སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུ་སྐབས་ལྔ་བའི་རྨ་ལྷོ་སོག་རྫོང་གི་ཚོགས་རའི་གནས་ཚུལ།
༼སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུ་༽ནི་མིང་སྐམ་ཁུར་བ་ཚོ་ལྷན་ཏུ་འཛོམས་ནས་ལྦུ་རག་འཐུང་དང་སྟོང་ལབ་བརྒྱག་ཁོ་ན་མ་ཡིན་པར། གང་དེའི་བསྐྱེད་པའི་གསོན་ཤུགས་ནི་ག་ས་གང་ན་སྨག་རུམ་བརྟོལ་བའི་སྐར་ཚོམ་བཞིན་འཚེར་གྱིན་འདུག་པས་ན། ཐ་སྙད་དང་མིང་ཚིག་གིས་བཟུང་གྲུ་ཁ་སོ་སོ་ན་གསོན་པོའི་ཚེ་སྲོག་གི་མེ་ལྕེ་བཞིན་འབར་གྱིན་འདུག
དེས་ན། ངེད་ཅག་ན་གཞོན་སྐོར་ཞིག་གིས་ཀྱང་༼སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུ་༽དེ་ཚོགས་ར་གང་ཞིག་ལ་ཡོང་མི་ཡོང་གིས་སྒམ་ཚུགས་སྟོན་ས་མ་ཡིན་པར། སེམས་དང་བརྩེ་བ་ལག་སྦྲེལ་གྱི་རྩེད་ར་ཞིག་ཏུ་བརྩིས་ཏེ། སྐབས་ལྔ་བའི་༼སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུ་༽དེ་ཉིད་ཀྱི་སྐྱེས་སྐར་བསུས་པ་དེ་གཅིག་ཡིན་ལ།
གཞན་ཞིག་ནི། སྙན་ངག་ལ་སྐད་སྒྲ་ཡོད་པ་དང་སྙན་ངག་པ་རང་ཁྱིམ་ནས་འུག་པ་སྐུང་སྐུང་མ་བྱས་པར་སྤྱི་ཚོགས་ཀྱི་ཟ་དང་ཟུར་ལ་བརྩེ་བས་འཛུལ་བ་དེའང་འདུ་ཚོགས་འདིས་དམིགས་ཡུལ་ཡིན་པ་འདྲ་བས། ང་ཚོ་འདི་ལྟར་འཛོམས་བྱུང་།
དེ་གར་དངོས་སུ་འཛོམས་པའི་མི་སྣ་ཤེས་རབ་དང་། གཡུ་སྒང་ཟླ་གཞོན། བེ་སིའི་རིན་ཆེན། ཧྭ་སར་ཐབས་མཁས། མདའ་བཙན་པོ། མདའ་ལྗང་ལོ། དྲུང་ཡིག་རབ་ཁོ། ཚེ་རིང་དབང་ལྡན།དོན་གྲུབ་ཚེ་རིང་། རྩེ་འཇིགས་མེད། མདའ་རྐང་རིང་། དཀོན་མཆོག་བསམ་འགྲུབ། བཀྲ་ཤིས་དོན་འགྲུབ། དབང་ལྡན་ཚེ་བརྟན། ཁེར་ཁང་དཔུང་ཡས་སོགས་སྙན་ངག་པ་དང་སྲིད་འཛིན་དཔོན་པོ། གྲྭ་བ། རྩོམ་རིག་དཔྱད་བརྗོད་པ། སློབ་མ་བཅས་ལས་རིགས་མི་གཅིག་པའི་མི་སྣ་ཉི་ཤུ་ལྷག་གིས་དུས་ཚོད་བརྒྱད་ཀྱི་རིང་ལ་སྙན་ངག་གྱེར་འདོན་དང་རྩོམ་རིག་བགྲོ་གླེང་བྱས།(ཕྱི་དྲོའི་ཆུ་ཚོད ༥ ནས་མཚན་གུང་གི་ཆུ་ཚོད ༡ བར)
རྩོམ་ཁུངས། ངེད་དྲ་བ།