གངས་ཅན་པ་སྒྲོལ་མ་སྐྱབས་ཀྱི་གླུ་གཞས་ཆེད་འཚོགས་གནའ་མཁར་ཟི་ལིང་ནས་བསྡུ་རྒྱུ་ཡིན་པ།
མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། སྙིང་ནས་བརྩེ་བའི་རིགས་མཐུན་སྤུན་ཟླ་སྤྱི་བོའི་སྙན་ལམ་དུ་བསྒྲོན་རྒྱུར། གངས་ཀྱི་ཡུལ་གྲུ་ཆེན་པོ་འདིའི་སྐྱིད་སྡུག་ངག་གི་མགྲིན་ཚབ་ལྟ་བུའི་གཞས་པ་སྒྲོལ་མ་སྐྱབས་ཀྱི་གླུ་གཞས་ཆེད་འཚོགས་དེ། སྤྱི་ལོ་༢༠༡༤ཟླ་༦པའི་ཚེས༢༨ལ་མཚོ་སྔོན་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་བསྡུ་རྒྱུ་རེད། རེབ་འདིའི་གླུ་གཞས་ཆེད་འཚོགས་ནི་༢༠༠༨ལོར་བཀྲམ་པའི་གླུ་གཞས་ཆེད་བསྒྲིགས་གཉིས་པ་༼ཕ་ཡུལ•རྩམ་པ༽ཀུན་གྱི་གཟིགས་རྟེན་དུ་ཕུལ་བ་ནས་ད་རག་བར་དུ་སྟེ། མི་ལོ་དྲུག་ལྷག་གི་རིང་ལ་གླུ་གཞས་སྒྱུ་རྩལ་གྱི་ལས་འདིར་གཞས་པ་རང་ངོས་ནས་ཤ་ཐང་ཐང་གིས་འབད་པ་ལྷོད་མེད་བྱས་པའི་ཐོན་འབྲས་ཉག་ཅིག་དང་། ཁོང་གིས་བོད་ཀྱི་གཞས་སྟེགས་སུ་ཕུལ་བའི་མར་རྩམ་གྱི་དྲི་མ་མ་ཡལ་བའི་ཕ་སྐད་རྣལ་མའི་བླ་དང་སྲོག་གི་གཟུང་ཐག་ཏུ་གྱུར་བའི་གཞས་གདངས་ཀྱི་མཆོད་པ་ཡིན། གླུ་གཞས་ཆེད་འཚོགས་འདི་འདྲ་ཞིག་བསྒྲུབས་པའི་དམིགས་ཡུལ་ནི། བོད་རང་གི་གཞོན་སྐྱེས་གཞས་པ་གཞས་མ་རྣམས་ལ་ལེགས་པའི་བག་ཆགས་ཕྲན་ཙམ་བཞག་པ་རྐྱེན་བྱས་ཏེ། གསར་སྐྱེས་གཞས་པ་དག་ཕ་སྐད་གཙང་མའི་གླུ་གཞས་ཀྱི་ལམ་ལ་འཇུག་པར་སྐུལ་ལྕག་འདྲ་ཨེ་ཐོན་སྙམ་པའི་ཀུན་སློང་གཙང་མ་དེ་མངོན་འགྱུར་ཡོང་ཆེད་དང་། གཞས་པ་ཁོང་བགྲང་བྱ་བཅུ་ཕྲག་ལྷག་གི་རིང་ལ་རོལ་དབྱངས་སྒྱུ་རྩལ་གྱི་ལས་རིགས་འདིར་དགའ་དུང་བརྩོན་གསུམ་གྱིས་ཞུགས་པའི་ལམ་བུར་ཕྱིར་མིག་ཐེངས་གཅིག་བལྟ་བའམ། ལེགས་ཉེས་ཅི་ཡིན་གྱི་འབྲས་བུར་ཚང་རྩིས་ཐེངས་ཤིག་རྒྱག་རྒྱུ་དེའོ། །
གཞས་པ་ཁོང་གི་མི་ཚེའི་དད་འདུན་དང་འཚོ་བའི་དོན་སྙིང་དུ་གྱུར་བའི་སྒྱུ་རྩལ་གྱི་གཙང་ཆུ་རིང་མོ་འདིས། རང་ཅག་གི་རྨི་ལམ་གྱི་རྣང་མ་དང་འཚོ་གནས་ཀྱི་ཞིང་ས་བརླན་ཞིང་གཤེར་བར་བཏང་ཞིང་། ཁོང་གི་གཞས་ཀྱི་བརྗོད་དོན་དུ་གྱུར་བའི་གངས་ཀྱི་ར་བ་འདིའི་དུས་གསུམ་གྱི་དར་རྒུད་དང་སྐྱིད་སྡུག་གི་ལས་དབང་སྐྱོ་བོ་དེ། མགོ་ནག་བོད་མི་རེ་རེའི་སེམས་སུ་རྡོ་བརྐོས་རི་མོ་ཇི་བཞིན་དུས་བཞིའི་ཆར་རླུང་གིས་འདག་ཐབས་བྲལ་བ་ཞིག་ཆགས་ཡོད། ཐེངས་འདིའི་གླུ་གཞས་ཆེད་འཚོགས་ནི་མཚོ་སྔོན་ཞིང་ཆེན་རླུང་བརྙན་འཕྲིན་ཁང་བོད་སྐད་སྡེ་ཁག་དང་རྨ་ཆུའི་སྦྲ་ནག་ཚང་རིག་གནས་གནས་སྐོར་རྒྱུད་འཛིན་གླིང་། གངས་ཆབ་ཟེགས་མའི་འགྱུར་ཁུགས་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་བཅས་ཀྱི་མཉམ་དུ་བསྒྲུབས་པའོ། ། ༢༠༡༤/༦/༧ལ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།