མི་རབས་གསར་བའི་དཔེ་གཟིགས་ཁང་ཞེས་པའི་སྒོ་དངོས་སུ་ཕྱེ་བ།
མི་རབས་གསར་པའི་དཔེ་གཟིགས་ཁང་ནི་སྤྱི་ལོ་ཉིས་སྟོང་བཅུ་ལོའི་ཟླ་བཅུ་པའི་ཚེས་སུམ་ཅུ་ཉིན་གནའ་མཁར་ཟི་ལིང་ནས་དངོས་སུ་སྒོ་ཕྱེས་ཤིང་། འདི་ནི་ད་ལོ་གསར་དུ་སློབ་མཐར་ཕྱིན་པའི་ན་གཞོན་སློབ་ཆེན་པ་གཉིས་ཀྱིས་ཆེས་ཐོག་མར་སྤྱི་ཚོགས་ལ་ཁ་གཏད་བཅགས་པའི་གོམ་པ་དང་བོ་ཡིན། དཔེ་གཟིགས་ཁང་འདི་ཉིད་ཟི་ལིང་མཁར་གྲོང་སྐྱེད་ཚལ་གྱི་ཐོག་ཁང་དགུ་བའི་ཁང་ཤར་གསུམ་པའི་ཐོག་བརྩེགས་བཞི་བར་ཡོད། རྒྱ་ཁྱོན་ལ་རྨི་གྲུ་བཞི་མ་བརྒྱ་དང་བདུན་ཅུ་ལྷག་ཡོད་པས་ཁོད་ཡངས་ཁམས་བདེ་ཡི་རྣམ་པས་གྲུབ་ནས་ཡོད། དཔེ་ཁང་འདིས་གཙོ་བོར་བོད་རྒྱ་དབྱིན་གསུམ་གྱི་དཔེ་གཟིགས་གནང་བ་གཞིར་བཟུང་ནས། དཔེ་ཆ་གཡར་བ་དང་དྲ་བར་འཇུག་པ། རྒྱ་བོད་དབྱིན་གསུམ་ཡིག་སྒྱུར་བྱེད་པ། ཚགས་ཤོག་དང་དུས་དེབ་སྣ་ཚོགས་ཇུས་འགོད་དང་དཔར་སྐྲུན་བྱེད་པའི་ཞབས་ཞུ་བྱེད་པ་ལས་གཞན། རང་མོས་ཀྱི་ལབ་གླེང་བྱེད་ས་དང་། འདུ་འཛོམས་སྣ་ཚོགས་ལ་ཁོར་ཡུག་བསྐྲུན་པ། ཟབ་སྦྱོང་འཛིན་གྲྭ་བསྡུ་ས་བཅས་ཡོད་པར་མ་ཟད། བོད་རང་གི་ཁྱད་ཆོས་ལྡན་པའི་ཟས་རིགས་སྣ་ཚོགས་ཀྱང་ཡོད་པས། དུས་རབས་གསར་བའི་བོད་ཀྱི་ན་གཞོན་རྣམས་ཀྱི་ཁམས་དང་མོས་པར་མཐུན་པོ་ཡོད། ལྷག་པར་དུ། དཔེ་གཟིགས་ཁང་འདིའི་ཕྱིའི་ཁོར་ཡུག་མཛེས་ཤིང་ལྷིང་འཇགས་ཡིན་པས་རྒན་གཞོན་ཚང་མའི་ངལ་གསོའི་གནས་ལ་ཤིན་ཏུ་འཚམ་པོ་ཡོད།
འདི་ནི་དཔེ་གཟིགས་ཁང་གི་དྲ་བར་འཇུག་ས་ཡིན།
དཔེ་གཟིགས་ཁང་འདིར་གནས་སྐབས་སུ་གློག་ཀླད་གཉིས་ལས་མེད་ཅིང་། གལ་ཏེ་རང་ཉིད་ལ་གློག་ཀླད་ཡོད་ན། དཔེ་གཟིགས་ཁང་གི་གནས་གང་རུང་ནས་དྲ་བར་ཞུགས་ཆོག
འདི་ནི་དཔེ་གཟིགས་ཁང་གི་ངལ་གསོ་གནང་སའི་ཁྱམས་ར་ཡིན་ཞིང་། ཁྱམས་ར་འདིར་སྔ་དྲོ་ནས་ཕྱི་དྲོའི་དབར་དུ་ཉི་འོད་འཛོམས་པས། ངལ་གསོ་གནང་མཁན་དག་ལ་མཚོན་ན་ཁུ་སིམ་ཁམས་བསོར་གྱི་གནས་ཤིག་ཡིན།
འདི་ནི་དཔེ་གཟིགས་ཁང་གི་རང་མོས་ལབ་གླེང་བྱེད་ས་ཡིན་ཞིང་། སྐུ་མགྲོན་གྱི་ཁམས་མོས་བཞིན་དུ་བོད་ཀྱི་ཁྱད་ཆོས་ལྡན་པའི་ཟས་རིགས་སྣ་ཚོགས་དང་། དེང་རབས་ཀྱི་ཟ་རིགས་དང་བཏུང་བྱའི་རིགས་ལ་ལོངས་སྤྱོད་བྱ་ཆོག
འདི་ནི་དཔེ་གཟིགས་ཁང་གི་འདུ་འཛོམས་བྱེད་ས་དང་ཟབ་སྦྱོང་འཛིན་གྲྭ་བསྡུ་ས་ཡིན་ཞིང་། གལ་ཏེ་ཁྱོད་ཚོར་མི་འགའ་རེ་ཡོད་ཚེ་འདི་ནས་ཀྱང་གོང་བཞིན་རང་ཉིད་ཀྱི་ཁམས་མོས་ལྟར་ཟས་འཐུང་ལ་ལོངས་སྤྱོད་བྱ་ཆོག
འདི་ནི་དཔེ་གཟིགས་ཁང་གི་ཁོད་ཆེས་ཡངས་པའི་གནས་ཡིན་ཞིང་། འདིར་ཡང་གོང་གི་ཁྱམས་ར་བཞིན་སྔ་དྲོ་ནས་ཕྱི་དྲོའི་དབར་དུ་ཉི་འོད་འཛོམས་ཤིང་། དཔེ་གཟིགས་གནང་བ་དང་ངལ་གསོ་བྱེད་སར་ཤིན་ཏུ་འཚམ་པོ་ཡིན། མ་ཟད། ཅོག་ཙེའི་སྟེང་ནས་རང་མོས་བགྲོ་གླེང་སོགས་ཀྱང་གློད་ཆོག གལ་ཏེ་ཁྱོད་ཚོས་འདུ་འཛོམས་དང་ཚོགས་འདུ་བསྡུ་བ་སོགས་ཀྱི་བྱེད་སྒོ་སྤེལ་ན་འདི་ནས་ཁྱོད་ལ་འོས་འཚམ་གྱི་ཞབས་ཞུ་བྱེད་བཞིན་ཡོད། གྱང་ངོས་ཀྱི་འདྲ་པར་དག་ནི་བོད་སྤྱི་ཚོགས་ཀྱི་སྟེང་དུ་ཤན་ཤུགས་མི་ཆུང་བའི་རྒན་དར་སྐོར་ཞིག་དང་། དྲ་རྩོམ་དང་དེབ་རྩོམ་གྱི་སྟེང་ནས་གདན་ཐོབ་མི་ཆུང་བའི་ན་གཞོན་སྐོར་ཞིག་ཡིན་ཏེ། དཔེར་ན། བདག་དཔེ་ཚོགས་གཙོ་བྱས་པའི་མི་རབས་གསུམ་པ་དང་མི་རབས་བཞི་བ། ན་གཞོན་གསར་བ། གྲྭ་བ་རྩོམ་དགའ་རེ་གཉིས་བཅས་ཡིན།
དཔེ་གཟིགས་ཁང་འདིར་བོད་རང་གི་ཁྱད་ཆོས་མ་ཡལ་ཞིང་། དེང་སྐབས་རེ་ཞིག་མཐོང་རེ་དཀོན་པའི་ཅ་ལག་རེ་གཉིས་ཀྱང་ཡོད་དེ། དཔེར་ན། ལོ་ངོ་མང་བོའི་སྔོན་གྱི་ལྷམ་དང་སྒ་སྲབ་ཆ་འཛོམས། མར་ཟེའུ་དང་འོ་ཟེའུ། རྩམ་སྒམ་སོགས་ཡོད།
འདི་ནི་ཤིང་ཅོག་དང་བོད་གདན་ལ་སྤྲོ་བ་ཡལ་ཞིང་། དེང་གི་འབོལ་གདན་ལ་མོས་པ་ཆེ་བའི་སྐུ་མགྲོན་དག་ལ་ཆེད་དུ་བཀོད་སྒྲིག་བྱས་པའི་ཁང་ཆུང་ཞིག་ཡིན་ཞིང་། གཞན་ཡང་འདུག་སྟེགས་སྣ་ཚོགས་ཀྱང་ཡོད་པས་སྐུ་མགྲོན་དག་གིས་རང་གི་ཁམས་དང་མོས་པ་གཞིར་བཟུང་ནས་གདམ་གསེས་བྱ་ཆོག
འདི་ནི་དཔེ་གཟིགས་ཁང་གི་དཔེ་སྒྲོམ་གཙོ་ཤོས་ཡིན་ཞིང་། འདིར་རྗེ་ཡབ་སྲས་གསུམ་གཙོ་བྱས་པའི་བོད་རྒྱ་དབྱིན་གསུམ་གྱི་མཁས་དབང་དུ་མའི་གསུང་འབུམ་སྐོར་ཞིག་བཞུགས་ཡོད། དཔེ་གཟིགས་ལ་སྤྲོ་བའི་སྐུ་མགྲོན་དག་གིས་རང་ཉིད་ཀྱི་མོས་མདུན་ལྟར་གཟིགས་ཆོག་ཅིང་། ང་ཚོས་དུས་ལྟར་གཟིགས་མཁན་དག་གི་རེ་འདུན་བཞིན་དཔེ་གཟིགས་བགྲོ་གླེང་སྐོང་ཚོགས་ཀྱི་ཞབས་ཞུ་བྱ་ངེས་ཡིན།
དཔེ་གཟིགས་ཁང་འདིའི་འབྲེལ་གཏུག་བྱེད་གནས་གཤམ་ལྟར།
ཁ་པར་ཨང་གྲངས། 13997387337 18797189869
གླེང་མོལ་ཨང་གྲངས། 1507489704 502067073
ཡིག་ཟམ། gangrii@yahoo.com freeyak@sina.com
རྩོམ་ཁུངས། ངེད་དྲ་བ།