གླུ་བ་བདུད་བྷེའི་སྐད་བསྐུར་ཞིག
ཁ་སང་སྔ་དྲོ་གླུ་བ་བདུད་བྷེས་ཁ་པར་ཞིག་གིས་ང་རང་བོས་བྱུང༌།
ཁོང་གིས་ང་ལ་འདི་སྐད་གསུང་གི ད་སྐབས་མཚོ་སྔོན་གསར་འགྱུར་དང་ དྲ་ཐོག་རྣམས་སུ་ང་སྨན་ཁང་ན་ཡོད་པའི་གནས་ཚུལ་མང་པོ་གླེང་ཞིང༌། ཁྱད་པར་ང་ལ་དགའ་ཞིང་དུང་བའི་སྤུན་གྲོགས་མང་པོས་ཐུགས་ཁུར་བྱས་འདུག་པར་གླེང༌། ཁྱོད་ཀྱིས་ངའི་ངག་ཚབ་བྱས་ནས་དེ་ཚོར་ལན་གསལ་བོ་ཞིག་འདེབས་རོགས་གྱིས། སྤྱིར་ད་ལོ་ངའི་ནད་གཞི་འདི་ཅུང་ཚབས་ཆེ་བར་སྨན་པ་ཚོས་བཤད། སྨན་ཁང་འདིར་བསྡད་རྗེས་ལུས་ཁམས་ཇེ་བདེར་འགྲོ་བཞིན་འདུག དེ་རིང་ལུས་པོར་བརྟག་འབྲས་གསར་དུ་ཐོན་པར་ངའི་མཆིན་པ་དང་མཁལ་མ་གཉིས་ལ་ནད་གང་ཡང་མི་འདུག་ཟེར། འོན་ཀྱང་གློ་གཅོང་གི་ནད་དང་སྒལ་ཚིགས་ཀྱི་རྐང་ནད་ཡིན་པས་ད་དུང་ཡུན་ཅུང་རིང་འདུག་དགོས་ཟེར།
འོན་ཀྱང་སྲོག་སྐྱོན་མེད་པ་འདྲ། དེས་ན་ང་ལ་ལྷག་བསམ་དཀར་ཞིང་དུང་ཞེན་ཆེ་བའི་རྒྱ་ཆེའི་སྤུན་གྲོགས་རྣམ་པ་ཚོས་ཐུགས་ཁུར་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང༌། ང་རང་སྨན་ཁང་ནས་ནམ་ཐོན་ཞིག་ལ་ངའི་སྤུན་ཟླ་ཚོར་ལེགས་སྐྱེས་ཀྱི་གླུ་གསར་བ་འགའ་འབུལ་ཐུབ་པའི་རེ་སྒུག་ངང་ཡོད་ཅེས་བཤད་རོགས།
ངས་ཁོང་ལ་དྲིས་པ། འོ་ན་ཁྱེད་ལ་རོགས་སྐྱོར་འདྲ་བྱེད་རྒྱུ་ཨེ་ཡོད་ཞུས་པར།
ཁོང་གིས། རོགས་སྐྱོར་གང་ཡང་མི་དགོས། ཕ་ཡུལ་རྨ་ཆུའི་གསར་བུ་ཞིག་གིས་ཟླ་གཉིས་ཙམ་ལ་ང་བསྲུངས་ཤིང་ནད་གཡོག་བྱས་ནས་ད་དུང་བསྡད་ཡོད། འགྲོ་སོང་ནི་རང་གི་ཟླ་ཕོག་གིས་ཕལ་ཆེར་འདང་རྒྱུ་རེད་བསམ་གི་ཡོད། མ་འདང་ཡང་ཐབས་རེ་ཡོད་པས་དེར་ཐུགས་ཁུར་མི་དགོས་ལགས་ཞེས་གསུངས།
གྲོགས་པོ་རྣམ་པ་གོང་གི་སྐད་ཆ་འདི་དག་བདུད་བྷེ་ཁོང་གི་གསུང་བཤད་དངོས་ཡིན། ངས་རྒྱུས་ལོན་བྱས་པ་ལྟར་ན་ཁོང་ལ་ཟླ་ཕོག་སྒོར་སྟོང་བཞི་ཙམ་ཡོད་ཀྱང་དེང་སྐབས་སྨན་བཟང་པོ་ཐེངས་གཅིག་བཀོལ་ན་སྒོར་སྟོང་ཁ་ཤས་འགྲོ་བས། ཟླ་ཕོག་རྐྱང་བ་ལས་གཞན་པའི་རོགས་སྐྱོར་མེད་ན་སྨན་ཡོན་ལ་དཀའ་ངལ་ཅུང་ཡོད་ཨེ་སྲིད་དམ་སྙམ་པ་ནི་བདག་གི་བསམ་ཚུལ་ལོ། །
གང་ལྟར་དྲ་ལམ་ན་ཐུགས་ཁུར་བྱེད་པའི་སྤུན་གྲོགས་ཚོས་བོད་ཀྱི་མི་སྣ་གྲགས་ཆེན་ཁོང་ལ་ང་ཚོ་བོད་མིའི་ཡ་རབས་ལུགས་བཟང་གི་ཀུན་སྤྱོད་དང༌། རང་གི་སེམས་པ་མཚོན་བྱེད་ཀྱི་ཁམས་འདྲི་རེ་བྱེད་འདོད་པ་ཡིན་རྒྱུ་རེད།
ཁོང་གི་སྡོད་གནས་ཁྲིན་ཏུའུ་བོད་མིའི་ཁྲོམ་དང་ཉེ་བའི་དཔའ་ཤིས་སྨན་ཁང་གི་ཡན་ལག་བོད་ལྗོངས་ཡན་ལག་སྨན་ཁང་གི་མལ་ཁྲི་ཨང་སུམ་ཅུ་པ་ན་བཞུགས།
成都华西医院西藏成办分院 32床
རྩོམ་ཁུངས། ངེད་དྲ་བ།