གཅན་ཚའི་སློབ་གསོ་ཡར་སྐུལ་ཚོགས་པའི་ཟབ་སྦྱོང་འཛིན་གྲྭ་མཇུག་བསྡུ་བའི་མཛད་སྒོ།
༄༅།། སྤྱི་ལོ༢༠༡༣ལོའི་ཟླ༨པའི་ཚེས༡༠ཉིན་གྱི་སྔ་དྲོ། གཅན་ཚའི་རིག་གནས་སློབ་གསོ་ཡར་སྐུལ་ཚོགས་པའི་ཐེངས་གསུམ་པའི་ཟབ་སྦྱོང་འཛིན་གྲྭ་མཇུག་བསྡུ་བའི་མཛད་སྒོ་གཅན་ཚའི་ལས་རིགས་ལག་རྩལ་སློབ་གྲྭ་ནས་སྤེལ། ད་ཐེངས་ཟབ་སྦྱོང་གི་འཛིན་གྲྭ་དགུ་ཡོད་དེ། མཐོ་འབྲིང་འཛིན་གྲྭ་གཉིས་དང་། དམའ་འབྲིང་འཛིན་གྲྭ་གཉིས། སློབ་ཆུང་འཛིན་གྲྭ་བཞི། ཡིག་རྨོངས་འཛིན་གྲྭ་གཅིག་བཅས་ཡོད་པ་རེད། མཛད་སྒོའི་སྟེང་དུ་ད་དུང་དཀའ་ཁག་ཆེ་བའི་ཁྱིམ་ཚང༣༨ལ་རོགས་དངུལ་འོས་འཚམས་རེ་སྤྲོད་པའི་བྱ་འགུལ་ཡང་སྤེལ། མཛད་སྒོའི་སྟེང་དུ་མཚན་འཛིན་ཚོགས་གཙོ་རྣམ་གཉིས་དང་། སྐུ་མགྲོན་གྲྭ་བཙུན་རེ་གཉིས། ཚོགས་མི་ལྔ་བཅུ་ལྷག དགེ་སློབ་དྲུག་བརྒྱ་ལྷག དེ་མིན་དབུལ་ཕོངས་ཁྱིམ་ཚང་གི་འཐུས་མི་སོ་བརྒྱད། ལྟད་མོ་བ་དང་བཅས་མི་སྣ་བརྒྱད་བརྒྱ་ལྷག་ཞུགས་ཡོད།
མཛད་སྒོའི་གོ་རིམ་ནི་ཐོག་མར་ཟབ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་ཀྱིས་སློབ་སྦྱོང་གི་མཇུག་འབྲས་སྙན་ཞུ་ཕུལ། དམའ་འབྲིང་འཛིན་གྲྭའི་སློབ་མ་རྣམས་ཀྱིས༼ལེགས་བཤད་ལྗོན་དབང༽བློར་རྒྱུགས་སྤྲད་པ་དང་། མཐོ་གཅིག་འཛིན་གྲྭའི་སློབ་མ་རྣམས་ཀྱིས༼སུམ་ཅུ་བའི་རྩ་བ༽བློར་རྒྱུགས་སྤྲད། མཐོ་གཉིས་འཛིན་གྲྭའི་སློབ་མ་རྣམས་ཀྱིས༼རྟགས་འཇུག་གི་རྩ་བ༽བློར་རྒྱུགས་སྤྲད་པ་རེད།
གོ་རིམ་གཉིས་པ་ནི་མཚན་འཛིན་ཚོགས་གཙོ་ཨ་ལགས་ཀོའུ་བ་ཚང་གིས་བཀའ་སློབ་དྲི་མ་མེད་པ་གནང་བ་དང་། གོ་རིམ་གསུམ་པ་དགེ་སློབ་གཉིས་ཀར་བྱ་དགའ་གནང་། གོ་རིམ་བཞི་བ་དབུལ་ཕོངས་ཁྱིམ་ཚང་ལ་རོགས་དངུལ་སྤྲད་པ་དང་། ཚོགས་མི་གཡང་ཕྱུག་རྒྱལ་ལགས་ཀྱིས་རོགས་དངུལ་ཐོབ་མཁན་རྣམས་ལ་དམིགས་བསལ་འོས་སྦྱོར་གྱི་གཏམ་བཤད་གནང་བ་རེད།
གོ་རིམ་ལྔ་བ་སློབ་མའི་འཐུས་ཚབ་ཚེ་འགྲུབ་ཀྱིས་གཏམ་བཤད་གནང་བ་དང་། གོ་རིམ་དྲུག་པ་མཚན་འཛིན་ཚོགས་གཙོ་ཨ་ལགས་ལྷ་སྡེ་ཚང་གིས་བཀའ་སློབ་གནང་ལ། གོ་རིམ་བདུན་པ་གདན་ཞུ་སྐུ་མགྲོན་ཨ་ཁུ་ཡོན་ཏན་ལགས་ཀྱིས་གསུང་བཤད་གནང་བ། གོ་རིམ་བརྒྱད་པ་སློབ་མ་རྣམས་ཀྱིས་མཚོ་ལྷོ་སྐོར་བྲོ་འཁྲབ།
གོ་རིམ་དགུ་བ་ཚོགས་མི་ཨ་ཁུ་ཤེས་རབ་ལགས་ཀྱིས་མཛད་སྒོ་སྤྱི་སྡོམ་དང་ཁ་གཡང་དྲོན་མོ་བོས་པ་དང་། མཇུག་མཐར་སློབ་མའི་མཉམ་ལེན་ཚོགས་པས༼ཕ་བཟང་གི་བུ་མོ༽ཞེས་པའི་གླུ་སྐད་སིང་སིང་གི་ཁྲོད་ནས་བྱ་འགུལ་གོ་རིམ་ཡོངས་སུ་མཇུག་རྫོགས་སོ།།
རྩོམ་ཁུངས། ངེད་དྲ་བ།