འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མར་རྗེས་དྲན་ཞུས་པའི་སྐོར།
༄༅།།བོད་ཀྱི་ལོ་རྒྱུས་སྟེང་མཚན་སྙན་ཤིན་ཏུ་ཆེ་བའི་མེས་པོ་དམ་པ་འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ་མཆོག་ལ། ཆོས་ལུགས་ཀྱི་ངོས་ནས་དང་། ལོ་རྒྱུས་ཀྱི་ངོས་ནས། རྩོམ་རིག་གི་ངོས་ནས"ཁམས་སྤྲུལ་འདུ་འཛོམས"སུ་བསྙད་པའི་རྗེས་དྲན་སྟབས་བདེ་ལས་སླ་མ་ཞིག་སྤྱི་ལོ༢༠༡༣ལོའི་ཟླ༡༢པའི་ཚེས༣༡ཉིན། སྣང་བའི་ན་བུན་དང་། རྫ་རབ་འབྱམས། གང་ཤར་དགའ་བ་གསུམ་གྱིས་གཙོ་བསྒྲུབས་བྱས་ཤིང་། སྐུ་ཞབས་མེ་ཕུང་དང་ཁམས་པ་གཡའ་སེལ་སོགས་ཕ་ཡུལ་གྱི་སྤུན་ཟླ་འགའ་ཡིས། དམ་པ་ཁོང་སྐུ་འཁྲུངས་ས་སྟེ། ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་། བྱ་ཕུག་ཐང་གྲོང་རྡལ་ནག་ཚང་སྡེ་བ།ཚོ་བ་དང་པོའི་ཆར་གཏོགས་པའི་བསག་རིས(སྲེག་རིལ?)ཞེས་པའི་ས་ཆ་དེར་བྱས་སོང་། གནས་དེ་རུ་ཁོང་དང་ཁོང་གི་ཁྱིམ་རྒྱུད་སྐོར་གྱི་གཏམ་རྒྱུད་མང་པོ་ཞིག་འདུག་པ་དེས་ཁོང་དྲན་པའི་སྐུལ་མ་ཡང་ཡང་འདེབས་འོང་གི་འདུག
ཁོང་ནི་ཆོས་ཀྱི་བྱམས་བརྩེ་དང་ཤེས་རབ་ཀྱི་ཉམས་ལེན་ལས་མི་ཚེའི་རིན་ཐང་མངོན་དུ་གྱུར་པའི་ཆོས་པ་ཞིག་ཡིན་པའི་ངོས་ཐད་ནས། བྱམས་བརྩེའི་ཉམས་ལེན་དང་ཤེས་རབ་ཀྱི་རིན་ཐང་ལས། ཇི་ལྟར་བྱས་ནས་མི་ཚེའི་འདུན་མ་མངོན་འགྱུར་བྱེད་པའི་བསམ་བློའི་གྲ་སྒྲིག་ཅིག་དགོས་པའི་གསལ་འདེབས་ཤིག་སོ་སོས་རང་ཉིད་ལ་བཏབ་སོང་ལ།
བོད་ཀྱི་རྩོམ་རིག་མཁས་པ་དང་སྙན་ངག་གི་སྒྱུ་རྩལ་པ་ཞིག་ཡིན་པའི་ངོས་ནས། བསྐལ་པའི་བླ་འབོད་དུ་གྲུབ་པའི་སྒྱུ་རྩལ་གྱི་འཇའ་སྐས་ལ་འཛེགས་ཏེ། འགྲོ་མིའི་སེམས་ཀྱི་མཛེས་ལྗོངས་ལ་བགྲོད་པའི་ལམ་ཡིག་ཆུ་རིས་མ་དེ་ཡི་གསང་བ་བཏོལ་བའི་པྲ་ཚག་ཅིག་དགོས་པའི་བླང་བྱའང་སོ་སོས་རང་ཉིད་ལ་བྱས་སོང་།
གཞན་ཡང་རིག་གནས་གཡུལ་འཁྲུག་གི་དུས་སུ་ཁེལ་བའི་ལོ་རྒྱུས་ཀྱི་གནས་བབ་འདི་ནས། རིག་གནས་པ་ཁོང་དང་ཁོང་ལྟ་བུ་གནའ་མི་སྨུག་པོ་འདི་དག་གི་རིག་གནས་སྙིང་སྟོབས་ལ་བརྟེན་ནས། རང་ཉིད་ཀྱི་རིག་གནས་གཡུལ་ས་བརྟན་སྲུང་དགོས་པའི་དུས་ཀྱི་འགན་འཁྲི་ལ་སྙིང་ཕུར་ཞིག་ཀྱང་སོ་སོས་རང་ཉིད་ལ་བཏབ་སོང་།
ཞོར་དུ་ས་འདི་ནས་ལང་ཚོའི་མྱུ་གུ་འབུས་ཤིང་འཕྲིན་ལས་ཀྱི་འོད་ཞགས་ནམ་ཡང་གངས་ལྗོངས་ཀྱི་མཁའ་རུ་རྟག་པའི་དམ་པ་ཁོང་ཉིད། རང་ས་རང་ཡུལ་ནས་རྒྱུས་མེད་དུ་འགྱུར་གྱིན་པའི་སྣང་ཚུལ་ངན་པ་འདི་ལ་འཕུལ་ཐོ་ཞིག་བྱས་ཏེ། ས་འདི་ནས་ཀྱང་དམ་པ་འཁྲུངས་ངེས་པའི་གཏན་ཚིགས་དེར་བྱི་དོར་ཅུང་ཟད་ཅིག་བྱས་པས་མ་ཚད། དམ་པ་ཁོང་ད་ལྟའི་བར་དུ་རང་ས་རང་ཡུལ་ནས་འཕྲིན་ལས་དེ་ཙམ་རྒྱས་མ་ཐུབ་པའི་རྒྱུ་འབྲས་རྐྱེན་གསུམ་ལ་བསམ་གཞིག་དགོས་པའི་འབོད་སྐད་ཀྱང་བསྒྲགས་སོང་།
ད་ཐེངས་དྲན་དབང་དགེ་ཆོས་ཡར་སྔོན་དུ་འཁྲུངས་པའི་བོད་ཀྱི་གནའ་རབས་མཁས་པ་ཞིག རིག་གནས་དང་ལོ་རྒྱུས། རྩོམ་རིག་སོགས་ཀྱི་ངོས་ཐད་ནས་རྗེས་དྲན་བྱས་པ་འདི་ནི་ཕལ་ཆེར་གངས་ལྗོངས་ནས་ཐེངས་དང་པོ་ཡིན་ཡང་སྲིད།
འབྲུག་ཁམས་སྤྲུལ་བསྟན་གྱི་མཛད་རྣམ་གཙོ་བོ་རགས་བསྡུས།
འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ་ནི་བོད་ཀྱི་སྙན་ངག་པ་གྲགས་ཅན་ཞིག་ཡིན་ལ། མཚན་ཉིད་རིག་པའི་སློབ་དཔོན་དང་། ཆོས་ཀྱི་ཉམས་ལེན་པ། བོད་ཀྱི་གནས་སྐོར་པ་ཞིག་ཀྱང་ཡིན།
ཁོང་གི་མཚན་གཞན་ལ་སྒྲ་དབྱངས་ཟླ་བ་བདུད་རྩིའི་ལང་ཚོ་ཞེས་ཞུ་བ་དང་། རབ་ཉི་ལྕགས་ཁྱི་པ་ལ(མཆན་པ་ལ་ནི་སྤྱི་ལོ་ཞེས་པའི་མིང་གཞི་བསྡུས་པའི་ཡིག་བསྡུས་མིང་ངོ)1730ལོར་དགེ་རྒྱལ་ནང་ཚང (དེང་གི་ཡུལ་ཤུལ་རྫ་སྟོད་རྫོང་ཁུངས་སུ་གཏོགས།)གི་དཔོན་ལྷ་དབང་རྒྱལ་དང་། ཡུམ་ཚང་བཟའ་དཀར་རྡོག་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས། དམ་པ་ཁོང་འཁྲུངས་ནས་ད་ལྟའི་བར་དུ་ལོ284ལོན་ཡོད།
པ་ལ1733ཏེ་ཁོང་དགུང་ལོ་བཞིའི་སྟེང་འབྲུག་པ་བཀའ་རྒྱུད་པའི་རྩ་བའི་གདན་སར་ཁམས་སྤྲུལ་སྐུ་ཕྲེང་བཞི་པར་ངོས་འཛིན་བྱས་པ་ནས་བཟུང་སྟེ་སི་ཏུ་པཎ་ཆེན་སོགས་བླ་མར་བསྟེན་ཏེ་ཡི་གེ་འབྲི་ཀློག་ནས་གཞུང་ཆེན་བཀའ་པོད་ཀྱི་བར་དུ་གསན་བསམ་མཛད།
དགུང་ལོ་ཉེར་ལྔ་སྟེ་ཤིང་ཁྱི་པ་ལ1754ལོར་སྙན་འགྲེལ་རྩོམ་མགོ་བརྩམས་པ་དང་།དགུང་ལོ་ཞེ་གཅིག་རབ་འདོད་ལྕགས་སྟག་པ་ལ1770ལོར་ཡོངས་སུ་གྲུབ་པར་མཛད།
1745ལོར་ཁམས་པ་སྒར་དུ་རྒྱུན་ཞུགས་དགེ་འདུན་སུམ་བརྒྱ་ལྷག་ཡོད་པའི་ཕུན་ཚོགས་གླིང་གསར་བཞེངས་མཛད་པ་དང་། གྱིང་ཕུ་དཔལ་གྱི་ཡང་དབེན་དུ་མཁས་པ་རབ་འབྱམས་པ་དང་། དཀའ་བཅུ་པའི་མཚན་ཐོབ་ཡོད་པའི་དགེ་འདུན་བརྒྱ་ཕྲག་བརྒལ་བ་བཞུགས་པའི་མཚན་ཉིད་དགོན་པ་རྣམ་རྒྱལ་ཆོས་འཁོར་གླིང་ཕྱག་བཏབ། སྒ་ཉག་དཀར་མོ་རིའི་ཡང་དགོན་དུ་སྒྲུབ་པ་སྙིང་པོར་བྱེད་པའི་སྒྲུབ་སྡེ་གསང་ཆེན་མཐོང་གྲོལ་གླིང་ཕྱག་བཏབ་པ་སྟེ་བཤད་སྒྲུབ་ལས་གསུམ་གྱི་བྱ་བ་བསྐྱང་སའི་ཁོར་ཡུག་ལེགས་པོ་བསྐྲུན།
དགུང་ལོ་ལྔ་བཅུར་ཕེབས་པ་རབ་འདོད་ས་མོ་ཕག་པ་ལ1779ལོར་ཕུན་ཚོགས་ཆོས་འཁོར་གླིང་དུ་སྐུ་བཤེགས།རིན་པོ་ཆེ་ཁོང་སྐུ་བཤེགས་ནས་ད་ལྟའི་བར་དུ་ལོ235ལོན་ཡོད།
སློབ་མའི་གཙོ་བོ་ལ་མཁས་གྲུབ་བསོད་ནམས་རབ་འཕེལ། རབ་འབྱམས་པ་བློ་གྲོས་བརྟན་པ། འཛི་སྒར་རྡོ་རྗེ་གྲགས་པ་སོགས་ཡོད།
བརྩམས་ཆོས་གཙོ་བོ་ལ་རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ་ཡོད། དེས་སྟོབས་ཀྱིས་ཁོང་ལ་སི་ཏུ་པཎ་ཆེན་གྱི་སློབ་མ་ལས་སྙན་ངག་རང་ལས་མཁས་པ་འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ་ཞེས་པའི་མཚན་སྙན་ཡོད་པར་མ་ཟད། དུས་རབས་མང་པོ་ཞིག་ལ་བོད་ཀྱི་རྩོམ་རིག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། གཞན་ཡང་ལྷ་ཆེན་པོ་ཁྱབ་འཇུག་གི་འཇུག་པ་བཅུའི་གཏམ་རྒྱ་བལ་མཁས་པའི་ངག་རྒྱུན་གངས་ཅན་རྣ་བའི་བདུད་རྩི་ཞེས་བྱ་བ་དང་། ཤིས་པ་བརྗོད་པ་འཁོར་ལོ་རིན་པོ་ཆེའི་གཏམ་ཞེས་བྱ་བ། ཁམས་སྤྲུལ་རང་རྣམ་སོགས་ད་ལྟ་མཇལ་དུ་ཡོད། སྤྱིར་གཞུང་བཀའ་པོད་ཀྱི་འགྲེལ་ཊཱིཀ་སོགས་ཀྱི་པོད་ཆེན་བདུན་ཙམ་ཡོད་པར་གྲགས།
དཔྱད་གཞིའི་ཡིག་ཆ། ཁམས་སྤྲུལ་རང་རྣམ། སི་ཏུ་པཎ་ཆེན་རང་རྣམ།(སི་ཏུའི་བཀའ་འབུམ་ཨ་པོད་དུ་གསལ)གུ་བཀྲ་ཆོས་འབྱུང་ལྕགས་དཔར་མའི་ངོས་ལྷེ588ནས589བར། དུང་དཀར་ཚིག་མཛོད་ཀྱི་ངོས་ལྷེ305པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོའི་དབུར་བཀོད་པའི་རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས། བོད་རྒྱ་ཚིག་མཛོད་ཆེ་མོའི་གཤམ་དུ་བཀོད་པའི་ལོ་ཚིགས་རེའུ་མིག ཟླ་འོད་ཀྱི་དགེ་རྒྱལ་ནག་ཚང་སྡེ་དགོན་ལོ་རྒྱུས། ལྷོ་བསྟན་འཛིན་ཉི་མའི་མདོ་ཁམས་དགེ་འབྲོང་ལོ་རྒྱུས་ཀྱི་ངོས་ལྷེ308པ་ནས་309བར་སོགས་ཡོད།
གནས་འདི་ནི་འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མའི་ཡུམ་ཚང་བཟའ་དཀར་རྡོག་ལྷ་མོ་ཞུ་བ་དེའི་སྐུ་ཕུང་བཞུགས་ས་རེད་འདུག དེའི་ཕྱིར་ས་འདི་ལ་ད་ལྟ་བཞུགས་ཁྲི་ཁ་ཞེས་ཟེར། མོ་ནི་སྐྲ་ཆུ་ལན་དུ་མར་འོ་མར་གྱུར་པ་དང་། དབུ་ཐོད་ལ་ཨོཾ་ཨ་ཧཱུྃ་གི་རང་བྱུང་ཡོད་པའི་ངོ་མཚར་ཅན་ཞིག་ཡིན་ཚུལ་ས་གནས་ལོ་རྒྱུས་དག་ན་བྲིས་འདུག་ལ། ད་ལྟ་དུར་མལ་དུ་ཤིང་ཕུང་འདི་སྐྱེས་པར་བརྟེན་མི་རྣམས་ཀྱིས་ངོ་མཚར་དུ་བརྩི་བཞིན་འདུག
གང་ལྟར་ཁོང་གི་པང་དུ་སྐྱེས་པའི་བྱིས་པ་ཆུང་ཆུང་དེ་ཕྱིས་སུ་གངས་རིའི་མུ་འཁྱུད་ཀྱི་མཐོངས་སུ་བརྗིད་པའི་གསེར་གྱི་ཉི་མ་སྟེ། འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ་རུ་འཚར་ལོངས་བྱུང་ཡོད་པས། འབྲུག་ཁམས་སྤྲུལ་ཉིད་དུས་ཀྱིས་བརྗེད་མི་སྲིད་པ་བཞིན་དུ་རླབས་ཆེ་བའི་མ་ཡུམ་གང་ཉིད་ཀྱང་དུས་ཀྱིས་བརྗེད་མི་སྲིད་དེ། མི་ལོ་བརྒྱ་ཕྲག་གཉིས་ལྷག་ཙམ་འདས་པའི་ཉིན་མ་དེ་རིང་ཡང་མི་རྣམས་ཀྱིས་ཁོང་དྲན་པས་མ་ཚད། ཁོང་དང་འབྲེལ་བའི་གཏམ་རྒྱུད་སྣ་ཚོགས་འཆད་ཀྱིན་གདའ།
གནས་འདིར་ཁོང་གིས་ཁམས་སྤྲུལ་གོང་མས་གཏེར་ནས་བླངས་པར་གྲགས་པའི་ཁམས་པའི་གུར་མོ་ཆེ་ཞེས་པ་དེ་ཕུབ་སྟེ་སྒྲུབ་པ་མཛད་ས་ཡིན་པས་མིང་ལ་སྒྲུབ་སྒར་ལེབ་ཅེས་ཟེར། གཅིག་བྱས་ན་ཁོང་གིས་གནས་འདི་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་ཐོབ་ཡོད་སྲིད། གང་ལྟར་ཆོས་ཀྱི་ཉམས་ལེན་པ་ཁོང་གིས་ཆོས་ཀྱི་སྒྲུབ་པ་མཛད་དེ་ཆོས་མིང་ཡུལ་ལ་ཐོག་པའི་ངོ་མཚར་གཏམ་རྒྱུད་ནི་མི་ལོ་བརྒྱ་ཕྲག་གཉིས་ལྷག་འདས་ཀྱང་ད་ལྟ་ད་དུང་ལྷིང་འཇགས་པའི་རྩྭ་ཐང་འདི་རུ་བྱིན་ཆགས་སེར་གནས་འདུག
མཁར་ཤུལ་འདི་ནི་འབྲུག་ཁམས་སྤྲུལ་མཆོག་གི་ཡབ་ལྷ་དབང་རྒྱལ་དང་། མཆེད་ཕུན་ཚོགས་དར་རྒྱས་གཉིས་ཀྱིས་བཞེངས་པའི་རྣམ་རྒྱལ་ཕོ་བྲང་གི་ཤུལ་རེད། གནས་འདི་ནས་ཁོང་ནི་སྐབས་དེའི་འབྲོག་ཐང་གི་བྱིས་པ་ཕལ་མོ་ཆེ་དང་འདྲ་བར་གཅེར་བུ་མར་ཐལ་རྩེད་དུ་ཕེབས་མྱོང་ཡོད་ངེས་ལ། རྡོ་དང་རྭ་ཅོའི་རྩེ་ཆས་ཀྱང་བསྒྲིགས་མྱོང་ཡོད་ངེས། ཕྱིས་སུ་ཤིས་པ་བརྗོད་པ་འཁོར་ལོ་རིན་པོ་ཆེའི་གཏམ་ཞེས་བྱ་བའི་བསླབ་བྱའི་རང་བཞིན་གྱི་སྙན་ངག་གི་བརྩམས་ཆོས་དེ་ཡང་འདི་ཤེད་ཅིག་ནས་བྲིས་ངེས།
རྣམ་རྒྱལ་ཕོ་བྲང་ཞེས་པའི་ཁང་པ་ཉིས་ཐོག་མ་ཞིག་ཡོད་རབས་འདུག་པ་དེ་ནི་ད་ལྟ་ཤུལ་ཙམ་ཞིག་ལྷག་ཡོད་པ་འདི་རེད་ཀྱང་། ཁོང་གིས་གནས་འདི་ནས་བརྩམས་མཛད་པའི་སྙན་ངག་གི་བརྩམས་ཆོས་དེ་ནི་ད་ལྟ་སྔར་ལས་གཟི་མདངས་ཆེ་བར་གནས་ཡོད། འདིས་ནི་མི་རྣམས་ལ་དུས་ཀྱིས་རྙིང་མི་སྲིད་པའི་རིག་གནས་ཀྱི་སྙིང་སྟོབས་ཤིག་དྲན་དུ་འཇུག
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།