《བོད་རྒྱ་ཨིན་གསུམ་ལས་རིགས་ཁ་བརྡ》ཞེས་པའི་དེབ་ཅིག་པར་དུ་བསྐྲུན་ཡོད།
ཆུང་བྱིས་པ་ནས་ད་བར་དུ་སློབ་གྲྭ་ག་གེ་མོ་ནས་ཆས་ཏེ་སློབ་ཆེན་ལ་སླེབས་སོང་། སློབ་ཆེན་དུ་འབྱོར་རྗེས་ང་ཚོས་རང་རང་གི་ས་ནས་གང་ཐུབ་ཅི་ཐུབ་ཀྱིས་སློབ་ཞོར་གྱི་དུས་ཚོད་ཕྲན་བུ་རེ་བེད་སྤྱད་དེ《བོད་རྒྱ་ཨིན་གསུམ་ལས་རིགས་ཁ་བརྡ》ཞེས་པའི་བསླབ་དེབ་འདི་ལྟ་བུ་ཞིག་དཔར་བསྐྲུན་བྱེད་ཐུབ་པ་ནི་ང་ཚོའི་ངོས་ནས་བཤད་ན་ཧ་ཅང་དགའ་འོས་པ་ཞིག་ཏུ་འདོད་ཡོད།
ང་ཚོས་ལོ་ངོ་གསུམ་ཙམ་གྱི་རིང་ལ་དཀའ་ངལ་ཁྱད་བསད་དང་ཕམ་ཉེས་ཡོད་ཚད་རང་སྟེང་དུ་ལེན་བཞིན་ད་ལྟ་བར་དུ་བསླབ་དེབ་འདི་རྒྱ་ཆེའི་ཀློག་པ་པོ་དང་མི་རིགས་གཞན་པའི་སྐད་རིགས་ལ་དགའ་ཞེན་ཆེ་བའི་སློབ་གྲོགས་ཡོངས་ཀྱི་སྙན་ལམ་དུ་གཤམ་ཐུབ་པ་བྱུང་བ་ནི་ང་ཚོས་ང་རང་ཚོར་རྟེན་འབྲེལ་ཞུ་བཞིན་ཡོད།
ཀུན་གྱིས་མཁྱེན་གསལ་ལྟར་རྒྱ་སྐད་རྒྱ་ཡིག་ནི་ད་ལྟའི་དུས་རབས་ཉེར་ཅིག་སྟེང་འཛམ་གླིང་གི་གསུམ་ཆའི་གཅིག་ཟིན་ཞིང་ཚོང་ལས་སོགས་ལ་དགོས་མཁོ་ཤིན་ཏུ་ཆེ་བའི་སྐད་ཡིག་ཞིག་ཏུ་ཆགས་ཡོད་པ་རེད། དེ་བཞིན་ཨིན་ཡིག་ནི་རྒྱལ་སྤྱིའི་ཚོང་ལས་ཀྱི་ལག་ཆ་གཙོ་བོ་ལྟ་བུར་གྱུར་ཡོད་པ་ནི་འཛམ་གླིང་ཚོང་ལས་ལས་རིགས་ཁག་དང་། ལོ་རྒྱུས། རྩོམ་རིག ཚན་རིག་སོགས་ཀྱིས་གསལ་བཤད་བྱེད་ཐུབ་པའང་ང་ཚོས་མ་བཤད་ཀྱང་ཁྱེད་ཚོས་མཁྱེན་གསལ་རེད།
སྤྱིར་ན་བོད་མདོ་དབུས་ཁམས་གསུམ་དུ་བོད་རྒྱ་ཨིན་གསུམ་གྱི་བསླབ་དེབ་མང་པོ་མེད་ལ། ཉུང་ཤས་ཤིག་ཡོད་པ་ཡང་ལས་རིགས་ཁ་བརྡ་གཙོ་བོར་བཟུང་བའི་བོད་རྒྱ་ཨིན་གསུམ་གྱི་བསླབ་དེབ་མིན་པར། བརྡ་སྤྲོད་དང་སྟབས་བདེའི་ཁ་བརྡ་སོགས་ཡིན་པས། ང་ཚོའི་བསླབ་དེབ་འདི་ལ་དེ་དག་ལས་གཞན་ཁྱད་ཆོས་ཤིག་ཡོད་པ་ནི་ལས་རིགས་ཁ་བརྡ་གཙོ་བོ་བྱས་ཡོད་པས། ཁྱེད་རང་གི་འདོད་མོས་སྐོང་ཐུབ་པའི་སེམས་ཤུགས་ང་ཚོར་ཡོད།
བསླབ་དེབ་འདི་ལས་ཁྱེད་ཀྱིས་བོད་རྒྱ་ཨིན་གསུམ་གྱི་ཁ་བརྡ་སློབ་ཐུབ་པར་མ་ཟད། མི་རིགས་གཞན་གྱི་ཚོང་ལས་ཀྱི་སྒྲིག་གཞི་དང་ལྟ་སྤྱོད། བསམ་བློ་སོགས་ཚོང་ལས་སྐོར་གྱི་རྒྱུན་ཤེས་འགའ་རེར་ཡང་བག་ཆགས་རེ་འཇོག་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད།
ཀློག་པ་པོ་རྣམས་ཀྱིས་བསླབ་དེབ་འདི་རང་སྦྱོང་བྱེད་བདེ་ཆེད། ང་ཚོས་བསླབ་དེབ་ནང་གི་སྡེ་ཚན་བཅོ་ལྔ་ཆ་ཚང་བོད་རྒྱ་ཨིན་གསུམ་གྱི་སྒྲར་ཕབ་ཡོད། བོད་སྐད་ལ་ཡུལ་སྐད་ཀྱི་ཁྱད་པར་ཡོད་པས་བོད་སྤྱི་ལ་ཁྱབ་པའི་གདངས་གཅིག་ཡོང་ཁག་པོ་ཡིན་ཡང་། སྒྲ་འདོན་པ་པོ་རྣམས་ཀྱིས་རང་ནུས་ཅི་ལྕོགས་ཀྱིས་ཡིག་སྐད་ལ་ཕྱོགས་ཡོད་པས། མདོ་དབུས་ཁམས་གསུམ་གྱི་རང་རིགས་ནང་མི་སྤུན་ཟླ་ཡོངས་ལ་ཕན་པ་རེ་འབྱུང་བའི་སྨོན་ལམ་སྙིང་ནས་ཞུ།
རྒྱ་སྐད་ཀྱི་སྐད་ཕབ་མཁན་ནི་པེ་ཅིང་གི་ཆེད་ལས་མི་སྣ་རྒྱ་རིགས་འགའ་ཡིན་པ་དང་། ཨིན་སྐད་ནི་ཨ་མེ་རི་ཁ་རང་ནས་ཡིན་པའི་ཕྱི་གླིང་བ་ཆེད་ལས་མཁས་པ་འགའ་ཡིས་སྐད་ཕབ་པ་ཡིན། སྐད་ཀྱི་ཕྱོགས་ནས་སྐད་རིགས་སོ་སོའི་ཁྱད་ཆོས་དང་སྒྲ་གདངས་ཡང་དག་པར་༼MP༣༽ཏུ་བཅུག་ཡོད་པས་ཁྱེད་ཀྱི་རང་སྦྱོང་གི་དགེ་རྒན་བཟང་པོ་ཞིག་ཏུ་འགྱུར་པའི་རེ་བ་ཡོད།
མཇུག་མཐར་བསླབ་དེབ་འདི་ཞུ་དག་གནང་མཁན་དང་དཔར་བསྐྲུན་བྱེད་རོགས་གནང་མཁན། ཐོག་མཐའ་བར་གསུམ་དུ་རོགས་རམ་ཚད་མེད་གནང་མཁན་དྲིན་ཆེན་ཕ་མ་སྤུན་མཆེད་གཙོས་དགེ་བའི་བཤེས་གཉེན་དང་གྲོགས་པོ་གྲོགས་མོ། སློབ་གྲོགས་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུའོ།།
སྤྱི་ལོ༢༠༡༥ལོའི་ཟླ་ཚེས་བཟང་བོ་ལ་རྩོམ་སྒྲིག་པས་དབུས་ལྷ་ལྡན་གྲོང་དུ་ཕུལ་བ་དགེའོ།།
གལ་ཏེ་སྡེབ་ཉོ་བྱེད་མཁན་ཡོད་ཚེ༼བསླབ་དེབ་ཁ་གྲངས་༡༠༠ཡན་ཡིན་སོང་ན༽ཐད་ཀར་བསླབ་དེབ་རེ་ནས་༢༥%གོང་ཚད་བཅོག་རྒྱུ་ཡིན།
འབྲེལ་གཏུག་ཁ་པར་ཨང་གྲངས།
དབུས་གཙང་། ༡༨༡༠༨༩༨༦༨༦༡
ཁམས། ༡༥༧༢༦༧༠༩༩༦༩
ཨ་མདོ། ༡༣༣༡༧༢༤༢༢༢༢
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།