སྒེར་གཉེར་ལོ་དེབ《རིག་གནས་ཡར་སྤེལ》གསར་འདོན་བྱས་ནས་བགྲང་བྱ་བཅུ་འགོར་བའི་རྗེས་དྲན་ཚོགས་ཆེན་བསྡུས་པ།
སྤྱི་ཟླ༡༡པའི་ཚེས༢༣ཉིན། རྨ་ཆུ་རྫོང་ནས་ཐོན་པའི་སྒེར་གཉེར་ལོ་དེབ<<རིག་གནས་ཡར་སྤེལ>>གསར་འདོན་བྱས་ནས་བགྲང་བྱ་བཅུ་འགོར་བའི་རྗེས་དྲན་ཚོགས་ཆེན་དེ་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་ནས་བསྡུས། ཚོགས་འདུ་ཧྲིལ་བོ་མཁས་པ་དང་དབུ་ཁྲིད་པའི་གཏམ་བཤད་དང་། བྱ་བའི་སྙན་ཞུ། རྩོམ་པ་པོ་དང་མཁས་དབང་། སྦྱིན་བདག་བཅས་ལ་བྱ་དགའ་སྟེར་བ། མ་འོངས་པའི་ཁ་ཕྱོགས་དང་འབྲེལ་བའི་བགྲོ་གླེང་བཅས་ནང་དོན་བཞི་ཡིས་གྲུབ་ཅིང་རྨ་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་དབུ་ཁྲིད་དང་། ཕྱོགས་སོ་སོ་ནས་ཕེབས་པའི་རྩོམ་པ་པོའི་སྐུ་ཚབ། སྦྱིན་བདག་གི་སྐུ་ཚབ། རྫོང་བོད་རིགས་སློབ་འབྲིང་གི་དགེ་སློབ་སོགས་ཁྱོན་མི་༢༠༠ལྷག་ཚོགས་འདུར་ཞུགས། དེའང་སྔ་དྲོའི་དུས་སུ་ལོ་དེབ་སྒྲུབ་མཁན་རྫ་ཤུལ་བློ་བཟང་རྒྱ་མཚོ་དང་རྒྱུ་ཚའི་ཤེས་རབ་གཉིས་ཀྱིས་དེ་སྒྲུབ་པའི་ཐོག་མའི་ཀུན་སློང་དང་། བར་དུ་འཕྲད་པའི་འགོག་རྐྱེན། ད་ལྟའི་གྲུབ་འབྲས་བཅས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས། རྨ་ཆུ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལོའུ་ཞེ་མེའུ་དང་རྨ་ཆུ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ལྷ་མོ་འཚོ། རྨ་ཆུ་རྫོང་གི་གེ་སར་ཆེད་མཁས་པ་འཇམ་དབྱངས། ཀན་ལྷོ་ཁུལ་རིག་རྩལ་མཐུན་ཚོགས་ཀྱི་དབུ་གཙོ་བསྐལ་བཟང་སངས་རྒྱས། རྭ་རྒྱ་ཤེས་རིག་སློབ་གླིང་གི་དགེ་རྒན་བཛྲ་ཚུལ་ཁྲིམས། མང་ར་ཀླུ་ཚང་དགོན་པའི་རྒྱ་གྲོལ་བཅས་ཀྱིས་ལོ་དེབ་དེས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་མི་དམན་པ་གནང་བ་དང་རྗེས་ཕྱོགས་སུ་སྲིད་གཞུང་ངམ་མི་སྒེར་གང་གི་ངོས་ནས་ཀྱང་དེ་ལ་རྒྱབ་སྐྱོར་བྱ་དགོས་པའི་རེ་བ་བཏོན།དེའི་འཕྲོར་བཛྲ་ཚུལ་ཁྲིམས་སོགས་མི་ཉེར་དྲུག་ལ་ལོ་བཅུའི<<རིག་གནས་ཡར་སྤེལ>>གྱི་རྩོམ་རིག་བྱ་དགའ་གནང་བ་དང་། བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་སོགས་མཁས་དབང་དགུ་ལ<<རིག་གནས་ཡར་སྤེལ>>གྱི་མཁས་དབང་བྱ་དགའ་གནང་། རྨ་ཆུ་རྫོང་གཡང་འདུས་ཀུང་ཟིའི་སྤྱི་གཉེར་བ་སྐལ་བཟང་རྒྱ་མཚོ་དང་ཉིན་མ་གྲོང་རྡལ་གྱི་གྲོང་དཔོན་སྒྲོལ་དཀར་སྐྱབས་སོགས་མི་སྒེར་དང་སྡེ་ཁག༢༢ལ་<<རིག་གནས་ཡར་སྤེལ>>གྱི་སྦྱིན་བདག་བྱ་དགའ་གནང་། བྱ་དགའ་ཐོབ་པའི་སྐུ་ཚབ་ཀྱིས་ཀྱང་ཚོགས་གཏམ་གནང་།
ཕྱི་དྲོའི་དུས་སུ་<<རིག་གནས་ཡར་སྤེལ>>གྱི་མ་འོངས་པའི་ཁ་ཕྱོགས་དང་འབྲེལ་ནས་འཇམ་དབྱངས་དང་། བཛྲ་ཚུལ་ཁྲིམས། བསྐལ་བཟང་སངས་རྒྱས། སྒོམ་པ་བཀྲ་ཤིས། རྒྱ་གྲོལ། དངུལ་བཟོད་བཅས་ཀྱིས་སོ་སོར་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱ་ཚུལ་དང་། གཞུང་དེབ་དང་སྒེར་དེབ་བར་གྱི་ཁྱད་པར་སོགས་བརྗོད་སྙིང་དུ་བྱས་ནས་གཏམ་བཤད་ཅིང་ཚོགས་ཞུགས་པ་ཡོངས་ཀྱི་དགའ་བསུ་ཆེན་པོ་ཐོབ།
ཐེངས་འདིའི་ཚོགས་ཆེན་འདི་ནི་༢༠༠༧ལོར་བསྒྲུབས་པའི་སྙན་ངག་འདུ་ཚོགས"ལང་ཚོའི་རྦབ་ཆུ"སྐབས་གསུམ་པའི་རྗེས་ནས་རྨ་ཆུ་རྫོང་དུ་བསྡུས་པའི་རྩོམ་རིག་གི་ཚོགས་ཆེན་ཆེ་ཤོས་དེ་རེད།
ཚོགས་འདུ་བསྡུ་སའི་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་།
ལོ་དེབ་སྒྲུབ་པ་པོ་རྫ་ཤུལ་བློ་བཟང་རྒྱ་མཚོས་གཏམ་འཆད་བཞིན་པ།
ཚོགས་རའི་ཟུར་ཅིག
བྱ་དགའ་ཐོབ་པའི་རྩོམ་པ་པོ་ཁག་གཅིག
བྱ་དགའ་ཨང་དང་པོ་ཐོབ་པའི་རྩོམ་པ་པོ་བཛྲ་ཚུལ་ཁྲིམས།
ཚོགས་འདུར་ཕེབས་པའི་མཁས་པ་དང་དབུ་ཁྲིད་རིམ་པ།
<<ཟླ་ཟེར>>རྩོམ་སྒྲིག་ཁང་གིས་<<རིག་གནས་ཡར་སྤེལ>>བསྒྲུབས་ནས་བགྲང་བྱ་བཅུ་ལོན་པར་རྗེས་དྲན་གྱི་ལེགས་སྐྱེས་གནང་བ།
ཚོགས་རའི་ཟུར་ཅིག
ཚོགས་ཞུགས་པ་ཡོངས་ཀྱི་མཉམ་པར།
༼ཟུར་བཀོད༽
ལོ་བཅུའི<<རིག་གནས་ཡར་སྤེལ>>གྱི་བྱ་དགའ་ཐོབ་པའི་རྩོམ་པ་པོ་དང་བརྩམས་ཆོས་ཀྱི་མཚན་ཐོ།
༡ རྟིལ་སྐུལ་བྱ་དགའ།
དུང་གི་སྙན་རྩོམ། <<གནའ་བཟང་དེང་སྤྱོད་ཀྱི་གཡང་འབོད>>
ཆོས་ཤུལ་གསང་བདག་གི་སྙན་རྩོམ། <<མཐོ་སྒང>>
རོང་བརྩོན་གྱི་སྙན་རྩོམ།<<བདག་གི་མྱ་ངན>>
ཆུ་སྐྱེས་དཔལ་ལྡན་གྱི་སྙན་རྩོམ<<ཞི་བདེའི་ལམ་པོ>>
མཚན་སྒྲོགས་སྦྱིན་པའི་སྙན་རྩོམ<<ནོར་བུས་གཟི་འོད་ཀྱིས་སྤྲད་པའི་དུང་གི་ཚོར་བ>>
གཡག་བུ་དཔལ་རྩལ་གྱི་དཔྱད་རྩོམ<<རང་རྫོང་གི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་བསམ་ཚུལ་འགའ>>
ཞལ་ཤུལ་དགེ་འདུན་གྱི་སྙན་རྩོམ<<མྱ་ངན་ཐང་གི་རོལ་དབྱངས>>
ཆབ་བྲག་ཐབས་མཁས་ཀྱི་སྙན་རྩོམ<<ཟླ་མེད་ཀྱི་དྲན་རྟེན>>
རྨ་གཞུང་གངས་སྨྱོན་གྱི་སྙན་རྩོམ<<ང་སྤྲང་བོ་ཡིན>>
རྨོག་ཕོ་ཉའི་ལྷུག་རྩོམ<<ཉི་ཐིག་སྟེང་གི་རྣམ་ཤེས>>
༢ ཕུལ་བྱུང་བྱ་དགའ།
རྡོ་སྦིས་གཅོད་པ་ཚེ་རིང་གི་བསྒྱུར་རྩོམ<<རྩོམ་པ་པོའི་ངལ་རྩོལ>>
རྨ་ཆུའི་བསམ་གཏན་གྱི་སྙན་རྩོམ<<ཡར་ལ་འགྲོ་བའི་འོད་འཆང་མ>>
ཀླུ་མི་ཕམ་གྱི་སྙན་རྩོམ<<ལོ་ཧྲིལ་བོ>>
ཨ་དགོང་བསྟན་རྒྱམ་གྱི་སྙན་རྩོམ<<རྟོགས་སད་ཀྱི་དགོད་སྒྲ>>
མགར་རྩེ་རྡོ་བརྟན་རྒྱལ་གྱི་སྙན་རྩོམ<<ས་ཆེན་པོ་བདག་གི་ལེའུ>>
སེར་ལེགས་འཕྲིན་གྱི་སྙན་རྩོམ<<སྟོང་ཉིད་ལ་བྲིས་པ>>
ཧོར་ཚེ་གངས་མིག་གི་སྙན་རྩོམ<<སྟོན>>
ཨ་ཤུག་ཐབས་མཁས་ཀྱི་སྙན་རྩོམ<<ཤིས་ཚིག་གཞོན་ནུའི་དུང་སྒྲ>>
བསམ་གཏན་རྒྱ་མཚོའི་སྙན་རྩོམ<<དབྱངས་ཅན་མའི་བསྟོད་པ>>
ལྷ་ཆེན་རྒྱལ་གྱི་དཔྱད་རྩོམ<<བོད་ཀྱི་སྐད་ཡིག་སྐོར་ཅུང་ཙམ་གླེང་བ>>
༣བྱ་དགའ་ཨང་གསུམ་པ།
རྩིངས་པ་དཀོན་བྷེའི་སྙན་རྩོམ<<ཨ་མ་དང་ཉི་མ་ལྷ་ས>>
མ་སངས་མཁའ་འགྲོའི་སྙན་རྩོམ<<ངའི་རྨི་ལམ་དུ་སྦྲུམ་པའི་རིག་པའི་ཁྱེའུ>>
རྨ་འོད་ཀྱི་སྙན་རྩོམ<<ཟོལ་མེད་སེམས་ཀྱི་རི་མོ>>
༤ བྱ་དགའ་ཨང་གཉིས་པ།
རྒྱ་གྲོལ་གྱི་སྙན་རྩོམ<<ཉི་ནུབ་དྲན་པ>>
སྐྱབས་ཆེན་བདེ་གྲོལ་གྱི་སྙན་རྩོམ<<བརྩེ་བའི་རྒྱལ་ཁམས་འཚོལ་བའི་གླུ>>
༥ བྱ་དགའ་ཨང་དང་པོ།
བཛྲ་ཚུལ་ཁྲིམས་ཀྱི་དཔྱད་རྩོམ<<ཡང་དག་པའི་སློབ་གསོའི་ཁ་ཕྱོགས་གླེང་བའི་གཏམ་རྫོགས་ལྡན་བསུ་བའི་སྐྱ་རེངས>>
རྩོམ་ཁུངས། ངེད་དྲ་བ།