༼གངས་ཏི་སེ་བོན་གཞུང་རིག་མཛོད༽དཔེ་ཚོགས་འགྲེམ་སྤེལ་བཞུགས་མོལ་གྲོས་ཚོགས་པེ་ཅིང་དུ་ཚོགས་པ།
༄༅།།ཀྲུང་དབྱང་མི་རིགས་སློབ་ཆེན་ནས༼གངས་ཏི་སེ་བོན་གཞུང་རིག་མཛོད༽དཔེ་ཚོགས་འགྲེམ་སྤེལ་བཞུགས་མོལ་གྲོས་ཚོགས་གཟབ་རྒྱས་ངང་ཚོགས་པ།
༢༠༡༡ལོའི་ཟླ༦པའི་ཚེས༡༡ཉིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་དང་གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་ཀྱི་རྩོམ་སྒྲིག་ཚན་ཆུང་གིས་ཀྲུང་དབྱང་མི་རིགས་སློབ་ཆེན་
ནས༼གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས༽ཀྱི་འགྲེམ་སྤེལ་བཞུགས་མོལ་གྲོས་ཚོགས་གཟབ་རྒྱས་ངང་ཚོགས། བཞུགས་མོལ་གྲོས་ཚོགས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དཔལ་འབར་རྡོ་རྗེ་ལགས་ནས་གཙོ་སྐྱོང་གནང་ཞིང་། ཚོགས་འདུར་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དོན་གྲུབ་དབང་འབུམ་དང་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལས་འཛིན་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ། ལིས་ཉིན་ཐེབས་རྩ་ཚོགས་པའི(李宁基金会)ཚོགས་གཙོ་ལིས་ཉིན་ལགས། རྒྱལ་ཁབ་སློབ་གསོ་པུའུ་མི་རིགས་གྲངས་ཉུང་ཐེབས་རྩ་ཚོགས་པའི་འགོ་གཙོ་བཤད་སྒྲུབ་ལགས། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་དགེ་རྒན་སྐལ་བཟང་རྒྱལ་ལགས། དཔེ་ཚོགས་ཀྱི་འགན་འཁུར་བ་རྩེ་ཞིག་ཚང་བསྟན་པའི་ཟླ་བ། གཙོ་སྒྲིག་པ་ཚེ་རིང་ཐར། གཙོ་སྒྲིག་གཞོན་པ་ཚུལ་ཁྲིམས་བསྟན་པའི་ཟླ་བ། ཁྲིན་ཆིན་དབྱིན་ལགས། སྒྲོལ་མ་རྒྱལ་སོགས་བོད་རིག་པའི་མཁས་པ་དང་དགེ་རྒན་ད་དུང་འདི་གའི་དགེ་སློབ་རྣམས་ཞུགས།
ཚོགས་ཐོག་ཏུ་གཙོ་སྒྲིག་པ་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས་དཔེ་ཚོགས་ངོ་སྤྲོད་དང་བོན་གྱི་རིག་གནས་དང་འབྲེལ་ཏེ་གཏན་བཤད་གནང་ཞིང་། དཔེ་ཚོགས་འདིའི་འགན་འཁུར་བ་རྩེ་ཞིག་ཚང་བསྟན་པའི་ཟླ་བ་ནས་གསུང་བཤད་གནང་བ་སྟེ། ༼བོད་རང་གི་སྲོལ་རྒྱུན་རིག་གཞུང་གཅེས་འཛིན་དང་སྲུང་སྐྱོབ། འཕེལ་རྒྱས་གཏོང་དགོས་པ་དང་། རིག་གཞུང་དཔེ་ཚོགས་འདིའང་དགོངས་དོན་འདི་དམ་དུ་བཟུང་ནས་བསྒྲིགས་ཤིང་། དཔེ་ཚོགས་འདི་ནི་ཞང་བོད་ཤེས་རིག་གི་འགོ་ཁུངས་གཏུགས་སའི་དཔེ་རྙིང་རྩ་ཆེན་གྱི་ཡིན་པ་སོགས་གསུངས་སོ།༽ དེར་མ་ཟད་ཚོགས་འདུར་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དོན་གྲུབ་དབང་འབུམ་དང་བཤད་སྒྲུབ། བློ་བཟང་ལྷུན་གྲུབ་རྡོ་རྗེ། ལིས་ཉིན། དགེ་རྒན་སྐལ་བཟང་རྒྱལ། ཁྲིན་ཆིན་དབྱིན། སྒྲོལ་མ་རྒྱལ་ལགས་བཅས་ནས་སྔ་གཞུག་ཏུ་གསུངས་བཤད་གནང་ཞིང་དཔེ་ཚོགས་འདི་པར་བསྐྲུན་འགྲེམ་སྤེལ་བྱས་པར་གདེངས་འཇོག་ཆེན་པོ་གནང་།
༼ གངས་ཏི་སེ་བོན་གཞུང་རིག་མཛོད༽ དཔེ་ཚོགས་ངོ་སྤྲོད་མདོར་བསྡུས།
དཔེ་ཚོགས་འདི་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་སློབ་དཔོན་ཆེན་མོའམ་གླིང་གཙོ་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས་གཙོ་སྒྲིག་བྱས་ཤིང་། མདོ་སྨད་བསང་ཆུ་རྫོང་གི་དཔལ་གཤེན་བསྟན་རྩེ་ཞིག་དགོན་པ་གཙོར་བྱས་རིགས་མཐུན་མཁས་དབང་རྣམ་པས་ལོ་གསུམ་ལ་ཉེ་བའི་ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས་གྲུབ་པ་དང་། ལེ་ཉིན་ཐེབས་རྩ་ཚོགས་པས(李宁基金会)མ་རྩའི་རྒྱབ་སྐྱོར་གྱི་རོགས་རམ་མཛད་པ་བཅས་ལ་བརྟེན། དཔེ་ཚོགས་ཆེན་མོ་འདི་༢༠༡༡ལོའི་ལོ་འགོར་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
༼གངས་ཏི་སེ་བོན་གཞུང་རིག་མཛོད༽དཔེ་ཚོགས་ནི་བོད་གནའ་བོའི་ཤེས་རིག་གི་ཉིང་བཅུད་གཅིག་ཏུ་བསྡུས་པའི་བོན་གྱི་དཔེ་ཚོགས་གལ་ཆེན་ཞིག་སྟེ། དེའི་ནང་དུ་དཔེ་ཚན་རིང་ཐུང་འདྲ་མིན་བརྒྱ་ལྷག་བསྡུས་ཡོད་ཅིང་། དེ་དག་ནི་སྟོན་པ་གཤེན་རབ་ནས་བཟུང་ད་ལྟའི་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱི་བར་དུ་རིམ་པར་བྱོན་པའི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་བཀའ་དང་བཀའ་བརྟེན་ཚད་མ་ལས་བྱུང་བ་འབའ་ཞིག་ཡིན། དཔེ་ཚོགས་ཀྱི་ནང་དོན་གཏན་འབེབས་ཐད་མདོ་དབུས་ཁམས་གསུམ་གྱི་བོན་པོའི་བླ་སྤྲུལ་ཡོན་ཏན་འཛིན་པའི་སྡེ་དང་། དགེ་བའི་བཤེས་གཉེན། བོད་རིག་པའི་སློབ་དཔོན་ཆེན་མོ་ཁ་ཤས་བཅས་མཁས་པ་སུམ་ཅུ་ལྷག་ལྷན་དུ་འཚོགས་ནས་བཀའ་འགྲོས་ཡང་ཡང་བགྱིས་ཤིང་གཡུང་དྲུང་བོན་གྱི་བཤད་སྒྲུབ་སྤྱི་ལ་རྒྱུག་པའི་སློབ་བསྟེན་གྱི་ཁྲིད་གཞིར་བཟུང་ཆོག་པའི་ཚད་གཞི་ལོང་བ་བྱས་ནས་བསྒྲིགས་ཡོད། དེའི་ནང་གི་དཔེ་རྒྱུན་ཕལ་མོ་ཆེ་སྣུམ་པར་རམ་ལག་བྲིས་རྐྱང་རྐྱང་ཡིན་ཞིང་ཤིང་པར་དང་ལྕགས་པར་གྱི་མ་ཕྱི་ཉུང་ཤས་ཤིག་ཀྱང་ཚུད། དཔེ་ཚོགས་གོ་རིམ་སྒྲིག་སྟངས་ནི་ཐ་སྙད་རིག་གནས་དང་། མཚན་ཉིད་མདོ། གསང་བ་སྔགས། བླ་མེད་རྫོགས་ཆེན་བཅས་ཚན་པ་བཞི་རུ་བགར་བ་དང་། དེ་དག་གི་ནང་གསེས་རིག་གནས་ཀྱི་སྐོར་ལ། སྟོན་པའི་མཛད་རྣམ་དང་ལོ་རྒྱུས་ཀྱི་སྐོར། བརྡ་དག་སྒྲ་སྦྱོར་གྱི་སྐོར། སྙན་ངག་མངོན་བརྗོད་ཀྱི་སྐོར། བཟོ་རིག་དང་རྩིས་ཀྱི་སྐོར། གསོ་རིག་འབུམ་བཞི་བཅས་ཡོད། མདོ་ཡི་སྐོར་ལ། བསྡུས་ཚད་བློ་རྟགས་ཀྱི་སྐོར། བྱང་ཆུབ་ལམ་རིམ་བློ་སྦྱོང་གི་སྐོར། ཐེག་རིམ་དང་དབུ་མའི་སྐོར། ཐེག་པ་ཆེན་པོ་ས་ལམ་གྱི་སྐོར། ཤེར་ཕྱིན་སྔ་དུམ་གྱི་སྐོར། ཤེར་ཕྱིན་ཕྱི་དུམ་གྱི་སྐོར། སྣང་སྲིད་མཛོད་ཕུགས་ཀྱི་སྐོར། འདུལ་བ་རྒྱས་བསྡུས་ཀྱི་སྐོར། སྡེ་སྣོད་མཛོད་རྩ་འགྲེལ་བཅས་ཡོད། གསང་སྔགས་ཀྱི་སྐོར་ལ། སྤྱི་སྤུངས་བསེན་ཐུབ་ཀྱི་སྐོར། གསང་སྔགས་རྒྱུད་དྲུག་གི་སྐོར། གསང་སྔགས་བཀའ་འགྲེལ་གྱི་སྐོར། གསང་སྔགས་མ་རྒྱུད་ཀྱི་སྐོར་བཅས་ཡོད། རྫོགས་ཆེན་གྱི་སྐོར་ལ། རྫོགས་ཆེན་ཚད་མའི་སྐོར། རྫོགས་ཆེན་མན་ངག་བཀའ་བརྟེན་གྱི་སྐོར། རྫོགས་ཆེན་སྐུ་གསུམ་རང་ཤར། བྱང་སེམས་གབ་པའི་རྩ་འགྲེལ། རྫོགས་ཆེན་ཡང་རྩེ་ཀློང་ཆེན། རྫོགས་ཆེན་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི། རྫོགས་ཆེན་ཡེ་ཁྲི་མཐའ་སེལ་བཅས་ཡོད་ལ་ཁྱོན་དེབ་ཕྲེང་ཉེར་ལྔའི་བདག་ཉིད་ཅན་ཡིན་པོ། ། ལོ་རྒྱུས་ཤིན་ཏུ་རིང་བའི་གཡུང་དྲུང་བོན་ནི་རིག་གཞུང་གི་ཁྱབ་ཁོངས་རྒྱ་ཆེ་ཞིང་གཏན་ཚིགས་ཀྱི་རིགས་ལམ་ཟབ་ཅིང་བརླིང་བར་མ་ཟད། བོད་ཀྱི་ཆོས་རིག་ལོ་རྒྱུས་སྤྱི་ལ་བོན་གྱི་ཤན་ཤུགས་རྒྱ་ཆེན་པོ་ཐེབས་ཡོད་ཅིང་། འཛམ་གླིང་རིག་གནས་ནོར་བུའི་བང་མཛོད་ནང་སྙིང་རྗེ་དང་ཤེས་རབ་ཀྱི་གཏེར་དུ་གྱུར་བའི་སངས་རྒྱས་བསྟན་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་སྨོས་ཅི་དགོས། དེ་བས་དཔེ་ཚོགས་འདི་སྤྱི་ཚོགས་སྟེང་ཡོངས་སུ་བཀྲམ་པ་བརྒྱུད་བོན་གྱི་གཞུང་ལུགས་ཚན་ཁག་འདྲ་མིན་གྱི་ལྟ་སྤྱོད་གང་གི་ཆ་ལ་ངེས་ཤེས་ཡང་དག་རྙེད་པ་དང་འབྲེལ། ཡ་ཐོག་ཞང་བོད་ཀྱི་ལོ་རྒྱུས་དང་སྤྱི་ཚོགས་དམངས་སྲོལ། བསམ་བློའི་འདུ་ཤེས། མཛེས་དཔྱོད་རིན་ཐང་སོགས་ཀྱི་མུ་མཐའ་རིང་པོ་གསལ་བའི་རིག་གཞུང་གི་སྒེའུ་ཁུང་ལྟ་བུར་ཡང་བཟུང་ཆོག་ཆོག་ཡིན།
༼གངས་ཏི་སེ་བོན་གཞུང་རིག་མཛོད༽དཔེ་ཚོགས།
འགྲེམ་སྤེལ་མཛད་སྒོར་ཕེབས་པའི་སྐུ་མགྲོན།
དཔེ་སྒྲིག་འཁན་འཁུར་པ་རྩེ་ཞིག་ཚང་བསྟན་པའི་ཟླ་བ་ལགས་ཀྱིས་གསུང་བཤད་གནང་བཞིན་པ།
ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོའམ་དཔེ་ཚོགས་ཀྱི་གཙོ་སྒྲིག་པ་ཚེ་རིང་ཐར་ལགས་ཀྱིས་གསུང་བཤད་གནང་བཞིན་པ།
བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལས་འཛིན་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་ནས་གཏམ་བཤད་གནང་བཞིན་པ།
ཚོགས་ར།
རྩོམ་ཁུངས། ངེད་དྲ་བ།