ཉི་ཧོང་གི་ནང་ཆོས་ཁྱབ་སྤེལ་རིག་གནས་གཟེངས་བསྟོད་བྱ་དགའ་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལ་གནང་བ།
༄༅། །ཕྱི་ལོ༢༠༡༢ཟླ༡༠ཚེས་༡༢ཉིན་ཉི་ཧོང་རྒྱལ་ཁབ་ཀྱི་ནང་ཆོས་ཁྱབ་སྤེལ་ལྷན་ཚོགས་(BUKKYO DENDO KYOKAI Society for the Promotion of Buddhism)ཀྱིས་ནང་ཆོས་ཁྱབ་སྤེལ་རིག་གནས་གཟེངས་བསྟོད་བྱ་དགའ་(The Cultural Awards for the Promotion for Buddhism)ཐེངས་ཞེ་དྲུག་པ་དེ་རང་རེའི་བོད་ཀྱི་མཁས་དབང་ཆེན་མོ་རྒན་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་ལ་གནང་རྒྱུར་གཏན་འཁེལ།
དེ་ཡང་ཕྱི་ལོ༢༠༡༢ཟླ༨ཚེས༡༦ཉིན་ཐོན་པའི་ནང་པའི་གསར་ཤོག(The Bukkyo Times Weekly)་ཏུ་བཀོད་པ་ལྟར་ན། ནང་ཆོས་ཁྱབ་སྤེལ་ལྷན་ཚོགས་ཀྱིས་ནང་ཆོས་ཁྱབ་སྤེལ་རིག་གནས་གཟེངས་བསྟོད་བྱ་དགའ་ཐེངས་ཞེ་དྲུག་པ་དང་རྗེས་འབྲེལ་ཉི་སྒོར་ཁྲི་བརྒྱ་ཐམ་པ་དེ་གཙུག་ལག་སློབ་དཔོན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལ་འབུལ་རྒྱུ་གཏན་འཁེལ། ཁོང་གིས་ཨོ་ཐ་ནི་གཙུག་ལག་སློབ་ཆེན་དུ་བཞུགས་རིང་བོད་ཀྱི་ནང་ཆོས་དང་རིག་གནས་ཁྱབ་སྤེལ་རྒྱ་ཆེན་བཏང་བ་དང་། ཉི་ཧོང་གི་མཁས་པའི་ནང་རིག་ཉམས་ཞིབ་ལས་གྲུབ་འབྲས་ཀྱི་ཉིང་བཅུད་ཁག་བོད་ཀྱི་སྐད་ཡིག་ཐོག་འཛམ་གླིང་དུ་ངོ་སྤྲོད་གནང་བ་སོགས་རྒྱུ་མཚན་དུ་བྱས་ཏེ་ཕུལ་རྒྱུར་ཐག་བཅད།
ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་ནི་སྤྱི་ལོ༡༩༤༢ལོའི་ཟླ༡༢ཚེས༡༥ཉིན་བོད་ནུབ་ཕྱོགས་སུ་འཁྲུངས། བོད་ཀྱི་རིག་གནས་སྤྱི་དང་སྒོས་སུ་ནང་བའི་བསྟན་པ་སྤེལ་ཕྱིར་ཉི་ཧོང་རྒྱལ་ཁབ་ཏུ་བྱོན་ཏེ། ཨོ་ཐ་ནི་གཙུག་ལག་སློབ་ཆེན་དུ་བོད་ཀྱི་ནང་ཆོས་དང་རིག་གནས་ལས་གཞུང་དུ་མ་མཛད་ཅིང་། གླིང་དེར་ནང་ཆོས་འཆད་ཉན་གྱི་གྲྭ་བཙུགས་ཤིང་། སྐལ་ལྡན་གྱི་བུ་སློབ་མང་དུ་བསྐྱངས་པ་དག་ལས་ཁག་ཅིག་ནི་ཉི་ཧོང་ནང་རིག་ཉམས་ཞིབ་ཀྱི་རྨང་དུ་གྱུར་ཡོད་ལ། རྗེ་ཙོང་ཁ་བའི་ལམ་སྔགས་གཙོར་བྱས་པའི་ནང་པའི་གཞུང་མང་པོ་ཉི་ཧོང་སྐད་དུ་བསྒྱུར། ཉི་ཧོང་གི་དེང་རབས་ནང་རིག་ཉམས་ཞིབ་ཀྱི་སྙིང་བོ་ཁག་བོད་ཀྱི་སྐད་ཡིག་ཐོག་མཛད་དེ་འཛམ་གླིང་སྤྱི་དང་། སྒོས་སུ་རྒྱ་གར་དང་རྒྱ་ནག་ཏུ་དཔེ་འཁྲིད་གནང་སྟེ་བོད་ཀྱི་རིག་གནས་ཁྱབ་སྤེལ་དང་ནང་རིག་བརྗེ་ལེན་ལ་བླ་མེད་ཀྱི་ཕྱག་རྗེས་མི་དམན་པ་བཞག་ཡོད།
ཁོང་གི་ཞལ་ནས་ནང་ཆོས་ཁྱབ་སྤེལ་ལྷན་ཚོགས་ཀྱིས་ནང་ཆོས་ཁྱབ་སྤེལ་རིག་གནས་གཟེངས་བསྟོད་བྱ་དགའ་ཐེངས་ཞེ་དྲུག་པ། ཕྱི་ལོ༢༠༡༢ཟླ༡༠པའི་ཚེས་༡༢ཉིན་བོང་བ་གསེར་གཟིགས་ཀྱིས་རྨོངས་རྒན་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལ་གནང་བྱུང་། བདག་རང་མི་སྒེར་གྱི་ཆ་ནས་དར་མ་མགོ་ནག་གི་སྐབས་སུ་གཟེངས་བསྟོད་བྱ་དགའ་མེད་པར་ད་ཆ་ལོ་རྒན་མགོ་དཀར་དུ་སོན་ནས་བྱ་ཉུང་དོན་ཉུང་ཐོག་འཆད་འགྱུར་རྩོམ་པའི་བྱ་བ་ཁོ་ནར་བརྩོན་བཞིན་པའི་དུས་སྐབས་སུ་བྱ་དགའ་ཟེར་བ་དེ་ཡང་བར་ཆད་ཙམ་ལས་དགོས་པ་མི་འདུག་ཀྱང་བོད་ཀྱི་ལོ་རྒྱུས་ལྡུམ་རྭར་གསར་དུ་བཞད་པའི་མཚར་སྡུག་གི་མེ་ཏོག་ཅིག་ཡིན་པས་མི་རིགས་ལ་རྒྱ་ལ་ཅུང་ཟད་ཕན་པའི་འདུ་ཤེས་ཀྱིས་བདག་གིར་ཞུས། ཞེས་གསུངས་ཡོད།
རྩོམ་ཁུངས། ངེད་དྲ་བ།