སྲིན་མོ་བུད་མེད་རོགས་སྐྱོར་ཚོགས་པས་མཚོ་སྔོན་ཞིན་ཧེ་ནས་བྱེད་སྒོ་སྤེལ་བ།
ངེད་བུད་མེད་རོགས་སྐྱོར་ཚོགས་པས་གུང་གསེང་སྤྱད་དེ་ཟླ་བདུན་པའི་ཚེས25ནས་ཚེས28བར་མཚོ་སྔོན་ཞིན་ཧེ་ས་ཁུལ་ནས་ཉིན་བཞིའི་རིང་ལ་བོད་རྒྱ་མི་རིགས་གཉིས་ཀྱི་སྐྱེས་ཕོ་མོ་ཉིས་བརྒྱ་ཙམ་བསྡུས་ཏེ་སྔར་བཞིན་ཨེ་ཙི་སོགས་ཚེ་སྲོག་ལ་ཉེན་ཁ་ཆེ་བའི་མཚན་མའི་འགོས་ནད་སྣ་ཚོགས་ཀྱི་འབྱུང་རྐྱེན་དང་འགོས་ནད་དེ་རིགས་སྔོན་འགོག་བྱེད་ཐབས་ཐད་ཀྱི་ཤེས་བྱ་ཁྱབ་སྒྲོག་བྱས་པ་དང༌། བུད་མེད་རྣམས་ལ་བྱུང་བའི་མོ་ནད་སྣ་ཚོགས་བརྟག་སྟེ་གང་ལ་གང་མཁོའི་སྨན་བཅོས་བྱས་ཤིང༌། འཕྲོད་བསྟེན་རྒྱུན་ཤེས་སོགས་བསྒྲགས་པ་མ་ཟད། སྡོམ་པས་རིན་གོང་དམངས་སྒོར3000ལྷག་གི་སྨན་སྣ་ཚོགས་དང་དོར་ཐུང་ནང་གོས་བྱིན་པ་ཡིན། ཐེངས་འདིར་བྱིན་པའི་སྨན་རིགས་སྣ་ཚོགས་ནི་ཀྲུང་དབྱང་བརྙན་འཕྲིན་ཁང་དང་ཆིང་ཧོང་ཏོ་སོགས་གྲོང་ཁྱེར་གྱི་བུད་མེད་ལྷག་བསམ་ཅན་ཚོས་བསྐུར་ཡོང་བ་ཡིན་ལ། ནང་གོས་སོགས་འཕྲོད་བསྟེན་ཡོ་ཆས་ཐད་ཀྱི་འགྲོ་གྲོན་ངེད་ཅག་སྒེར་ངོས་ནས་བཏང་བ་ཡིན། འདི་ནི་ཧོ་ཁ་ཡུལ་ཚོ་ནས་སྤེལ་བའི་བྱེད་སྒོ་ཡིན་ལ། ཉིན་དེར་འདུས་པ་ཕལ་ཆེར་རྒྱའི་བུད་མེད་རེད།
ཐེངས་འདིའི་བྱེད་སྒོ་ལ་ཞུགས་མཁན་དཔལ་མོ་དང་ཚེ་རིང་དགའ་སྐྱིད། མཁར་མོ་རྒྱལ་ལས་གཞན་ད་དུང་ཀན་སུའུ་ཞིང་ཆེན་ཐང་ག་རིག་གནས་ཞིབ་འཇུག་ཁང་གི་ཀླུ་མོ་དང་མཚོ་སྔོན་ཞིང་ཆེན་གསོ་རིག་སློབ་གླིང་གི་ཤེས་རམས་པ་ལྷ་མཚོ་སྒྲོལ་མ། གུང་ཧོ་རྫོང་ཐང་གི་སྨན་པ་ཀླུ་མོ་སྐྱིད། ནུབ་བྱང་མི་རིགས་སློབ་ཆེན་གྱི་ལྕགས་མོ་རྒྱལ་བཅས་ཡིན།
འདི་ནི་སྨན་པ་ལྷ་མཚོ་སྒྲོལ་མས་མང་ཚོགས་ལ་འཕྲོད་བསྟེན་ཤེས་བྱ་སྒྲོག་པའི་སྒང་ཡིན།
ང་ཚོས་ཉིན་དང་པོར་ཧོ་ཁ་ཡུལ་ཚོ་ནས་བྱེད་སྒོ་སྤེལ་བ་ཡིན་ལ། ས་གནས་སྲིད་གཞུང་གི་འགོ་ཁྲིད་རྣམ་པའི་རྒྱབ་སྐྱོར་ལ་བརྟེན་ནས་བུད་མེད་ལྔ་བཅུ་ལྷག་ལ་འཕྲོད་བསྟེན་ཤེས་བྱ་དྲིལ་སྒྲོག་ཐུབ་པ་བྱུང༌། ཡིན་ན་ཡང་དེར་འདུས་ཀྱི་བུད་མེད་མང་ཤོས་ཡུལ་ཚོ་དེའི་ཉེ་འཁོར་ན་ཚོང་ལས་སོགས་གཉེར་བཞིན་པའི་དཔལ་འབྱོར་ཆ་རྐྱེན་དང་འཕྲོད་བསྟེན་འདུ་ཤེས་ཅུང་བཟང་བའི་བུད་མེད་དག་རེད། དེ་ནི་འགོ་ཁྲིད་ཀྱིས་རྩ་འཛུགས་བྱས་པར་འཐུས་ཤོར་ཅུང་བྱུང་བས་རེད། ཉིན་གཉིས་པ་དང་གསུམ་པར་ང་ཚོ་ཧ་ལམ་སྤྱི་ལེ་བརྒྱད་ཅུ་ཡོད་པའི་དབྱར་སར་སོང་སྟེ། སྡེ་བ་སོ་སོའི་དཔོན་པོར་དངོས་སུ་འཕྲད་ཅིང་རེ་བ་ནན་མོ་ཞུས་པར་བརྟེན་ནས་ཕོ་མོ་སོ་སོ་ཚན་སྐོར་བགོས་ཤིང་སྦྲ་གུར་ནང་ལ་བསྡུས་ཏེ་འགོས་ནད་སོ་སོའི་ཚབས་ཆེན་རང་བཞིན་བསྒྲགས་པ་ཡིན།
འདི་ནི་ཐེངས་འདིར་སྦྱིན་པའི་སྨན་དང་ནང་གོས་ཡིན།
ཐེངས་འདིའི་བྱེད་སྒོ་སྤྱི་སྡོམ་བྱེད་པའི་ཁྲོད་དུ་རྗེས་ཕྱོགས་ནས་བཟུང་བོད་སྨན་སྦྱིན་རྒྱུའི་གྲོས་མཐུན་བྱུང་ཡོད།
རྩོམ་ཁུངས། ངེད་དྲ་བ།