《གསར་རྩོམ་ཉམས་མྱོང་གླེང་བ》ཞེས་པའི་དེབ་གསར་བ་ཞིག་པར་དུ་བསྐྲུན་ཡོད་པ།
ཉེ་བའི་ཆར་བོད་ཀྱི་རྩོམ་རིག་སྡིངས་ཆར«གསར་རྩོམ་ཉམས་མྱོང་གླེང་བ»ཞེས་པའི་དེབ་གསར་པ་ཞིག་སླེབས་འདུག དེབ་འདི་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་གླིང་གི་འབུམ་རམས་པ་དང་རྩོམ་རིག་ཤེས་རམས་པའི་མཛུབ་སྟོན་དགེ་རྒན། གྲགས་ཆོད་པའི་སྒྲུང་གཏམ་པ་བཀྲ་བྷ་ནས་གཙོ་སྒྲིག་བྱས་པ་ཞིག་རེད་འདུག་ཅིང་། མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་རྩོམ་སྒྲིག་ཁང་ནས2013ལོའི་ཟླ1པོའི་ཚེས་1ཉིན་པར་ཐེངས་དང་པོ་བརྒྱབ་པ་ཞིག་ཡིན་གསལ། མ་ཟད་འདི་ཉིད་སློབ་གྲྭ་དེ་གའི༼བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ཚོགས༽ཞེས་པའི་ལས་འཆར་ལས་དེབ་ཨང་བཞི་བ་དེ་ཡིན་འདུག ༼གཞན་དྲུག་ནི«བོན་གྱི་ལྷ་རབས་ལ་དཔྱད་པ།»«སྐྱབས་ཆེན་བདེ་གྲོལ་ཞིབ་འཇུག»«དེང་རབས་སྙན་ངག་རིག་པ།»«སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ལ་དཔྱད་པ།»«ཁྲི་འདུས་སྲོང་གི་མགུར་གླུར་དཔྱད་པ།»«ལོ་བརྒྱའི་ལྷ་སའི་སྙན་ངག་གི་ཞིབ་འཇུག»བཅས་སོ༽
དེབ་འདིར་གླིང་མདུན་དཔལ་འབྱོར་དང་སྟག་འབུམ་རྒྱལ་སོགས་རྩོམ་པ་པོ་རྒན་གྲས་ཀྱི་སྐོར་དང་། ལོ་ན་སུམ་ཅུ་ཡས་མས་སྒང་གི་རྩོམ་པ་པོ་གཞོན་གྲས་ཀྱི་ཁྱུ་སོགས་བསྡོམས་བཞི་བཅུ་ཞེ་བཞི་ལྷག་གི་གསར་རྩོམ་གྱི་མྱོང་བ་བརྗོད་པའི་རྩོམ་ལྔ་བཅུ་ང་དགུ་འདུག དེ་དག་ཡང«ནགས་ཀློང་ཁུ་བྱུག་འདུ་གནས»ལྟ་བུའི་གསར་རྩོམ་གྱི་མྱོང་བ་གཅིག་ཏུ་དྲིལ་བའི་དེབ་དང་། «སྦྲང་ཆར»སོགས་རྩོམ་རིག་དུས་དེབ་ཆེ་གྲས་ལས་གནད་ཕིགས་པ་དག་ཕྱོགས་གཅིག་ཏུ་བསྡོམས་པ་གཞིར་བཅས། རྩོམ་གསར་པ་མང་པོ་ཡང་བར་བར་དུ་གསེབ་ཏེ་གྲུབ་པ་ཞིག་ལགས་པས། ད་ཕན་བར་གསར་རྩོམ་གྱི་མྱོང་བ་དག་བསྡོམས་པ་དམ་ལ་ཆ་རྫོགས་པ། བསྡུ་སྟོབས་ཆེ་བའི་དེབ་ཅིག་ཏུ་གྱུར་ཡོད་ཙང་། ཉར་ཚགས་དང་ཞིབ་འཇུག་ཅི་རིགས་བགྱི་བ་ལ་སྟབས་བདེ་བསྐྲུན་ཡོད།
དེ་ལས་ཀྱང་གླེང་རི་བ་ཞིག་ནི། ཀློག་པ་པོའི་བལྟ་འདོད་ཀྱི་ཡི་ག་གོད་པའི་ཆུ་ལྟར་འཕྱུར་ཡོང་ཆེད། དེབ་འདིའི་པར་ངོས་བཀོད་སྒྲིག་གི་ཐད་ནས་མཛེས་ཉམས་ཆེར་དོད་དེ། ཡིག་གཟུགས་ཀྱི་ཆེ་ཆུང་དང་རྩོམ་དངོས་ཀྱི་འགྱུ་སྟངས་སོགས་འགབ་ལ་ཆ་འགྲིག་པ། ཚགས་དམ་ལ་ཟོར་ཡངས་པོའི་སྒོ་ནས་ཇུས་འགོད་གནང་འདུག་པས་བལྟས་ཚོད་ཀྱིས་མིག་ལ་མཛེས་ཤིང་ཡིད་ལ་འཐད་པ་ཞིག་ཏུ་འདུག ཤོག་ལྡེབས་ཀྱི་མཐའི་ཆར་རྩོམ་པ་པོ་རེེ་རེའི་ལོ་རྒྱུས་མདོར་བསྡུས་ཤིག་ལ་འདྲ་པར་ཚུན་གང་གི་ཚད་ཙམ་སྤགས་ཏེ་མི་ངོ་ལྷ་ངོ་འཕྲོད་པར་བྱས་ཤིང་། རྩོམ་གྱི་ཁོག་འབུབས་ལས་གནད་ཟིན་པ་དང་དོན་རྩ་ཆེ་བའི་ཚིག་དག་ལོགས་སུ་བཏོན་ཏེ་སྟར་འགྲིག་པོའི་སྒོ་ནས་ཤོག་ལྡེབས་ཀྱི་མཐར་ཁྲིགས་ཆགས་སུ་བཀོད་འདུག་པས། འབྱོང་ཀློག་དང་བམ་ཀློག་གང་ཡིན་ཡང་། ནང་གི་དེ་ཉིད་ཟིན་པ་ལ་བར་ཁྱད་ཆེར་མེད་པ་ཞིག་ཏུ་བཟོས་ཡོད་པས་ལུག་སྤང་འདོད་ཀྱིས་སྤང་དང་། ར་བྲག་འདོད་ཀྱིས་བྲག་ནང་བཞིན་ཀློག་ཆོག་གི་ཡོད།
མཇུག་མཐར་དེབ་འདི་ཁྱེད་ཀྱི་ཕྱག་ཏུ་རག་ཡོང་བའི་སྨོན་འདུན་དང་བཅས། འདིས་ཀྱང་བོད་ཀྱི་རྩོམ་རིག་གི་ཁ་ལས་རླུང་རྟ་ཕྱོགས་མཐར་རྒྱས་པའི་རྒྱུ་ཙམ་དུ་འགྱུར་བར་ཤོག ལམ་དཀར་པོ།།
2013/9/11ཉིན།
རྩོམ་ཁུངས། ངེད་དྲ་བ།