འབའ་སེང་སྨྱོན་གྱི་སྙན་དེབ《ཉི་ནུབ》ཅེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ།
རྩོམ་དེབ《ཉི་ནུབ》 འབའ་སེང་སྨྱོན་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། 2015 11པར་བཀྲམ། དེབ་རེར་སྒོར། 15
གསལ་བཤད།
དེབ་འདིའི་རྩོམ་ཡིག་མང་ཤོས་ནི་ཁོང་གིས་སློབ་མ་ཡིན་དུས་བྲིས་པ་ཡིན་ལ་བྱ་བར་ཞུགས་རྗེས་ཀྱི་བྲིས་རྩོམ་ཉུང་།ཕངས་པ་ཞིག་ལ་ཐེངས་ཤིག་ཁོ་རང་ཕ་ཡུལ་ལ་ལོ་སར་གཏོང་བར་ཡོང་བའི་སྐབས་དེར་བདག་གིས་འབྲི་དེབ་མཐུག་པོ་ཞིག་ཏུ་ཁོང་གིས་རྩོམ་མང་པོ་བྲིས་ཡོད་པ་མཐོང་ནའང་སྟབས་མ་ལེགས་པར་བོར་བརླག་ཐེབས་པས་རྩོམ་ཆ་ཚང་པ་བསྡུས་ཐུབ་མེད།དེབ་འདིར་རྩོམ་ཡིག་རྣམས་དུས་ཀྱི་སྔ་ཕྱི་ལྟར་བསྒྲིགས་ཡོད་ཅིང་།དེ་ཡང་ཚན་པ་དང་པོའི་ནང་སྙན་ངག་ཞེ་དྲུག་དང་། ཚན་པ་གཉིས་པར་ལྷུག་རྩོམ་དགུ། ཚན་པ་གསུམ་པར་ཟུར་བཀོད་དུ་ཁོང་གི་གྲོགས་རྣམས་ཀྱིས་བྲིས་པའི་རྗེས་དྲན་རྩོམ་སྐོར་ཞིག་བདམས་ཏེ་བཀོད་ཡོད།
གསང་ལོ་ཐར་རམ་འབའ་སེང་སྨྱོན། སློབ་ཆེན་དངོས་གཞི། (1979-2006)
ནང་དོན་གནད་བསྡུས།
དེབ་འདིའི་སྔོན་འགྲོ་ཁྲི་སེམས་དཔས་བྲིས་ཤིང་མཇུག་གཏམ་འབའ་སྨད་རྒྱལ་ལོ་ཚེ་རིང་གིས་བྲིས་ཡོད། ཟུར་བཀོད་ལེ་ཚན་དུ་བཀོད་པའི་རྗེས་དྲན་རྩོམ་ཡིག་གི་རྩོམ་པ་པོ་ནི་ཁྲི་སེམས་དཔའ། སྨྲེང་བུ། སྐྱབས་ཆེན་བདེ་གྲོལ། ལྷ་སྡེ་ཉི་མ་ཚེ་རིང་། གཡང་ནོར་བུ་རྒྱལ་མཚན། དཀོན་མཆོག་ནོར་བུ། པདྨ་རིག་འཛིན། ལྡོང་སྨིན་དྲུག ཞོགས་ཉི། སྨུག་པོ། འབའ་སྨད་རྒྱལ་ལོ་ཚེ་རིང་བཅས་ཡིན།
རྩོམ་པ་པོ་ཁོ་རང་གསར་རྩོམ་གྱི་ལས་ལ་ཞུགས་པའི་དུས་ཐུང་བ་དང་ཁྱད་པར་དུ་ལོ་ཉི་ཤུ་རྩ་བདུན་སྟེང་འདས་པའི་ཚུལ་དེར་གཞིགས་ཚེ་ཁོང་གི་རྩོམ་ཡིག་གི་གྲངས་ཀ་དང་སྤུས་ཚད། གསར་རྩོམ་གྱི་རྣམ་འགྱུར་བཅས་ཀྱི་ངོས་ནས་བོད་ཀྱི་རྩོམ་སྟེགས་སམ་ཀློག་མཁན་རྣམས་ལ་སྨྱུག་ཐོགས་གཞོན་སྐྱེས་ཤིག་གི་ལོ་ཚད་ལས་འདས་པའི་བག་ཆགས་དུས་ཀྱིས་མི་ཟད་པ་ཞིག་བཞག་ཡོད་པ་ཡིན། ཁོང་གི་རྩོམ་ཡིག་རྣམས་བསྐྱར་ཀློག་བྱེད་ཚེ་ཚིག་དོན་དབྱངས་འགྲོས་སམ་བརྗོད་བྱ་རྗོད་བྱེད་སྡེབ་སྦྱོར་སོགས་གང་དུ་བལྟས་ཀྱང་བྲོ་བ་ཁྱད་པར་ཅན་ཞིག་སྟོབ་ནུས་སོ། །
སེམས་ཀྱི་པད་མོ་རྣམ་པར་བཞད་པའི་ཆུ་འཛིན་ཕུང་བོའི་ལྡིང་ཁང་རུ། །
མཛེས་སྡུག་ཚིག་གི་སྒྱུ་འཕྲུལ་འོད་ཟེར་ཡངས་པོའི་མཁའ་རུ་རབ་ཏུ་འཕྲོས། །
ཞུ་བྱེད་ངག་གི་སྐུད་མ་ཕྲ་མོའི་སྣང་བྱེད་དབྱངས་ཀྱི་མེ་ཏོག་འཕུར། །
ཚོར་བའི་འོ་མ་རླུང་གིས་དེད་དུས་ཉི་ནུབ་མཚམས་སྤྲིན་འཛུམ་གྱིས་བཞད། །
སྣང་བའི་ཁྲོད་ཀྱི་གྱ་གྱུར་རྨི་ལམ་དར་ཚོན་སྣ་ལྔའི་མཛེས་པར་བཅིངས། །
གཏམ་གྱི་གཤོག་རྩལ་ཤེད་ཀྱིས་བསྐྱོད་ནས་རེ་བའི་མྱུ་གུའི་རྩེ་མོ་འཇམ། །
དུས་གསུམ་ཡུན་གྱི་སྒྲོ་གུའི་ངོགས་ནས་དཀའ་བའི་མཛད་པའི་མཐུ་གྲུབ་སྟེ ། །
ཕྱོགས་ཀྱི་མེ་ལོང་ངོས་སུ་བསྐྱོད་པའི་ཡིག་འབྲུ་གསེར་པོ་ལེགས་པར་གྲུབ ། །
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།