བོད་ཀྱི་དྲ་བའི་རིག་གནས་ལ་བྱས་རྗེས་ཆེ་བའི་མི་སྣ་འགར༼དྲ་བའི་སྐར་ཆེན་༽ཞེས་པའི་མཚན་སྙན་གནང་བ།
ཉེ་ལམ་ངེད་དགེ་འདུན་ཆོས་འཕེལ་རྩོམ་རིག་དྲ་བས་འགན་བསྒྲུབས་བྱས་པའི་དྲ་བའི་རིག་གནས་ལ་བྱས་རྗེས་ཅན་གྱི་མི་སྣའི་བྱ་དགའ་དེ་དཔྱད་འདེམས་པ་བཅུ་གཅིག་གཙོས་པའི་དྲ་གྲོགས་སྤུན་ཟླ་མང་པོ་ཞིག་གི་བསམ་འཆར་ལ་ཉན་ལེན་སྒོས་དེ་རིང་སྔ་དྲོའི་ཆུ་ཚོད་༡༠དང་ཕྱེད་ཀའི་སྟེང་དངོས་སུ་བདམས་ཐོན་བྱུང་སྟེ་ཐག་བཅད་པ་ནི། བྱ་དགའི་མིང་ལ་བོད་ཀྱི་ཆེས་ཐོག་མའི་༼དྲ་བའི་སྐར་ཆེན༽གྱི་མཚན་སྙན་ཞེས་བཏགས་ནས་ཡོད་ཅིང་། དེ་ཡང་དྲ་བའི་རྩོམ་པ་པོ་དང་ཀློག་པ་པོ་དག་གི་དགའ་བསུ་ཐོབ་ཚད། ལག་རྩལ་སོགས་བཅས་ཐད་དུ་གྲུབ་འབྲས་གཡུར་དུ་ཟ་བའི་མི་སྣ་གསུམ་བདམས་ཐོན་བྱུང་བ་ནི་སྐྱབས་ཆེན་བདེ་གྲོལ་དང་རེ་རྐང་གླིང་། གླིང་སྨྱོན་བཅས་གསུམ་ལ་བསྩལ་བ་ཡིན་ནོ། །
བྱ་དགའ་འདི་དམངས་ཁྲོད་རང་བཞིན་དང་དམངས་གཙོ་རང་བཞིན་གྱི་ལམ་ཁ་ཁོ་ན་ཞིག་ལ་དམིགས་རྐྱེན་ཐེངས་འདིའི་དཔྱད་འདེམས་པའི་ཁྲོད་དུ་ཟིན་བྲིས་ཡོད་མཁན་དང་དྲ་བའི་རིག་གནས་ཀྱི་སྣང་ཚུལ་ལ་ཁ་ཕྱོགས་ཡོད་པའི་མི་གཅིག་ཀྱང་དཔྱད་འདེམས་པའི་ཁྲོད་དུ་བཞག་མེད་ལ། ལྷག་པར་དུ་དྲ་ཁང་དུ་འཇབ་ནས་བོད་ཡིག་གི་དྲ་ངོས་སུ་འཇབ་ཉུལ་བྱེད་ཀྱིན་པའི་བུད་མེད་གཉིས་དང་སྐྱེས་པ་གསུམ། གྲྭ་བ་གཅིག་བཅས་ལ་ཁ་གསལ་གཏིང་གསལ་གྱི་བཅར་འདྲི་བྱས་ཏེ་འདེམས་ཤོག་འཕེན་དུ་བཅུག་པ་སོགས་ངེད་རྩོམ་སྒྲིག་ཁང་གི་ལས་ཀའི་ཐད་ལ་འཐུས་ཤོར་བྱུང་མེད་ནའང་། རེབ་འདིའི་བྱ་དགའི་མ་དངུལ་དམངས་སྒོར་སྟོང་གཅིག་ལས་མེད་པ་དང་། བྱ་འགུལ་སྤེལ་བའི་དུས་ཚོད་བྲེལ་མྱུར་དུ་བསྡུས་པ། དྲ་ཚིགས་གཞན་དག་གི་གཙོ་འགན་པ་དག་ལ་བཀའ་འདྲི་མ་ཞུས་པ་བཅས་ཀྱིས་བྱ་བ་འདི་དེ་ལས་ཕུན་སུམ་ཚོགས་པ་ཞིག་ཏུ་བཤད་དཀའ་ནའང་། སང་ལོ་སྐབས་གཉིས་པ་ནས་བཟུང་དྲ་ཚིགས་ཕན་ཚུན་མགོ་བསྡུ་དང་སྤྱི་བའི་ལམ་ལུགས་འདྲ་གཏན་ཕབ་སྒོས་བྱ་དགའི་དངུལ་ཡང་འབོར་ཆེན་ཞིག་སྟེར་རྩིས་ཡོད་པས་ན། འདིའི་དོན་ལ་ཐུགས་ཁུར་དང་སྤྲོ་བ་ཡོད་མཁན་ཚོས་དགོངས་འཆར་ལྷུག་སྩོལ་གནང་བའི་བཀའ་དྲིན་སྙིང་ནས་ཞུ་རྒྱུ་ཡིན་ནོ། །
དྲ་བའི་སྐར་ཆེན་མི་སྣའི་ངོ་སྤྲོད་མདོར་བསྡུས།
སྐྱབས་ཆེན་བདེ་གྲོལ། ༡༩༧༧ལོར་ཡུལ་མདོ་སྨད་ཀྱི་ཆར་གཏོགས་པའི་ཁྲོ་ཁོ་ཁ་གསུམ་གྱི་ཡ་གྱལ་རྨ་སྡེ་ཆུ་ཁ་མ་ཞེས་པར་སྐྱེས། ཆུང་ངུའི་དུས་ནས་བཟུང་རྩོམ་འབྲི་བའི་བག་ཆགས་སད་དེ་ད་ལྟའི་བར་སྙན་ངག་དང་བརྩམས་སྒྲུང་། ལྷུག་རྩོམ། འཁྲབ་གཞུང་། དཔྱད་གཏམ། བསྒྱུར་རྩོམ་སོགས་སྟོང་གཉིས་ལ་ཉེ་བ་བྲིས་ཤིང་མང་པོ་ཞིག་གཞུང་སྒེར་གྱི་དུས་དེབ་དང་དྲ་བ་སྣ་ཚོགས་སུ་བཀོད་ཡོད་པ་དང་། ཕྱི་རྒྱལ་གྱི་ཡིག་རིགས་སུ་བསྒྱུར་བའང་མི་ཉུང་བ་མཆིས།
༢༠༠༥ལོར་གྲོགས་པོ་འགའ་དང་མཉམ་རུབ་ཀྱིས་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་གསར་དུ་སྒོ་ཕྱེ། དྲ་བ་དེ་མིག་སྔའི་བོད་ཀྱི་རྩོམ་རིག་གི་དྲ་བ་ཆེ་ཤོས་ཡིན་པ་དང་། ད་ལྟའི་བར་སྒྲོམ་གཞི་ཐེངས་གསུམ་ལ་བརྗེ་མྱོང་། ༢༠༠༨ལོར་ཧི་གཟུགས་སུ་བསྒྱུར། ཁྱོན་ཀློག་གྲངས་ས་ཡ་ལྔ་ལ་བུད་ཡོད་པ་དང་འཛམ་གླིང་གི་གྲུ་ག་གང་ནས་ཀྱང་བོད་ཀྱི་རྩོམ་རིག་ལ་ལྟ་བའི་མེ་ལོང་ལྟ་བུར་གྱུར་ཡོད། དེ་མིན་བདེ་གྲོལ་ཁོང་རང་གི་བརྩམས་ཆོས་ཀྱང་དུས་དེབ་དང་ཚགས་པར། དེབ་བཅས་ཀྱི་ངོས་ཁོ་ནར་འགོད་པ་ལས་བརྒལ་ཏེ་དྲ་ལམ་བརྒྱུད་ནས་ཀློག་པ་པོའི་སྤྱན་སྔར་འབུལ་གྱི་ཡོད། །
བྱ་དགའི་གསོལ་ཚིག གཞོན་ནུ་ཤེས་ཡོན་ཅན་འདིས་བོད་ཀྱི་ཆ་འཕྲིན་རིག་གནས་ལ་ལག་རྗེས་ཕུན་སུམ་ཚོགས་པ་ཞིག་བཞག་ཡོད་པ་ནི། ཁོས་གཙོ་གཉེར་གནང་གིན་པའི་༼མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ༽ནི་བོད་ནང་ལོགས་ཀྱི་སྒེར་གཉེར་རྩོམ་རིག་དྲ་བ་ཆེས་ཐོག་མ་ཡིན་པ་དང་། དྲ་ཚིགས་འདིའི་མིག་དཔེ་ལྟར་བོད་ཀྱི་དྲ་བའི་རྩོམ་རིག་གི་སྒོ་མོ་གསར་དུ་ཕྱེ་བས། ད་ལྟ་བོད་ཡུལ་ན་ཚགས་དེབ་སོགས་སུ་རྩོམ་ཡིག་མ་བཀོད་པའི་དྲ་བའི་རྩོམ་པ་པོ་མང་པོ་ཞིག་གསོ་སྐྱོང་ཐུབ་ནས་ཡོད་པ་རེད། །
རེ་རྐང་གླིང་། དངོས་མིང་ལ་རྡོ་རྗེ་ཚེ་བརྟན། བགྲངས་བྱ་སུམ་ཅུའི་སྔ་རོལ་དུ་རེབ་གོང་བྱང་ཆུབ་སྡེ་བ་ནས་སྐྱེས། སྒྲུང་གཏམ་དང་སྙན་ངག་གཙོས་བརྩམས་ཆོས་བརྒྱ་ཕྲག་འགའ་ཞིག་བོད་ཁུལ་གྱི་ཚགས་དེབ་རྣམས་སུ་བཀོད་མྱོང་། ད་ལྟ་བོད་ཀྱི་ཉིང་བཏུས་རྩོམ་རིག་བཏུས་དེབ་༼རང་གྲོལ༽གྱི་གཙོ་སྒྲིག་པ་དང་རྨ་ལྷོ་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པའི་འགན་བཞེས་མུས་སུ་ཡོད།
སྔ་ཕྱིར་༼མི་རྒོད་ཀྱི་ཚོ་བ༽དང་༼ཚོར་བའི་དུག་ཁུ༽སོགས་མི་སྒེར་ཟིན་བྲིས་མང་པོ་ཞིག་སྤེལ་བ་ལ་བོད་ཆོལ་ཁ་གསུམ་གྱི་ཀློག་པོ་དག་གི་དགའ་བསུ་ཐོབ་ནས་ཡོད་ཅིང་། ༢༠༠༨ལོར་དགེ་འདུན་ཆོས་འཕེལ་དྲ་བའི་རྩོམ་སྒྲིག་པའི་འགན་ཁུར་བ་ནས་ད་ལྟའི་བར་དུ་ཁོའི་གཙོ་གཉེར་གནང་གིན་པའི་༼པར་རིས༽དང་༼སྐབས་དོན༽སོགས་ལ་ཡིག་འབྲུ་རྐྱང་བ་མ་ཡིན་པར་པར་རིས་སོགས་མང་པོ་ཞིག་བཞག་སྟེ་ངོ་སྤྲོད་དང་འོས་སྦྱོར་གནང་བ་དེས་དྲ་ངོས་ཀྱི་རྩོམ་བཀོད་གནང་ཚུལ་ལ་ཁ་ཕྱོགས་ཤིག་ཁྲིད་ཐུབ་ཡོད་པ་མ་ཟད། དགེ་ཆོས་དྲ་བའི་ཀློག་གྲངས་ཐད་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་བྱུང་དུ་བཅུག་ཡོད། །
བྱ་དགའི་གསོལ་ཚིག གཞོན་ནུ་ཤེས་ཡོན་ཅན་འདིས་དྲ་ངོས་ཀྱི་རིག་གནས་སྣང་ཚུལ་ལ་འཇོན་བདེ་བའི་ངང་བཀོད་འདོམས་རྒྱག་ཤེས་ཀྱིས་བརྙན་ཟློས་དང་འདྲ་པར། ངོ་སྤྲོད་རྩོམ་ཡིག་སོགས་མང་པོ་ཞིག་བོད་ཡིག་གི་ལམ་ཁ་ནས་བོད་ཀྱི་དྲ་འཇུག་ཀློག་པ་པོ་དག་གི་སྤྱན་ལམ་དུ་བསྟར་བ་ཡིས་བོད་ཀྱི་འདྲ་འཇུག་པ་མང་པོ་ཞིག་གིས་༼མི་རྒོད༽ངེས་ཟིན་པ་ནས་ད་གཟོད་དྲ་ཚིགས་ཟེར་བ་ནི་ཤོག་ངོས་རྩོམ་ཡིག་དང་མི་འདྲ་བའི་ཁྱད་ཆོས་རྟོགས་པ་སོགས་མི་སྒེར་གྱི་ནུས་པ་འདོན་ཚུལ་དེས་བོད་ལ་དྲ་བར་འཇུག་སྤྲོ་བའི་ཀློག་མཁན་མང་པོ་ཞིག་གསོ་སྐྱོང་ཐུབ་ནས་ཡོད་པ་རེད། །
གླིང་སྨྱོན། དངོས་མིང་ལ་འབུམ་པ་རྒྱལ། ཨ་མདོ་རེབ་གོང་གི་མི་ཡིན། ཆུང་ངུའི་དུས་ནས་བོད་ཡིག་གཙོར་བྱས་སློབ་གྲྭ་ཆུང་འབྲིང་འགྲིམས། སྤྱི་ལོ༢༠༠༠ལོར་སྦྱངས་འབྲས་ལེགས་པོ་བླངས་ནས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གློག་ཤུགས་བཟོ་སྐྲུན་སློབ་གླིང་གི་དངོས་སྦྱོང་འཛིན་གྲྭར་རྒྱུགས་འཕྲོད་དེ་དངོས་ལུགས་རིག་པའི་ཕྱོགས་ལ་སློབ་གཉེར་བྱས། སློབ་གསེང་གི་དུས་ཚོད་བེད་སྤྱད་དེ་རྩིས་འཁོར་དང་དྲ་རྒྱའི་ཤེས་བྱར་རང་སྦྱོང་བྱས་ཏེ་བོད་ཡིག་དྲ་ངོས་བཟོ་བར་སྤྲོ་བ་སྐྱེས། ༢༠༠༥ལོར་སློབ་མཐར་ཕྱིན་མ་ཐག་ཀན་སུའུ་བོད་ཡིག་བརྡ་འཕྲིན་ལག་རྩལ་ཀུང་ཟི་རུ་ལོ་ཕྱེད་རིང་ལས་ཀ་གཉེར། སྔ་རྗེས་སུ་གངས་ལྗོངས་གཞོན་ནུའི་གླེང་སྟེགས་དང་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། དགེ་ཆོས་དྲ་བ། ན་གཞོན་གསར་བའི་དྲ་བ་སོགས་ཀྱི་ལག་རྩལ་པའི་འགན་འཁུར་ནས་ལེགས་འགྲུབ་བྱུང༌། ད་ལྟ་བོད་ཀྱི་ཆ་འཕྲིན་ལག་རྩལ་དྲ་བའི་འགན་འཛིན་པ་དང་ཀྲུང་གོ་བོད་ཀྱི་དྲ་བའི་བོད་ཡིག་སྡེ་ཚན་ནང་དྲ་ངོས་ཇུས་འགོད་པ་དང་ལག་རྩལ་པའི་འགན་འཁུར་མུས་སུ་མཆིས་སོ།།
བྱ་དགའི་གསོལ་ཚིག གཞོན་ནུ་ཤེས་ཡོན་ཅན་འདིས་༼མཆོད་མེ་དྲ་བ༽དང་༼དགེ་ཆོས་དྲ་བ༽སོགས་སྒེར་གཉེར་དྲ་ཚིག་མང་པོ་ཞིག་གི་སྒྲོམ་གཞི་གསར་བཏོད་དང་། བོད་ཀྱི་ཆ་འཕྲིན་ལག་རྩལ་སྐོར་ལ་མི་དམན་པའི་ལག་རྗེས་སྐྲུན་ནས་ཡོད་པ་དེས་བོད་ཀྱི་དྲ་བའི་རིག་གནས་དེ་འཕྱུར་སྟོབས་ལྡན་པ་ཞིག་ཏུ་བཏང་ནས་ཡོད་ལ། དངོས་ཤུགས་གང་རུང་ནས་བོད་ཀྱི་ཆ་འཕྲིན་དྲ་བའི་ལག་རྩལ་སྐོར་ལ་གཞན་དྲིང་མི་འཇོག་པའི་ནུས་པ་ཐོན་ནས་ཡོད་དོ། །
རྩོམ་ཁུངས། དགེ་ཆོས་དྲ་བ།