕྲུལ་དང་། ཨ་ལེའི་བོད་ཀྱི་ཕྱི་ལྤགས་ལས་རབ་ཏུ་འགོངས་ཏེ་བོད་ཀྱི་
སྐྱོ་སྡུག་དང་། བོད་ཀྱི་ཁེར་རྐྱང་། བོད་ཀྱི་འོ་དོད་སོགས་སུ་གྲུབ་ཡོད་དོ།།
ཚེ་རིང་བཀྲ་ཤིས། པིར་མིང་ལ་ཁྲི་སེམས་དཔའ། ཁོང་ནི<<སྦྲང་ཆར>>དང་། <<གངས་རྒྱན་མེ་ཏོག>> <<ཟླ་ཟེར>>བཅས་མདོ་སྨད་ཀྱི་རྩོམ་རིག་དུས་དེབ་ཆེ་གྲས་གསུམ་གྱི"མཛངས་བུའི་དབུ་རྒྱན"རག་པའི་ན་གཞོན་སྙན་ངག་པ་གཅིག་བུ་ཡིན། ད་ལྟ་ཁོང་བཟའ་ཟླ་གཉིས་ཀྱིས<<མཚོ་སྔོན་བོད་ཡིག་གསར་འགྱུར>>གྱི་རྩོམ་རིག་ལེ་ཚན་ཡོངས་རྫོགས"སྒེར་སྡེམ"བྱས་ཡོད་པས་དེ་ནི་ལོ་ཆུང་རྩོམ་སྒྲིག་པ་ཞིག་ལ་མཚོན་ན་ལས་དོན་རླབས་ཆེ་བ་ཞིག་ཏུ་ངེས་སོ།། ཁོང"མི་རབས་གསུམ་པ"ལས་བུད་པ་དེ་བོད་ཀྱི་རྩོམ་སྟེགས་ཀྱི་གསར་འགྱུར་གལ་ཆེན་ཞིག་ཏུ་འགྱུར་མྱོང་ནའང་ཁོང་དང་མི་རབས་གསུམ་པའི་ཚོགས་མི་དག་གིས་ད་ལྟའི་བར་དུ་ལག་འཇུ་བྱེད་ཀྱིན་འདུག་པ་དེ་གསར་འགྱུར་ཞིག་ཏུ་གྱུར་མེད།
ཚེ་རིང་བཀྲ་ཤིས། པིར་མིང་ལ་མདའ་བཙན་པོ། གོང་གི་ཚེ་རིང་བཀྲ་ཤིས་དང་མི་འདྲ་ས་ཞིག་ཡོད་པ་ནི་མི་འདིས་ར་བཟི་རྗེས་ཀུན་སྤྱོད་ལས་འདས་པའི་རྐྱལ་སྟོང་གི་སྤྱོད་པ་མང་པོ་ངོམ་ཞིང་དངུལ་ཁུག་དེ་མ་ཉིད་དུ་སྟོང་བར་བསྒྱུར་སྲིད་པ་དེ་ཡིན། ཁོང་གིས་འཇིག་རྟེན་གྱི་ལོངས་སྤྱོད་ཡོད་རྒུ་སྙན་ངག་གི་བརྗོད་བྱར་འཛིན་ཅིང་ཐ་ན"རྐང་སྣམ་གྱི་ཁ་ཐིག"དང་"སྐྱག་པ"སོགས་ཀྱང་བསྐྱུར་བར་མི་བྱེད། དེ་ལྟ་མོད་ཁོང་ལ་དེང་གི"ན་གཞོན་གསར་བ"ཚོ་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ནི་རང་གི་རྩ་བའི་བླ་མར་དད་པ་ཧ་ཅང་ཆེ་བ་དེ་ཡིན། ཁོང་གིས་ལོ་འདི་གར་བསྟུད་མར་སྙན་དེབ་བཞི་པར་བས་བོད་ཀྱི་སྙན་དེབ་པར་བའི་ཟིན་ཐོ་ཡོངས་སུ་གཏོར།
ལྕགས་རྡོར་རྒྱལ། པིར་མིང་ལ་ལྡོང་བུ། གལ་སྲིད་མདའ་བཙན་པོ་ནི་མི་རབས་གསུམ་པའི་ནང་གི་བཙན་པོ་དེ་ཡིན་སྲིད་ན་ཁོང་ནི་འཇམ་པོ་དེ་ཡིན། ཡིན་ནའང་ཁོང་གི་འཇམ་པོའི་ངོས་ལ་རྩུབ་པའི་ཤས་ཤིག་ལྡན་པ་ནི་ཕྱི་གླིང་བའི་ཀོ་གྱོང་ལྟ་བུའི་སྙན་ངག་སྲ་མོ་དག་ཀྱང་ལྕེ་བར་ནས་བལྡད་བལྡད་དེ་བོད་ཀྱི་ཆུར་བ་ལ་བསྒྱུར་ཐུབ་པ་དེ་ཡིན།
སེང་གེ་རྡོ་རྗེ། པིར་མིང་ངམ་བསྡུས་མིང་ལ་སེང་རྡོར། བོད་ཀྱི་དྲ་སྟེགས་དེ་འུར་ཟིང་ངེར་བཞག་པའི་མི་འདིས་དེ་སྔ་འཇིག་རྟེན་སྟེང་གི་སྐྱེ་བོ་སུས་ཀྱང་བཤད་མ་མྱོང་བའམ་བཤད་མ་ཐུབ་པའི་ཚིག་ཅིག་བཤད་མྱོང་བ་སྟེ"ངའི་དཔེ་ཆས་མི་གསད་ཐུབ"ཅེས་པ་དེའོ།། ཁོང་གི་བརྩམས་ཆོས་ནི་དུས་རབས་གསར་བའི་ནང་གི་བོད་ཀྱི་སྙན་ངག་གི་ཚིག་གི་བརྗིད་ཆ་དང་། དྭངས་ཆ།ལྷོད་ཆ་ སོགས་ཀྱི་དཔེ་མཚོན་དུ་རུང་བས་ཐེངས་འདིའི་འདུ་ཚོགས་ཀྱི་སྟེང་དུ་བདག་གིས་ཁོང་ལ"ཁྱེད་ཀྱི་རྩོམ་རྩལ་དེ་དགེ་འདུན་ཆོས་འཕེལ་གྱི་ཡན་ལ་བུད་འདུག"ཅེས་གདེང་འཇོག་མཛད་པས་གཞན་པ་ཚོས་མི་དགའ་བའི་སྡང་མིག་འབུར་ཚུགས་སུ་གཏད་བྱུང་།
ཁྱུང་བོ་ཀུན་བཟང་ཚེ་རིང་། པིར་མིང་ངམ་བསྡུས་མིང་ལ་ཁྱུང་བཟང་། ཁོང་བྱིས་པ་ཡིན་དུས་དེ་སྔ<<གངས་རྒྱན་ན་ཆུང་ཚགས་པར>>གྱི་ཁྱབ་རྒྱ་ཆེ་བའི་རྩོམ་ཡིག་གི་འགྲན་སྡུར་ཅིག་གི་སྟེང་བྱ་དགའ་ཨང་དང་པོ་ལེན་མཁན་ཡིན་ལ་ད་ལྟའི་བར་དུ་སྨྱུ་གུའི་སྟངས་སྟབས་ཀྱི་མཚམས་འཇོག་མ་མྱོང་བའི་སློབ་ཆུང་གི་དགེ་རྒན་ཞིག་ཀྱང་ཡིན། ཁོང་གི་རྩོམ་རིག་བརྩམས་ཆོས་ལས་གཞན་ད་དུང་བོད་ཀྱི་གཞི་རིམ་གྱི་སློབ་གསོའི་སྐོར་གྱི་དྲན་ཚུལ་དེ་དག་ལ་ང་ཚོས་ཅིས་ཀྱང་གོང་བཀུར་དང་ཡི་རངས་བྱ་དགོས་ཏེ། ཁོང་ནི་སྙན་ངག་ཐར་ཐོར་ཙམ་ལ་ཁ་གཡར་ཏེ་ཆང་རག་བག་མེད་དུ་སྤྱོད་ཀྱིན་སློབ་མ་ཚོར་མགོ་བསྐོར་གཏོང་བའི་དགེ་རྒན་དེ་དག་དང་གཏན་ནས་མི་འདྲ་བས་སོ།།
ཀླུ་རྒྱལ་དོན་གྲུབ། བོད་ཀྱི་སློབ་ཆེན་པའི་སྙན་ངག་གྱེར་འདོན་འགྲན་སྡུར་དུ་བྱ་དགའ་ཨང་དང་པོ་བླངས་མ་ཐག་པའི་སློབ་གླིང་སྙན་ངག་པ་ཁོང་ལྟ་བུ་ལས་ང་ཚོས་བོད་ཀྱི་སྙན་ངག་པ་དག་གི་རབས་ཕྱི་མ་མཐོང་ཐུབ། ཐེངས་འདིའི་འདུ་ཚོགས་སུ་ཁོང་གིས་ཕོ་ལན་གྱི་སྙན་ངག་པ་མེའོ་ཟི(Czesiaw Miiosz)ཡི་སྙན་ངག་ཅིག་ཨིན་ཡིག་དང་བོད་ཡིག་གཉིས་ཀའི་ལམ་ནས་བཀླགས་པས་དེར་ཡོད་ཀྱི་སྙན་ངག་པ་ཚང་མར་ཡིག་རིགས་གཞན་གྱི་མཛེས་པ་ཉམས་སུ་མྱོང་བའི་སྐལ་བ་བསྩལ། མེས་པོའི་ཤུལ་བཞག་ཡོད་ཚད་གད་སྙིགས་སུ་འདོར་བར་འདོད་པའི་དྲག་ཤུགས་རྒྱལ་གཅེས་པ་དག་དང་བསྡུར་ན་ཁོང་ལྟ་བུ་ནི་ང་ཚོས་འབད་པས་བསྐྱང་དགོས་པའི་གཅེས་ནོར་ཡིན་ནོ།།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།