སྐད་ཡིག་བླ་འགུགས་བགྲོ་གླེང་འཚོགས་འདུ་སྐབས་བཞི་བ་གཅན་ཚ་ནས་འཚོགས་པ།
གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སྐད་ཡིག་བླ་འགུགས་བགྲོ་གླེང་ཚོགས་འདུ་སྐབས་བཞི་བ་དེ་བོད་ཀྱི་རྩོམ་པ་པོ་གྲགས་ཅན་དང་། སློབ་གྲྭ་ཆུང་འབྲིང་གི་སློབ་ཚན་རྩོམ་མཁན་སྐུ་ཞབས་དོན་གྲུབ་རྒྱལ་ལགས་ང་ཚོ་དང་ཞལ་གྱེས་ནས་ལོ་ངོ་ཉེར་དྲུག་འགོར་བའི་ཉིན་མོ་དང་ཐག་ཉེ་བའི་སྤྱི་ཟླ་༡༡པའི་ཚེས་༢༧ཉིན་གཅན་ཚ་རྫོང་མཁར་གྱི་ཁམས་ར་མགྲོན་ཁང་ནས་འཚོགས་བྱུང་། ཚོགས་འདུ་གོ་སྒྲིག་པས་འདི་ལྟའི་བགྲོ་གླེང་ཚོགས་འདུ་ཞིག་འཚོག་པའི་དམིགས་ཡུལ་ནི། གཅིག་ན་བོད་ཀྱི་སྐད་ཡིག་སློབ་གསོའི་བསྟན་པ་ཇེ་དར་དུ་གཏོང་བའི་ཆེད་དང་། གཉིས་སུ་རྨ་ཆུ་དང་དགུ་ཆུའི་འགྲམ་རྒྱུད་དུ་གནས་པའི་འབའ་རྫོང་དང་རེབ་གོང་། གཅན་ཚ་གསུམ་གྱི་སྐད་ཡིག་དགེ་རྒན་རྣམས་གདན་ཞུས་ཀྱིས། ཕན་ཚུན་ངོ་ཤེས་དང་བསམ་བློ་གཅིག་གྱུར་འབྱུང་བར་དམིགས་པ་ཡིན་ལ། ཚོགས་འདུའི་རྩ་དོན་ནི་རྒྱལ་ཁབ་དང་ཚོགས་པ། མགོ་ཁྲིད། སྤྱི་ཚོགས། ཁྱིམ་བདག་དང་སློབ་མ་བཅས་ལ་ཁག་མི་འཇོག་པར་དགེ་རྒན་རང་སྟེང་ནས་རྒྱུ་རྐྱེན་འཚོལ་བ་དང་། རང་སྟེང་ནས་བསྒྲུབ་དགོས་པའི་བྱ་བ་ངོས་ཟིན་རྒྱུ་དེ་ཡིན་ཚུལ་གསུངས་སོང་།
ཚོགས་ཐོག་ཏུ་ཁྱོན་བསྡོམས་ས་ཁུལ་གསུམ་གྱི་དགེ་རྒན་ཉིས་བརྒྱ་ལྷག་ཞུགས་ཡོད་པ་དང་། གདན་ཞུས་སྐུ་མགྲོན་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཅན་ཚ་བཀྲ་བྷོ་ལགས་དང་། སྐྱ་རེངས་དཔལ་ལོ། རྨེ་རུ་ཡུལ་ལྷ་ཐར་གསུམ་གྱིས་སོ་སོར་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་རྩོམ་ཡིག་འབྲི་སྦྱོང་དང་དགེ་རྒན་གྱི་སྐད་ཆ། གཞི་རིམ་སྐད་ཡིག་འཕེལ་རྒྱས་བཅས་གསུམ་ཐད་ནས་གཏམ་རུས་པ་ཅན་མང་བོ་གསུངས་བྱུང་ལ། གཞན་ཡང་རྨ་ལྷོ་ཁུལ་སློབ་འབྲིང་གཉིས་པའི་དགེ་རྒན་བླ་མ་སྐྱབས་དང་། རྨ་ལྷོ་ཁུལ་སློབ་འབྲིང་དང་པོའི་དགེ་རྒན་ཤ་བོ་རྒྱལ་དང་། འབའ་རྫོང་སྟག་གསོད་བཅའ་སྡོད་སློབ་གྲྭའི་དགེ་རྒན་ལྷ་མགོན། གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་པོའི་དགེ་རྒན་ཕག་མོ་བསམ་གྲུབ། གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དགེ་རྒན་ཚེ་རིང་བཀྲ་ཤིས་དང་། གུ་རུ་དོན་གྲུབ། ཚེ་གཟུངས་ཐར། གཅན་ཚ་རྫོང་ཆ་ཚང་སློབ་ཆུང་གཉིས་པའི་དགེ་རྒན་གཅན་རྣམ་ཐར་བཅས་ཀྱིས་གཞི་རིམ་སློབ་གསོ་དང་ཁྱད་པར་དུ་སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་སློབ་ཁྲིད་ཐད་ནས་རང་རང་གི་ལྟ་ཚུལ་དང་དྲན་ཚུལ་གླེང་སོང་། ད་ཐེངས་ཀྱི་ཚོགས་འདུ་ནི་གཞུང་ཕྱོགས་ཀྱི་ཚོགས་འདུ་ཆེ་མ་ཆུང་གསུམ་དང་མི་འདྲ་བར་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ནན་ཏན་གྱིས་གཏམ་བཤད་ལ་ཉན་པ་དང་ཟིན་བྲིས་འདེབས་པ་ལས་ཁ་པར་སྣེ་ལེན་དང་དུ་བ་འཐེན་པ། ཕན་ཚུན་ཁ་བརྡ་བྱེད་པ་སོགས་ཀྱི་སྣང་ཚུལ་མཐོང་རྒྱུ་མེད་པས་ངོ་མས་ཉམས་དགའ་བ་ཞིག་རེད།
མཇུག་མཐར་ཚོགས་འདུ་གཙོ་སྐྱོང་གནང་མཁན་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་གཙོ་དང་། བོད་ཀྱི་སློབ་འབྲིང་སློབ་གསོ་ཞིབ་འཇུག་པ་དོ་རྒྱ་བསོད་ནམས་ཚེ་རིང་ལགས་ཀྱིས་མཇུག་བསྡུ་བའི་གཏམ་བཤད་གནང་ཞིང་། ཐེངས་འདིའི་ཚོགས་འདུའི་སྐབས་གཙོ་བོར་གླེང་སློང་བྱས་པའི་གནད་དོན་ཆེ་ཁག་གསུམ་སྟེ་བསླབ་ཚན་གྱི་ངོས་འཛིན་དང་། སློབ་ཁྲིད་ཀྱི་ཐབས་བཀོད། དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་གསུམ་ཐད་ནས་མདོར་བསྡུས་ཤིང་བཅུད་འདུས་པའི་སྤྱི་སྡོམ་བྱས་མཐར། ཚོགས་ཞུགས་དགེ་རྒན་རྣམས་ལ་རྟིང་སྐུལ་དང་། རྗེས་མར་མི་རིགས་སློབ་འབྲིང་གཞན་དག་གིས་ཀྱང་རང་འགན་ཁུར་དུ་བླངས་ནས་འདི་ལྟའི་བགྲོ་གླེང་ཚོགས་འདུ་རེ་འཚོག་རྒྱུའི་རེ་བ་བཏོན་པ་དང་འབྲེལ་ནས་ཚོགས་འདུ་མཇུག་བསྡུ་བའི་བཀྲ་ཤིས་བཞག་སོང་།
རྩོམ་ཁུངས། ངེད་དྲ་བ།