༼སྐར་མ་འོད་ཆེན༽འདོན་ཐེངས་བཅུ་དྲུག་པའི་འགྲེམ་སྤེལ་ཚོགས་འདུ་བསྡུས་པ།
༼སྐར་མ་འོད་ཆེན༽ནི་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གིས་གཙོ་གཉེར་བྱས་པའི་རྩོམ་རིག་ལོ་དེབ་ཅིག་ཡིན་ལ། ༡༩༩༤ལོར་འདོན་ཐེངས་དང་པོ་སྤེལ་བ་ནས་བཟུང་དུས་ད་ལྟའི་བར་དུ་རྒྱུན་མཐུད་ཀྱིས་འདོན་ཐེངས༡༦རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བཀྲམ་པ་རེད། ཉེ་ལམ་སྐར་མ་འོད་ཆེན་འདོན་ཐེངས ༡༦ པའི་རྩོམ་སྒྲིག་གི་བྱ་བ་ལེགས་འགྲུབ་བྱུང་སྟེ། བོད་རིག་པ་ཞིབ་འཇུག་གླིང་དབུ་བརྙེས་ནས་ལོ་འཁོར་དྲུག་ཅུ་ལོན་པར་ལེགས་སྐྱེས་སུ་ཕུལ་བ་དང་ལྷན་དུ ༢༠༡༡ ལོའི་ཟླ་དྲུག་པའི་ཚེས ༡ ཉིན་འགྲེམ་སྤེལ་ཚོགས་འདུ་བསྡུས་པ་རེད། ཚོགས་འདུར་གླིང་གཙོ་གཞོན་པ་དགེ་རྒན་བཀྲ་བྷ་ལགས་གཙོ་བྱས་པའི་རྩོམ་རིག་ལ་མོས་པའི་ཞིབ་འཇུག་སློབ་མ་དང་དངོས་གཞིའི་སློབ་མ་རྣམས་ཞུགས་པ་མ་ཟད་རྒན་ལགས་ཀྱིས་ཚོགས་ཐོག་ཏུ་གཏམ་བཤད་གནང་།
ཚོགས་འདུར་རྩོམ་སྒྲིག་པ་རྣམས་ཀྱིས་དུས་དེབ་ཀྱི་རྩོམ་སྒྲིག་གི་བྱ་བ་དང་དེབ་ཀྱི་སྒྲིག་གཞི་སོགས་རེ་རེ་བཞིན་ངོ་སྤྲོད་གནང་ཞིང་། ཞིབ་འཇུག་སློབ་མ་གཡག་བུ་དཔལ་རྩལ་ལགས་ཀྱིས་གྲོས་འགོ་བཏོན་པ་བཞིན་རྩོམ་པ་པོས་ཚོགས་དབུས་སུ་རང་ཉིད་ཀྱི་ལྗགས་རྩོམ་གྱེར་འདོན་བྱེད་པའི་རྣམ་པ་གསར་བ་ཞིག་ཏུ་བསྒྱུར། དེ་བས་སྔ་གཞུག་ཏུ་སློབ་གྲོགས་དཔལ་རྩལ་དང་བྱམས་ཕྲུག་བཅས་ནས་རང་གི་བརྩམས་ཆོས་གྱེར་འདོན་བྱས། ཚོགས་ཞུགས་སློབ་གྲོགས་རྣམས་ཀྱིས་བགྲོ་གླེང་གིས་ཚོགས་འདུ་དུས་ཚོད་གསུམ་ཙམ་ལ་ཚོགས།
༼སྐར་མ་འོད་ཆེན༽འདོན་ཐེངས་འདིའང་དེབ་སྔོན་མ་བཞིན་རྩོམ་རིག་རྐྱང་བར་ཁ་ཕྱོགས་ཡོད་ལ། སྒྲིག་གཞིའི་ཐད་ནས་སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ། དཔྱད་བརྗོད་སོགས་ཀྱི་ལེ་ཚན་བཀོད་ཡོད། རྗེས་ཕྱོགས་སུ་འཁྲབ་གཞུང་ཁ་སྣོན་བྱེད་ཐུབ་ཚེ་གཞི་ནས་རྩོམ་རིག་རྐྱང་བའི་དེབ་ཞིག་ཏུ་འགྱུར་བར་གདོན་མི་ཟའོ།། རྩོག་རིག་ལོ་དེབ་འདི་ཉིད་མི་འགྱངས་བར་བོད་ཀྱི་ཀློག་པ་པོ་ཀུན་གྱི་སྤྱན་ལམ་དུ་བསྟར་རྒྱུ་ཡིན་པས། ཀུན་གྱིས་སྤྱན་གཟིགས་གནང་བར་དགའ་བསུ་ཞུ།
རྩོམ་ཁུངས། ངེད་དྲ་བ།