བོད་རིགས་སྐྱེས་མའི་རང་རྟོགས་དང་ནུས་པ་སྦྱོང་བའི་ཚོགས་འདུ་སྐབས་གཉིས་པ་བསྡུས་པ།
ཉེ་ཆར། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་དཔལ་མོ་དང་མགོན་པོ་འཚོ། སྐལ་བཟང་འཚོ་གསུམ་པོས་ཡང་བསྐྱར་རྩ་འཛུགས་བྱས་ཏེ“ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་སྐབས་གཉིས་པའི་སློབ་ཆེན་བུ་མོའི་རང་རྟོགས་གོང་འཕེལ་དང་ནུས་རྩལ་གསོ་སྦྱོང་བགྲོ་གླེང་ཚོགས་འདུ”རང་རེའི་སློབ་གྲྭའི་ནང་བསྡུས། ནུབ་བྱང་མི་རིགས་སློབ་ཆེན་གྱི་བུ་མོ་སློབ་མ་བདུན་ཅུ་ལྷག་གསོ་སྦྱོང་བགྲོ་གླེང་ཚོགས་འདུར་ཞུགས་པ་མ་ཟད། སྤྱི་ཚོགས་ལས་གནས་མི་འདྲ་བའི་བུད་མེད་སྐོར་ཞིག་ཀྱང་ཚོགས་འདུར་ཞུགས་ཏེ་རང་རང་གི་སྤྱི་ཚོགས་ཉམས་མྱོང་དང་མི་ཚེའི་ལྟ་ཚུལ་བཏོན་ཡོད།
བགྲོ་གླེང་ཐོག་སློབ་ཆེན་བུ་མོ་ཚོས་སློབ་གསོ་མྱངས་ཤིང་རིག་གནས་སྦྱངས་པ་བརྒྱུད་དེ་རང་རློམ་དང་རང་ཚུགས་ཡོད་པའི་སྒོ་ནས་སློབ་སྦྱོང་བྱེད་ཐབས་དང་རང་རྐྱ་འཕེར་བའི་བསམ་གཞིགས་ཀྱི་ནུས་རྩལ་ཇེ་ཆེར་བསྐྱེད་པར་ཤུགས་སྣོན་དང༌། ལས་ཞུགས་འགྲན་རྩོད་ཁྲོད་རང་ནུས་སྔོག་འདོན་བྱས་ཏེ་འཇོན་ཐང་ངོམས་ཕོད་པ། མ་འོངས་འཚོ་བའི་དམིགས་ཡུལ་གསལ་བ་སོགས་ཀྱི་ཐད་ནས་ཇི་ལྟར་འདུ་ཤེས་དང་གོ་རྟོགས་ཇེ་མཐོར་གཏོང་བའི་བརྗོད་བྱ་གཙོར་བཟུང་སྟེ་ཚན་ཁག་བཞི་བཀར་ནས་བསམ་བློ་བརྗེ་རེས་སམ་ཕན་ཚུན་བློ་འདྲི་གྲོས་བསྡུར་བྱས།
ཐེངས་འདིའི་ཚོགས་འདུ་སྤེལ་ཐབས་ནི་སྐབས་དང་པོ་དང་བསྡུར་ན་ཁྱད་ཆོས་འགའ་འབུར་དུ་ཐོན་ཡོད་པ་དཔེར་ན། དགེ་རྒན་དང་སྐུ་མགྲོན་སྟེགས་བུར་འདུག་པ་དང་སློབ་མ་འོག་ནས་གྲལ་འགྲིག་པོར་འདུག་པའི་སྔར་སྲོལ་གཏོར་ཏེ་དགེ་སློབ་དང་མགྲོན་པོ་ཚང་མ་མཉམ་དུ་བག་ལྷོད་པོར་བསྡད་དེ་བགྲོ་གླེང་བྱེད་པ་དང༌། དུས་ཚོད་མང་ཤས་ནང་ཕན་ཚུན་ཁ་བརྡ་བྱེད་པ་དང༌། ཚང་མར་ཐེ་ཚོམ་དང་བག་འཁུམས་མེད་པར་རང་གི་ལྟ་ཚུལ་བརྗོད་ཅིང་དྲི་བ་འདོན་པ་སོགས་ཀྱི་བྱེད་ཐབས་སྤྱད་པས་དགེ་སློབ་ཚང་མར་ཁམས་དྭངས་ཤིང་སྣང་ཡངས་པའི་ཚོར་བ་སྦྱིན་ཡོད།
ཚོགས་ཞུགས་སློབ་གྲོགས་ཚོས་བརྗོད་དོན། འདི་འདྲའི་བྱ་འགུལ་སྤེལ་བ་བརྒྱུད་ནས་རང་ལ་ཕྱོགས་ཡོངས་ནས་བློ་བསྐྱེད་དང་གོང་འཕེལ་ཡོད་པ་མ་ཟད། ད་ལྟའི་སློབ་སྦྱོང་བྱེད་ཐབས་དང་མ་འོངས་འཚོ་བའི་དམིགས་འདུན་ཇེ་གསལ་ལ་གཏོང་ཐུབ་ཡོད་པས་དགེ་རྒན་རྣམ་པས་བྱ་འགུལ་འདི་མུ་མཐུད་དུ་སྤེལ་དགོས་ཟེར་ཏེ་རེ་བ་བཏོན་ཡོད།
རྩོམ་ཁུངས། ངེད་དྲ་བ།