ཀྲུང་དབྱང་མི་རིགས་སློབ་ཆེན་དུ༼རང་གྲོལ་ཞིབ་འཇུག་དང་ཀློག་པོ་མཉམ་འཛོམས༽ཞེས་པའི་འདུ་ཚོགས་བསྡུས་པ།
༼ནོར་བུ་དབང་ལྡན། ཁྲིན་ཆིན་དབྱིན། གསང་བདག དགུ་རོང་སྤུན་གྲོལ༽
སྤྱི་ལོ་༢༠༡༡ལོའི་སྤྱི་ཟླ༥བའི་ཚེས༢༡ཉིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པ་ཞིབ་འཇུག་སློབ་གླིང་དུ་རང་གྲོལ་ཞིབ་འཇུག་འདོན་ཐེངས་གཉིས་པའི་དཔེ་སྐྲུན་འགྲེམས་སྤེལ་བྱས་ནས་ཅུང་མ་འགོར་བའི་དུས་བབ་དེ་དང་བསྡོངས་ནས༼རང་གྲོལ་ཞིབ་འཇུག་དང་ཀློག་པོ་མཉམ་འཛོམས༽ཞེས་པའི་གླེང་མོལ་ཚོགས་འདུ་བསྡུས།
ཐེངས་འདིའི་གླེང་མོལ་ཚོགས་འདུའི་སྟེང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་དགེ་རྒན་ཆེན་མོ་ཁྲིན་ཆིན་དབྱིན་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པ་སློབ་གླིང་གི་དགེ་རྒན་ཆེན་མོ་གསང་བདག ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་གེ་སར་ཞིབ་འཇུག་ཚོགས་པའི་གཞུང་ལས་ཁང་གི་ཀྲུའུ་རིན་ནོར་བུ་དབང་ལྡན། རང་གྲོལ་ཞིབ་འཇུག་པ་དགུ་རོང་སྤུན་གྲོལ་བཅས་ཆེད་ཞུ་གདན་འདྲེན་བྱས་ནས་གཏམ་གླེང་བགྱིས།
༼ཚོགས་རའི་ཟུར་ཞིག༽
བྱེ་བྲག་ཏུ་སྐུ་ཞབས་རང་གྲོལ་སྐུ་འཚོ་བཞུགས་སྐབས་ཀྱི་གྲོགས་པོ་དང་ཡིག་སྒྱུར་ལས་གྲོགས་དགེ་རྒན་ཁྲིན་ཆིན་དབྱིན་ལགས་ཀྱིས་སྐུ་ཞབས་རང་གྲོལ་གྱི་བརྩམས་ཆོས་དང་བསམ་བློ་སྐོར་ནས་གླེང་དུས། ཁོང་གི་བརྩམས་ཆོས་དང་བསམ་བློ་དག་ནི་དེ་རིང་ང་ཚོའི་མིག་མདུན་དུ་བཤམས་པའི《རང་གྲོལ་ཞིབ་འཇུག》སྟེང་གི་བོད་མིའི་སེམས་ནང་གི་རྡོ་རིང་ཞེས་པ་དང་མིང་དོན་མཚུངས་ཚུལ་གྱི་ལྟ་ཚུལ་སོགས་དང་། ཁོང་གི་གྲོགས་པོ་བཟང་བོ་དགེ་རྒན་གསང་བདག་ལགས་ཀྱིས་དེང་སང་ན་གཞོན་ཁྱེད་ཚོས་ཧ་གོ་དགོས་པ་ཞིག་ལ་ང་ཚོ་མི་སུ་ཡིན་རུང་རང་ཤི་རྒྱག་འདོད་ཀྱི་འདུན་པ་ཡོད་པ་མ་རེད། སྐུ་ཞབས་རང་གྲོལ་གྱིས་ཁོང་གི་རང་སྲོག་བཅད་པ་དེ་ནི་སྐབས་དེའི་སྤྱི་ཚོགས་ཀྱི་གླེང་ཕྱོགས་ཤིག་གམ། གུ་དོག་པའི་རིག་གནས་ཀྱི་ཁོར་ཡུག་དེས་བགྲོངས་པ་ཡིན་ཚུལ་སོགས་དང་། སྐུ་ཞབས་རང་གྲོལ་གྱི་སློབ་མ་ནོར་བུ་དབང་ལྡན་ལགས་ཀྱིས་རང་གྲོལ་གྱི་བསམ་བློའི་སྐོར་ནས་གླེངས་ཏེ། རང་གྲོལ་ལགས་ནི་ལྷ་ཆོས་ནས་མི་ཆོས་རིང་ལུགས་ཀྱི་འཇིག་རྟེན་ལྟ་ཚུལ་དུ་བསྙེགས་པ་དང་། རང་དབང་ནས་རང་སད་དམ་སད་རྟོགས་ཀྱི་གོ་རིམ་དུ་བསྙེགས་པའི་གཅེས་ནོར་དམ་པ་དེ་ཡིན་པའི་ལྟ་ཚུལ་བརྗོད་བྱུང་ལ། དགུ་རོང་སྤུན་གྲོལ་ལགས་ཀྱིས་རང་གྲོལ་ཞིབ་འཇུག་གི་བྱུང་འཕེལ་རགས་བསྡུས་དང་ལོ་ངོ་གཉིས་རིང་གི་ཞིབ་འཇུག་ཁྲོད་ཀྱི་དོན་གྲུབ་རྒྱལ་འཚོལ་ཞིབ་སྐོར་ནས་གླེངས་ཤིང་། ཞོར་དུ་བོད་ཀྱི་ཤེས་ཡོན་པའི་སྡེ་ཡི་སྣོག་ལས་ཞེས་པའི་བརྗོད་གཞིའི་སྟེང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་ཞིབ་འཇུག་སློབ་མས་རྩོམ་སྒྲིག་བགྱིས་པའི་སྤྱི་ཚོགས་གླིང་བརྗོད་དུས་དེབ་ཏུ་འབོད་པའི《ང་རོ》སྤྱིའི་འདོན་ཐེངས་བཞི་པའི་སྟེང་། ན་རོ་ཞེས་པའི་རྩོམ་མཁན་ཞིག་གིས་རྩོམ་ཡིག་རྐུ་འབྲི་བྱས་ཡོད་པ་དང་། ལྷག་ཏུ་ཕྱི་ཡིག་ནང་དོན་གྲུབ་རྒྱལ་གྱི་སྐོར་ལ་དཔྱད་པ་བཏང་བའི་རྩོམ་བྱང་འགྱུར་ནོར་དག་ཀྱང་རང་ཉིད་ཀྱིས་ཤེས་མདོག་གི་རྣམ་པས་བྲིས་རྩོམ་མཛད་པ་དེར་བོད་ཀྱི་སློབ་ཆེན་པའི་སྡེ་ན་གོ་ས་ངེས་ཅན་ཟིན་ཡོད་པའི་སློབ་གླིང་འདིས་གཟབ་ནན་གྱིས་འགན་མ་ཁུར་བ་དེ་ལ་དགག་རྒྱག་ཚ་ནན་བྱས།
ཆོལ་གསུམ་གྱི་དབྱངས་རྟར་བརྒྱུས་པའི《ལང་ཚོའི་རྦབ་ཆུ》
གཞན་ཞིབ་འཇུག་སློབ་མ་ཕ་བོང་དང་། གཡག་བུ་དཔའ་རྩལ། བཙུན་པོ་དོན་གྲུབ། ལྷ་མོ་བཀྲ་ཤིས། ཨ་བོ་བཅས་ཀྱིས་སྐུ་ཞབས་རང་གྲོལ་གྱི་མི་ཚེའི་རིན་ཐང་དང་། བརྩམས་ཆོས་ཀྱི་བསམ་བློ། བློ་འབྱེད་ཀྱི་སྙིང་སྟོབས། རིགས་ཀྱི་འགན་འཁྲི་འདུ་ཤེས་བཅས་ཀྱི་སྐོར་ནས་རང་སོ་སོའི་ལྟ་ཚུལ་གསོང་བོར་བརྗོད་པ་དང་། ཚོགས་ཞུགས་སློབ་གྲོིགས་སྐོར་ཞིག་གིས་ཀྱང་གླེང་མོལ་གོ་རིམ་ཁྲོད་དུ་རང་ཉིད་ཀྱི་ལྟ་ཚུལ་རྣམས་ལྷུག་པོར་བརྗོད་བྱུང་ལ། མཇུག་ཏུ་སློབ་གླིང་འདིའི་གླིང་གཙོ་གཞོན་པ་དགེན་བཀྲ་བྷས་ཚོགས་འདུ་མཇུག་བསྡུ་བའི་གཏམ་བཤད་དེ་འདུ་ཚོགས་བདེ་ལེགས་ངང་གྲོལ།
༼གླིང་གཙོ་བཀྲ་བྷས་མཇུག་བསྡུ་བའི་གཏམ་བཤད་པ༽
རྩོམ་ཁུངས། ངེད་དྲ་བ།