ཧུ་ར་འཇའ་པེས་བརྩམས་པའི་སྒྲུང་རིང《རྨི་ལམ་འཁྲུག་པའི་ལོ》ཞེས་པ་འགྲེམ་ལ་ཉེ་
ཡིག་འབྲི་ཁྲི་ཉེར་གཉིས་ལྷག་ཡོད་པའི<<རྨི་ལམ་འཁྲུག་པའི་ལོ>>ཞུ་བ་འདི་ནི་ཨ་མདོ་རྔ་བའི་ན་གཞོན་རྩོམ་པ་པོ་ཧུ་ར་འཇའ་པེ་ལགས་ཀྱི་སྒྲུང་རིང་ཐོག་མ་སྟེ། ཁོང་གིས་སྐྱོ་གར་རང་བཞིན་དུ་གྲུབ་པའི་ན་གཞོན་ཕོ་མོའི་བརྩེ་དུངས་ཀྱི་བྱུང་བ་གཉིས་སྒྲུང་གཏམ་གྱི་ཁོག་འབུབས་བྱེད་ཀྱི་རྐང་དུ་བཙུགས་ཤིང་དེ་ལ་བོད་རང་དང་ཀྲུང་ཕྱིའི་རྩོམ་རིག་མཚོན་ཐབས་སྣ་ཚོགས་ཀྱིས་ལེགས་པར་སྤུད་དེ་བརྗོད་བྱའི་ཡན་ལག་ཚང་ཚིང་དུ་འཁྲུགས་པའི་སྒྱུ་རྩལ་གྱི་ལྗོན་བཟང་ཞིག་ཏུ་བཞེངས་ཡོད། སྒྲུང་རིང་འདིའི་ནང་དོན་གཙོ་བོ་བརྡ་ཆད་དུ་ཕྲལ་ན་བརྩེ་དུངས་དང་། མིག་སེར། འདོད་ཆགས། ལྟར་སྣང་། ལོག་སྤྱོད། བདེན་རྫུན། ངེས་འབྱུང་། སྙིང་སྟོབས། རིག་གནས་གདོང་གཏུགས་ལ་སོགས་ཐོན་སྲིད་ལ། དེ་ལས་ཀྱང་ཀློག་པ་པོའི་ཡིད་ཀྱི་དྭངས་པ་འདྲེན་ནུས་པ་ཞིག་ནི་ཁོང་གིས་སྒྲུང་གཏམ་གྱི་པིར་རྩལ་རྣོན་པོ་དེ་སྤྱད་ནས་ད་ལྟ་བོད་རང་གི་སྤྱི་ཚོགས་ཀྱི་སྲུབས་ཀ་ན་རེས་གསལ་རེས་མོག་ཏུ་སྣང་བའི་ཡིད་སྐྱོ་བའི་སྣང་ཚུལ་སྣ་ཚོགས་རྗེན་པར་བཏོན་ཏེ་མིའི་སེམས་འགྱུ་ཉག་ཕྲ་བ་དག་ལ་ལག་རྙབ་གཏིང་ཟབ་པ་ཞིག་བྱས་ཡོད། རྩོམ་པ་པོས་འདིའི་སྐོར་ལ་སྐད་ཆ་ཚིག་གཅིག་བརྗོད་ཡོད་པ་ནི། “ཇི་ལྟར་མི་ཡི་གསང་བའི་ཕུ་ལ་འཛུལ་ཐུབ་ན་བདེན་སྣང་ནི་དེ་ལྟར་རབ་རིབ་ཏུ་གྱུར་མོད། འཇིག་རྟེན་འདིར་མི་ནི་གསང་བའི་ཕུང་བོ་ཞིག་ཡིན་པ་དངོས་གནས་རེད་དོ། །” རྩོམ་རིག་སྒྱུ་རྩལ་གསར་བཞེངས་ཐད་ཀྱི་ཆེ་བ་བརྗོད་ནའང་སྒྲུང་རིང་འདིའི་ནང་དུ་གཏམ་རྒྱུད་གཉིས་ལུ་གུ་རྒྱུད་དུ་བྲིས་ཏེ་བརྩམས་སྒྲུང་ནང་གི་མི་སྣ་དག་གི་འབྲེལ་བའང་ཡུན་གྱིས་འགལ་ཟླ་ཅན་ནས་འཕྲུལ་འཛིང་ཅན་དུ་བསྒྱུར་ཏེ་ཀློག་པ་པོའི་ཡིད་ངོར་དངོས་ཡོད་དང་འཆར་ཡན་གཉིས་ཀྱི་འཇིག་རྟེན་སྣང་བ་གཉིས་རེས་མོས་སུ་བཤམས་ཡོད་པས། བཀླགས་ན་ཡིད་འཕེར་ཞིང་བརྗོད་དོན་གྱི་ཤུགས་ཀྱི་དོན་ཟབ་པས་བསམས་ན་བསམ་བློའི་རྒྱགས་ཕྱེ་རུ་འོང་ངོ་། །
རིག་གནས་གསར་རྙིང་གཉིས་ཀྱི་འགལ་བ་དྲག་ཏུ་ཕྱིན་པའི་དུས་འདིར། བོད་མའི་སྤྱི་ཚོགས་ཀྱི་མི་དཀྱུས་མའི་བདེ་སྡུག་ལ་བསམ་མནོ་གཏོང་མཁན་ཞིག་ཡིན་ཕྱིན་བརྩམས་ཆོས་འདི་ལྟ་བུའི་ནི་ངེས་པར་ཀློག་རིན་མཆིས་ལ།ད་ལོའི་ཟླ་བརྒྱད་པའི་ནང་དུ་དཔེ་ཆ་འདི་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་བརྒྱུད་ནས་དཔེ་སྐྲུན་བྱས་ཏེ་དངོས་སུ་ཚོང་རར་དགྲམ་རྩིས་ཡོད་པས་བོད་ཕྱི་ནང་གི་རྒྱ་ཆེའི་ཀློག་མཁན་ཚོས་ཐུགས་འཛིན་གནང་སྟེ་དུས་ལྟར་མངག་ཉོ་བྱ་བར་དགའ་བསུ་ཞུ་གི་ཡིན།
རྩོམ་ཁུངས། རྡོ་འབུམ་དཔེ་འཕྲིན།