བོད་ཡིག་གི་བརྩམས་སྒྲུང་གསུམ་དེབ་གསུམ་གྱི་འགྲེམ་སྤེལ་ཚོགས་འདུ་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་བསྡུས་པ།
མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། སྤྱི་ཟླ 9 པའི་ཚེས 4 ཉིན་གྱི་དགུང་མོར། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི“985 ལས་གཞི”ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོའི་བརྩམས་ཆོས་གཅེས་བསྡུས་དེབ་ཚོགས་(བོད་ཡིག་གི་སྐོར་ལས་དེབ་ཕྲེང་དང་པོ)འགྲེམ་སྤེལ་ཚོགས་འདུ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་གཟབ་རྒྱས་ངང་འཚོགས། བོད་རིག་པ་ཞིབ་འཇུག་གླིང་གི་སློབ་མ་གཙོ་བྱས་པའི་བོད་ཀྱི་རྩོམ་རིག་ལ་དུངས་པ་ཟབ་པའི་སྐུ་མགྲོན་དང་། འབྲེལ་ཡོད་མི་སྣ་བཅས་ཚོགས་འདུར་ཞུགས།
ཐེངས་འདིའི་འགྲེམ་སྤེལ་ཚོགས་འདུར་བོད་ཀྱི་རྩོམ་པ་པོ་སྟག་འབུམ་རྒྱལ་གྱི་སྒྲུང་འབྲིང་ཕྱོགས་བསྒྲིགས 《ཁ་བ་མེད་པའི་དགུན་ཁ》 དང་། བཀྲ་བྷའི་སྒྲུང་རིང 《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས།》ལྷ་བྱམས་རྒྱལ་གྱི་སྒྲུང་རིང《བོད་ཀྱི་གཅེས་ཕྲུག》 བཅས་གསུམ་བརྩམས་ཆོས་གསུམ་འགྲེམ་སྤེལ་བྱས།
སྟག་འབུམ་རྒྱལ་གྱི་སྒྲུང་འབྲིང་ཕྱོགས་བསྒྲིགས 《ཁ་བ་མེད་པའི་དགུན་ཁའི》 ཁྲོད་དུ་སྒྲུང་འབྲིང 《ཁ་བ་མེད་པའི་དགུན་ཁ》དང་ 《ཁྱི་རྒྱ་བྷ་དང་མི་རྒྱ་བྷ། 》 《ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན། 》 《ནོར་རྫི་བྱིས་པ》 བཅས་སྒྲུང་འབྲིང་བཞི་བསྡུས་ཡོད་ཅིང་། སྒྲུང་གཏམ་དེ་དག་ནི་རྩོམ་པ་པོའི་སྨྱུག་ཁ་བོད་ཀྱི་སྤྱི་ཚོགས་དངོས་ལ་གཏད་དེ་གསོན་ཉམས་ལྡན་ལ་བབ་ཆགས་པའི་ཞིབ་འབྲིའི་ཁྲོད་དུ་རྩོམ་པ་པོ་རང་ཉིད་ཀྱི་མྱོང་སྣང་སྣ་ཚོགས་བསྲེས་པའི་སྒྲུང་གཏམ་ལེགས་ཤོག་འགའ་ཡིན་པས། ཀློག་རིན་ཡོད་པའི་བརྩམས་ཆོས་སུ་བརྩི་ཆོག
བཀྲ་བྷའི་སྒྲུང་རིང 《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》 ནི་སྤྱི་ཚོགས་ཀྱི་སེམས་ཁམས་ཞིབ་འབྲི་བྱེད་པའི་སེམས་ཀྱི་མྱོང་བ་འབྲི་བའི་སྒྲུང་གཏམ་དུ་གཏོགས་ཤིང་། དེར་སྒྲོལ་མ་ཚང་གི་མི་རབས་བཞི་ཡིས་དབུས་གཙང་ལྷ་ལྡན་ཡུལ་ལ་ཡིད་སྨོན་སྐྱེས་པའི་གཏམ་རྒྱུད་ལས་བོད་མིའི་འགྱུར་མེད་བརྟན་བརླིང་གི་བློ་སྤོབས་དང་རང་བྱུང་ཁམས་ལ་རྟག་ཏུ་ཞེད་སྣང་གིས་ཁེངས་པའི་རྣམ་པ་རྩོམ་པ་པོའི་སྨྱུག་འོག་ནས་ང་ཚོའི་སྤྱན་ལམ་དུ་བསྟར་ཡོད།
ལྷ་བྱམས་རྒྱལ་གྱི《བོད་ཀྱི་གཅེས་ཕྲུག》 ནི་ཁོའི་སྒྲུང་རིང་ཐོག་མ་ཡིན་ལ། སྒྲུང་རིང་དེར་བོད་ཡུལ་ནས་སྐྱེས་ཤིང་འཚར་ལོངས་བྱུང་བའི་བྱིས་པ་བཞི་ཡི་མི་ཚེའི་བརྒྱུད་རིམ་མི་འདྲ་བ་ཁུངས་སྣེ་བྱས་ཏེ། ལོ་རབས་བརྒྱད་ཅུ་བ་ནས་བཟུང་བོད་ཀྱི་སྤྱི་ཚོགས་ལ་བྱུང་དང་འབྱུང་བཞིན་པའི་འགྱུར་ལྡོག་མང་པོ་ཞིག་ཀློག་པ་པོ་ཀུན་གྱི་མིག་གི་ཕྲེང་བར་བསྟར་ཡོད།
ཚོགས་འདུའི་སྐབས་སུ། རྩོམ་པ་པོ་བཀྲ་བྷ་དང་ལྷ་བྱམས་རྒྱལ་རྣམ་གཉིས་ཀྱིས་རང་རང་གིས་རྩོམ་རིག་ལ་བཟུང་བའི་ལྟ་བ་དང་དེ་བཞིན་སྒྲུང་གཏམ་གསར་རྩོམ་གྱི་བློས་བསླངས། གསར་རྩོམ་གོ་རིམ་ཁྲོད་ཀྱི་མྱོང་སྣང་། སློབ་གྲོགས་རྣམས་ལ་བཟུང་བའི་རེ་བ་སོགས་ལྷུག་པར་བརྗོད་པ་མ་ཟད། ཚོགས་འདུ་གྲོལ་ལ་ཉེ་སྐབས། ཚོགས་ཞུགས་མི་སྣ་རེ་ལ་རྩོམ་པ་པོས་མིང་རྟགས་བཀོད་ཡོད་པའི་བརྩམས་ཆོས་རེ་ལེགས་སྐྱེས་སུ་འབུལ་ཏེ་ཐེངས་འདིའི་འགྲེམ་སྤེལ་ཚོགས་འདུ་བདེ་ལེགས་ངང་མཇུག་སྒྲིལ་བར་བྱས།
ཚོགས་འདུ་གཙོ་སྐྱོང་བ། ལྷ་མོ་བཀྲ་ཤིས།
ཚོགས་འདུའི་ལས་གཉེར་བ། བན་དེ་མཁར། རིན་ཆེན་སྐྱིད། པདྨ་ཀུན་བཟང་། བཀྲ་ཤིས།
ཐེངས་འདིར་འགྲེམ་པར་བྱ་བའི་བརྩམས་ཆོས་གསུམ།
རྩོམ་པ་པོ་བཀྲ་བྷ་དང་ལྷ་བྱམས་རྒྱལ་རྣམ་གཉིས།
རྩོམ་པ་པོས་བརྩམས་ཆོས་གསར་བར་མིང་རྟགས་འགོད་བཞིན་པ།
སློབ་མ་རྣམས་ཀྱིས་རང་མོས་ཀྱིས་དཔེ་ཆ་ལེན་བཞིན་པ།
ཚོགས་འདུའི་རྗེས་ཀྱི་རྗེས་དྲན་མཉམ་པར།
རྩོམ་ཁུངས། ངེད་དྲ་བ།