དེབ་གསར《འཇུ་སྐལ་བཟང་གི་སྙན་ངག་ལ་དཔྱད་པ》ཞེས་པ་དངོས་སུ་བཀྲམས་པ།
མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། བོད་མེ་མོ་བྱ་ལོའི་ལོ་སར་གྱི་དུས་བཟང་དང་བསྟུན་ནས། དཔལ་རྩལ་གྱིས་བརྩམས་པའི《འཇུ་སྐལ་བཟང་གི་སྙན་ངག་ལ་དཔྱད་པ》ཞེས་པ་དངོས་སུ་བཀྲམས་ཡོད།
དེབ་འདི་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་སློབ་གླིང་གི “ཕུལ་བྱུང་སློབ་ཆེན་དང་ཕུལ་བྱུང་རིག་ཚན”ལ་རྒྱབ་སྐྱོར་བྱེད་པའི་ཞིབ་འཇུག་མ་དངུལ་སྤྱད་ནས། “བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ཚོགས”ཞེས་པའི་མུ་འབྲེལ་ཞིབ་འཇུག་ལས་གཞི་སྤེལ་བ་ལས་ཁག་གཉིས་པའི་གྲས་ཡིན་ཞིང་། ཁག་དང་པོ་རུ་བཀྲ་བྷ་ཡི《བོན་གྱི་ལྷ་རབས་ལ་དཔྱད་པ》དང་བན་དེ་མཁར་གྱི《ལོ་བརྒྱའི་ལྷ་སའི་སྙན་ངག་ཞིབ་འཇུག》ལྕགས་རྡོར་རྒྱལ་གྱི《བོད་ཀྱི་དེང་རབས་སྙན་ངག་རིག་པ》སོགས་དེབ་བདུན་ཡོད་ལ། “བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ཚོགས”ཁག་གཉིས་པ་རུ་ད་ལྟའི་བར་དུ་བཙུན་པོ་དོན་འགྲུབ་གྱི《ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ》དང་། ཐེངས་འདིའི《འཇུ་སྐལ་བཟང་གི་སྙན་ངག་ལ་དཔྱད་པ》གཉིས་པར་དུ་བསྐྲུན་ཟིན་ཡོད། ད་དུང་པར་དུ་སྐྲུན་འཆར་ལ་བཀྲ་བྷའི《བོད་ཀྱི་རྩོམ་པ་པོའི་གསར་རྩོམ་ཉམས་མྱོང་ལ་དཔྱད་པ》དང་བཀྲ་བྷའི《རཱ་མ་ཎའི་རྟོགས་བརྗོད་ཀྱི་འགྲེལ་བ》 བན་དེ་མཁར་གྱི《སྙན་ངག་མེ་ལོང་གི་བརྡ་ཆད་རྣམ་བཤད》 རང་སྒྲའི《རྩོམ་རིག ·གསར་རྩོམ ·དཔྱད་བརྗོད》བཅས་ཡོད།
《འཇུ་སྐལ་བཟང་གི་སྙན་ངག་ལ་དཔྱད་པ》ཞེས་པའི་དེབ་འདི་ནི་རྩོམ་པ་པོ་དཔལ་རྩལ་གྱིས་ཤེས་རམས་པའི་མཐར་ཕྱིན་དཔྱད་རྩོམ་གཞིར་བྱས་ཤིང་། སྣོན་འཕྲི་དང་བཟོ་བཅོས་ལན་འགར་བརྒྱབས་མཐར་དེབ་ཏུ་བསྐྲུན་པ་ཡིན་ལ། དེབ་ཡོངས་སུ་གསར་རྩོམ་གྱི་གོ་རིམ་དང་། བརྩམས་ཆོས་ཀྱི་ཁྱད་ཆོས། རྩོམ་རིག་ཐད་ཀྱི་གྲུབ་འབྲས་བཅས་ལེའུ་ཆེན་པོ་གསུམ་གྱི་སྒོ་ནས་སྤྲོས་ཤིང་། དེ་དག་རེ་རེ་ལའང་དམིགས་བསལ་བརྩམས་ཆོས་རེ་རེ་ཞིབ་ཀློག་གི་ཚུལ་དུ་ཁ་ཚར་བཏབས་ནས་དཔྱད་པར་ཞུགས་ཡོད། གཞན་ཡང་ཕྱིས་འབྱུང་ཞིབ་འཇུག་པ་དང་རྒྱུས་ལོན་གྱི་འདོད་བློ་ཡོད་ས་དག་ལ་ཕན་ཕྱིར་ཟུར་བཀོད་དུ་ལོ་རྒྱུས་དོན་ཆེན་རེའུ་མིག་དང་། བརྩམས་ཆོས་དཀར་ཆག པར་དུ་བསྐྲུན་པའི་དེབ་ཀྱི་ཐོ། བཅར་འདྲིའི་ནང་དོན་བདམས་བཀོད་བཅས་འབྲེལ་ཡོད་རྒྱུ་ཆ་ཁག་བཀོད་ཡོད་པས། རིག་གཞུང་གི་དཔྱད་གཞིའི་རིན་ཐང་དང་རྩོམ་རིག་མྱོང་རོལ་གྱི་རིན་ཐང་གང་ཐད་ནས་མི་དམན་པ་ཞིག་ལྡན་ཡོད།
འབྲེལ་ཡོད་གསར་འགྱུར།
“བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ཚོགས”ལ་དཔེ་དེབ་གསར་བ་བྱུང་། http://www.tibetcm.com/news/2015-03-15/7479.html
《གསར་རྩོམ་ཉམས་མྱོང་གླེང་བ》ཞེས་པའི་དེབ་གསར་བ་ཞིག་པར་དུ་བསྐྲུན་ཡོད་པ། http://www.tibetcm.com/news/2014-12-10/2921.html
ཀྲུང་དབྱང་མི་རིགས་སློབ་ཆེན་ལ་བོད་ཀྱི་རྩོམ་རིག་ཞིབ་འཇུག་གི་ཕྱོགས་ནས་དགའ་འོས་པའི་འབྲས་བུ་སྨིན་པ། http://www.tibetcm.com/news/2014-12-10/2836.html
སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་དཔྱད་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ། http://www.tibetcm.com/news/2014-12-10/2770.html
བོད་ཡིག་གི་བརྩམས་སྒྲུང་གསུམ་དེབ་གསུམ་གྱི་འགྲེམ་སྤེལ་ཚོགས་འདུ་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་བསྡུས་པ། http://www.tibetcm.com/news/2014-12-10/2790.html
རྩོམ་སྒྲིག་པ། དབང་མོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།