བཞོ་ལུང་ཚང་གི་སྐབས་དང་པོའི་ལྷན་འཛོམས།
འདུ་འཛོམས་ཐེངས་ཤིག་གི་ཟིན་བྲིས།
བོད་གཞུག་སྐྱིད།
དབྱར་ཟླ་བདུན་པའི་བོད་ཡུལ་གྱི་ས་ཆ་གང་ས་གང་དུ་འདུ་འཛོམས་ཀྱི་ཡོ་ལང་རབ་ཏུ་རྒྱས་འདུག དེ་ནི་གཅིག་ནས་རི་ལུང་དང་ནགས་ཚལ། སྤང་ལྗོངས་དང་རྩྭ་ཐང་། ཨ་སྔོན་དང་སྤྲིན་དཀར། མཚོ་དང་མཚེའུ། མེ་ཏོག་དང་སྨན་ཆུ་སོགས་མཚར་སྡུག་མངར་བའི་ཕྱིའི་སྣོད་ཀྱི་བཀོད་པའི་མཚར་སྡུག་གི་བསླུ་བྲིད་དང་། གཞན་ཞིག་ནི་མི་རྣམས་ཀྱིས་ཁེར་རྐྱང་དང་བྲེལ་འཚུབ། ཟང་ཟིང་དང་བསླུ་བྲིད། འགྱུར་ལྡོག་དང་ཆིག་འགྱུར་སོགས་འདོད་ཡོན་གྱི་སེམས་བྱུང་གང་ཞིག་ལྡོག་ཏུ་མ་ནུས་པར་ལྷན་འཛོམས་ཀྱི་དགོད་སྒྲ་དང་། རང་དབང་བག་ལྷོད་ཀྱི་མཁའ་དབུགས་ཤིག་འཚོལ་འདོད་བྱུང་བའི་ཨེ་ཡིན་སྙམ།
ང་ཚོའང་ཐེངས་འདིར་སྐྱིད་སྡུག་གི་འཚོ་བ་གླུ་རུ་འདྲེན་ཞིང་། དགའ་སྐྱོའི་ཚོར་བ་སྨྱུག་རྩེར་འགོད་པར་དགའ་བའི་གྲོགས་མོ་སྐོར་ཞིག་དང་མཉམ་དུ་འཛོམས་པའི་སྐལ་བ་བྱུང་། ང་ཚོར་མདོ་དབུས་ཁམས་གསུམ་གྱི་མི་སྣ་འདུས་པའི་བཞོ་ལུང་ཟེར་བའི་སྐྱེས་མ་རྐྱང་རྐྱང་གི་རྩོམ་རིག་གི་ཚོགས་པ་ཞིག་ཡོད་ལ། དེའི་ནང་ནམ་རྒྱུན་ཀུ་རེ་རྩེད་མོ་དང་། རྩོམ་རིག་བརྩམས་ཆོས་མྱོང་རོལ་ལས་གཞན་ལེགས་རྩོམ་འོས་སྦྱོར། རྩོམ་ཡིག་ཆེད་འགོད། རྩོམ་སྐུལ་བྱ་བ་སོགས་རེ་འགའ་འང་འདུ། མཚམས་རེར་འཁྲུག་ཆ་ཤིན་ཏུ་དོད་པོ་བྱུང་ལ་མཚམས་རེར་ཤིན་ཏུ་ལྷིང་འཇགས་ཀྱི་ཚོགས་པ་ཞིག་ཀྱང་ཡིན། ཐེངས་འདིའི་མཉམ་འཛོམས་འདི་ཐོག་མར་ཨ་ཅེ་འཆི་མེད་ལགས་ནས་གྲོས་འགོ་བཏོན་ཏེ། ཚོགས་མི་ཐམས་ཅད་ཀྱི་གྲོས་བསྡུར་བྱས་པས་ཚོགས་མི་མང་ཤོས་མོས་མཐུན་བྱུང་། དེར་བལྟས་ན་སྐད་འཕྲིན་ཟེར་བའི་དྲ་རྒྱའི་བརྒྱུད་ལམ་གྱི་འཛོམས་པ་འདི་ལས་མི་མང་ཤོས་ངོ་དང་ངོ་འཕྲད་ནས། སེམས་དང་སེམས་གཏད་ནས་ཕན་ཚུན་ལ་འཕྲད་འདོད་ཀྱི་བློ་ཡོད་པ་རྟོགས་ཐུབ། མི་སུམ་ཅུར་བསམ་པ་སུམ་ཅུ་ཟེར་བའི་དཔེ་ལྟར་གྲོས་བསྡུར་ཡང་ཡང་བྱས་མཐར་ས་གནས་མདོ་སྨད་རྫོང་ཆེན་བཞིའི་ཡ་གྱལ་ཤྭ་བ་རི་རྫོང་དང་། དུས་ཚོད་ཀྱང་དབྱར་གནང་ཡིན་ལ་གཟའ་མཇུག་ཀྱང་ཡིན་པའི་ཉིན་མོར་གཏན་འཁེལ་བྱས། འདུ་འཛོམས་ཀྱི་མ་དངུལ་ཀྱང་མི་སྒེར་སོ་སོ་ནས་གཏོང་བ་དང་། སློབ་མ་རྣམས་ལ་མ་དངུལ་མི་བསྡུ་བའི་ཐག་བཅད། ནམ་རྒྱུན་གཞུང་གི་རྩོམ་རིག་གི་ཚོགས་འདུ་ལ་ལ་དང་། བྱ་འགུལ་ཁ་ཤས་ལས་ང་ཚོ་སྐྱེས་མ་རེ་གཉིས་འདུ་བའི་གོ་སྐབས་ཡོད་སྲིད་ཀྱང་མང་པོ་འདུ་བའི་གོ་སྐབས་མེད་ལ། ཡང་གཅིག་བཤད་ན་སྐྱེས་མ་རྣམས་ཀྱིས་རང་རང་གི་མ་དངུལ་བཏང་ནས་བྱ་འགུལ་ཆེན་པོའམ་འདུ་འཛོམས་བསྡུས་པ་སོགས་ཀྱི་མྱོང་བའང་མེད་པས་ཐེངས་འདིའི་འདུ་འཛོམས་ནི་ང་ཚོར་མཚོན་ན་རང་གིས་རང་ལ་རང་དབང་སྟེར་མིན་དང་། རྒྱུ་ནོར་བཀོལ་སྟངས། རང་རང་ནང་སེམས་ཀྱི་འདོད་འདུན་ལ་ཕྱོགས་ཐུབ་མིན་སོགས་སྣང་ཚུལ་འགའ་རེའང་མཚོན་འོང་གི་འདུག
ཚོགས་གནས་མཚོ་སྔོན་དུ་གཏན་འཁེལ་བྱས་པས་ང་རང་འདུ་འཛོམས་འདིའི་བཀོད་སྒྲིག་པའི་འགན་ཕྲག་ཏུ་བབས་བྱུང་ལ། ངས་ཀྱང་ལས་ཀའི་བྲེལ་ཟིང་གི་ཁྲོད་ནས་འདུ་འཛོམས་འདིའི་མགོ་མཇུག་བར་གསུམ་ལ་འབད་པ་བྱས། ཐོག་མར་ཚོགས་མི་ལ་ལས་ང་ཚོ་འདི་ལྟར་ཐེངས་ཤིག་འཛོམས་ན་དོན་དག་ཞིག་སྒྲུབ་འོས་ཞེས་གྲོས་གཞི་འདོན་མཁན་དང་། ཡང་ལ་ལས་ཁྱེད་ཚོ་འདི་ལྟར་འཛོམས་དོན་ཅི་ཡིན་ཞེས་རྒྱུ་མཚན་འདྲི་མཁན་ཡང་གང་མང་ཡོད་མོད། ང་ཚོས་ལན་ནི་ཤིན་ཏུ་སྟབས་བདེ་ཞིག་ཡིན་ཏེ་འདི་ལྟར་ཆེད་དུ་འཛོམས་ནས་རང་དབང་བག་ལྷོད་ངང་ཇ་འཐུང་ཞོར་ཕན་ཚུན་ལ་རྒྱུས་ལོན་དང་བསམ་པ་སྟོན་ཚུལ་ཡང་མ་གཞི་ནས་དོན་དག་ཞིག་རེད་བསམ་པ་དེ་ཡིན་ལ། འདུ་འཛོམས་ཐེངས་ཤིག་ནི་སུ་ཡིས་བལྟས་ནའང་ལས་སླ་མོ་ཞིག་ཏུ་མངོན་སྲིད་ཀྱང་། སྐྱེས་མ་རྣམས་སྒོར་ཐོན་པ་ནི་དངོས་གནས་ཁྱིམ་ཚང་ཞིག་གི་སླ་ང་འཁུར་ནས་བུད་སོང་བ་ལྟ་བུའི་དཔེ་གསོན་པོ་ཞིག་རེད། འདུ་འཛོམས་ལ་ཐོག་མར་མི་མང་ཤས་འཐད་པ་བྱུང་ནའང་གཞུང་སྒེར་གྱི་ངོས་ཐད་ནས་དོན་དག་ཙག་ཙིག་གིས་ང་ཚོ་སྐྱེས་མ་དགུ་ལས་འཛོམས་མ་ཐུབ་པ་དང་། འཛོམས་ཡོད་པ་རྣམས་ཀྱི་ཁྲོད་ནས་ཀྱང་རང་རང་ས་ནས་གཞུང་སྒེར་གྱི་དོན་དག་ཆེ་མ་ཆུང་གསུམ་བཀོད་སྒྲིག་བྱས་ཚར་ནས་ད་གཟོད་སྒོར་ཐོན་པ་རེད། དགའ་བའི་དོན་ཞིག་ཡོད་པ་ནི་སྐྱེས་མ་ལ་ཤས་ལ་ཁྱོ་ག་དང་བུ་ཕྲུག་གི་རྒྱབ་བསྐྱོར་བྱས་ནས་ས་གནས་གང་དེར་བསྐྱལ་ལེན་བྱེད་པའི་སྣང་ཚུལ་ཡོད་པ་དེ་ཡིན།
ཐོག་མར་ང་ཚོ་ཟླ་བདུན་པའི་ཚེས༢༡ཉིན་གནའ་མཁར་ཟི་ལིང་གྲོང་ནས་འཛོམས་ཤིང་ཕན་ཚུན་ངོ་འཕྲད་པའི་འཚམ་རྟགས་སུ་ཁ་བཏགས་དང་དཔེ་ཆ། ས་གནས་སོ་སོ་ནས་འཁྱེར་འོང་བའི་ལེགས་སྐྱེས་སོགས་ཕན་ཚུན་ལ་སྐྱེས་སུ་སྦྱིན་ཞིང་ཕན་ཚུན་ངོ་སྤྲོད་བྱོས། དེ་ནས་ཟས་ཞིམ་པོ་མཉམ་རོལ་དང་།ཆང་ཞིམ་པོ་མཉམ་བཏུང་བྱས་ནས་གླུ་ངག་གི་དབྱངས་རྟ་དང་ཀུ་རེ་རྩེད་དགོད་ཀྱི་ཀློང་ནས་སོ་སོའི་བྱ་བཞག་དང་། ཁྱིམ་ཚང་། བུ་ཕྲུག དགའ་ཁ་འཁྱེར་སོ། ས་གནས་སོ་སོའི་རྩོམ་རིག་གི་མཁའ་དབུགས་དང་། སྐྱེས་མ་རྩོམ་འབྲི་བ་རྣམས་ཀྱི་གནས་བབས་སོགས་རྒྱུས་ལོན་གྱི་ཁ་བརྡ་ཅི་རིགས་བྱས་པ་ཡིན།
ཚེས༢༢ཉིན་ཞོགས་ཟས་ཟོས་རྗེས་ང་ཚོ་རླངས་འཁོར་གཉིས་སུ་བསྡད་དེ་མདོ་སྨད་རྫོང་ཆེན་བཞིའི་ཡ་གྱལ་ཤྭ་བ་རི་རྫོང་གི་ཉེ་འགྲམ་དུ་བཀོད་སྒྲིག་བྱས་ཡོད་པའི་ཚེ་བརྟན་ཚང་གི་ཁྱིམ་དུ་ཐོན།དུས་ཚོད་བཅུ་ལ་ཐོན་མ་ཐག་ཡིན་པའི་ཚང་མ་མོས་མཐུན་བྱུང་ནས་ཤྭ་རྫོང་རི་ཁྲོད་ཀྱི་དགོན་པར་མཆོད་མཇལ་དུ་ཕྱིན། ཤྭ་རྫོང་རི་ཁྲོད་ནི་རྒྱབ་རི་བྲག་ལ་བརྟེན་ཞིང་། མདུན་རི་དང་ལུང་ཐང་ཐམས་ཅད་ནགས་ཀྱིས་ཁེངས་ནས་དགོན་པའི་རྩེ་ནས་ཕྱོགས་བཞིར་བལྟས་ཚེ་ལྗང་མདོག་གི་ཡུལ་ལྗོངས་སྣུམ་པོས་རང་དབང་མེད་པར་སེམས་སུ་ཞི་བདེ་དང་དགའ་སྤྲོ། བདེ་སྐྱིད་དང་བག་ལྷོད་བཅས་ཚོར་བ་དུ་མས་བརྒྱན་འོང་། གནས་དེ་ནས་ང་ཚོས་མཉམ་དུ་མཆོད་མཇལ་དང་བསྐོར་བ། གསོལ་འདེབས་དང་སྨོན་ལམ་རྒྱག་པ། མཆོད་མེ་སྒྲོན་པ་སོགས་དུས་གཅིག་ཏུ་བྱས་པའི་མི་ཚད་ད་དུང་འདྲ་པར་དང་བརྙན་ཐུང་དུ་མ་བླངས་ནས་དགའ་འཛུམ་དང་དགོད་སྒྲའི་ཁྲོད་ཕྱིར་ཚེ་བརྟན་ཚང་དུ་ལོག་པ་ཡིན། དེ་ནས་གུང་ཟས་ཀྱང་རན་སོང་བས་ལབ་གླེང་དང་ཀུ་རེ་ཁྲོད་དུས་ཚོད་ཅི་ལྟར་འདས་པའང་ཤེས་མ་སོང་། ཕྱི་དྲོའི་དུས་སུ་ང་ཚོ་སྡོད་གནས་ལས་ཅུང་རིང་དུ་གྱེས་ཏེ་ཕ་རིའི་ནགས་གསེང་དུ་སོང་ནས་མགོ་ན་གནམ་དང་ཐང་ན་སྤང་མ་གཏོགས་མེད་པའི་གནས་ཤིག་ནས་ཡང་བསྐྱར་ལྦུ་ཆང་བཏུང་མ་མྱོང་བ་དག་ལ་ལྦུ་ཆང་བླུགས་ཤིང་། འཐུང་མྱོང་བ་དག་གིས་ཆང་དང་འབྲེལ་ཡོད་ཀྱི་ལབ་གླེང་རིང་དུ་བྱས་ཏེ་མཚམས་རེར་གད་མོ་བགོད་པ་དང་། མཚམས་རེར་གླུ་ལེན་པ། ཨམ་སྐད་སྨྲ་བ་དག་གིས་དབུས་སྐད་ལབ་ཤིང་དབུས་སྐད་སྨྲ་བ་དག་གིས་ཨམ་སྐད་ལ་ཨུ་ཚུགས་བྱེད་པ། ལོ་སུམ་ཅུའི་སྔོན་ལ་སློབ་གྲོགས་ཡིན་ཡང་། ལོ་སུམ་ཅུའི་རྗེས་སུ་འདུ་འཛོམས་འདིའི་སྟེང་འཕྲད་པའི་མི་ཡིས་སླར་མཇལ་ནས་དེ་དུས་ཀྱི་གཏམ་རྒྱུད་ལབ་པ་དང་། ལ་ལས་ཀུ་རེ་རྩེད་ཞོར་དང་རྩོམ་འབྲི་བ་སོགས་ཀྱི་རང་དབང་ངང་ཡུལ་ལྗོངས་ཐ་དག་སེམས་ཀྱི་ལོངས་སྤྱོད་བྱས་པས་ས་སྲོད་ལ་ཅི་ལྟར་ཐོན་པའང་ཤེས་མ་སོང་།
ནུབ་འཚལ་གྱི་རྗེས་སུ་ཡང་བསྐྱར་ཆང་དང་གཏམ་ལ་བརྟེན་ནས་གཞས་གང་མང་བཏང་བའི་མི་ཚད།བརྩེ་བའི་གཏམ་རྒྱུད་གང་མང་འང་རོལ་རྒྱུ་བྱུང་བས་མཚན་མོ་ནི་མི་སེམས་ཀྱི་གཉུག་གཤིས་འོད་དུ་འཚེར་བའི་རང་དབང་གི་མཁའ་དབྱིངས་དེའང་རེད་འདོད་སོང་།
ཚེས༢༣ཉིན་ནི་ཚང་མ་ཕྱིར་རང་སར་ལྡོག་པའི་དུས་ཡིན་མོད། ཤྭ་རྫོང་རི་ཁྲོད་ནས་རྒྱལ་བ་ཡིད་བཞིན་ནོར་བུའི་འཁྲུངས་ཡུལ་དུ་ཐག་ཉེ་བོ་ཡོད་པས་མི་ཚད། སྟོད་ཉི་མ་ལྷ་སའི་གྲོང་ནས་ཐོན་པའི་རྩོམ་གྲོགས་གཙོས་ཚོགས་མི་ཚང་མ་གནས་དེར་མཇལ་འདོད་ཀྱི་འདུན་པ་ཤིན་ཏུ་ཆེ་བས་ང་ཚོས་ཁ་ལོ་བར་རིན་གོང་ལྷག་མ་ཞིག་སྤྲད་ནས་མདོ་སྨད་སྟག་འཚེར་གྲོང་དུ་མཆོད་མཇལ་དུ་ཕྱིན་པ་ཡིན། ཉིན་དེར་གནམ་ངོར་སྤྲིན་འཁྲིགས་ལ། སྔོ་ལྗང་ལྗང་གི་ཁོར་ཡུག་ཐ་དག་ཀྱང་སྨུག་པས་བཏུམས་ཡོད། ང་ཚོ་དེར་ཕྱིན་ནས་ཐོབ་ཐང་ལག་འཁྱེར་སོགས་ཐོ་འགོད་བྱེད་དུ་བཅུག་རྗེས་ཁོང་གི་ཉེ་མི་ཞིག་གིས་ང་ཚོར་ཁོར་ཡུག་ཐ་དག་ངོ་སྤྲོད་བྱེད་པ་དང་ཁ་བཏགས་གཏོང་བ་སོགས་བྱས། མཇལ་ཚར་ནས་ཕྱིར་ལོག་དུས་སྒོའི་ནང་དུ་ཁོང་གི་ཉེ་མི་དེའི་ཨ་མ་རྒན་མོར་འཕྲད་ནས་ང་ཚོ་ག་ས་ག་ནས་ཡིན་པ་སོགས་ཀྱི་ལབ་གླེང་བྱས།མི་རྣམས་ཀྱི་ལྗིད་ཏིག་ཏིག་གི་སེམས་པ་གཞི་ནས་མིག་ཀོང་གི་མཆི་མར་བསྡོངས་ནས་ས་ལ་ཟགས།
དེ་ལྟར་གྲོགས་མོ་འགའ་ཞིག་ཕྱིར་ཟི་ལིང་དུ་ལམ་དུ་ཆས་ཤིང་། ལ་ལ་ལམ་བར་ནས་རང་སར་ལོག་པའི་སྟ་གོན་བྱས། ཉིན་དེར་ཏག་ཏག་མཚོ་བསྐོར་ལྕགས་རྒྱུག་འགྲན་བསྡུར་གྱི་དུས་ལ་འཁེལ་བས་ང་ཚོ་གྲོགས་མོ་སྐོར་ཞིག་གིས་ལམ་བར་ནས་ཆུ་ཀུབ་ཟ་བ་དང་། གཞས་ལ་ཉན་པ། པར་ལེན་པ། ཁ་བརྡ་གློད་པ་སོགས་ཀྱིས་དུས་ཚོད་གཉིས་ཙམ་ཟད་པར་བྱས། ཕྱི་དྲོའི་དུས་ཚོད་བཞི་ཙམ་ལ་ང་ཚོ་ཕྱིར་ཟི་ལིང་དུ་ལོག་ནས་རང་སར་གྱེས་ཤིང་། སྐད་འཕྲིན་གྱི་བར་སྟོང་ལས་མཇལ་འཛོམས་ཀྱི་པར་དང་ཁ་བརྡ་སོགས་མཚམས་མི་ཆད་པར་བསྐུར་སྲོལ་ལ་བལྟས་ན་ཚང་མས་ཐེངས་འདིའི་སྐྱིད་པའི་འདུ་འཛོམས་ལ་ཕྱི་མིག་ཡང་ཡང་འཕེན་བཞིན་པ་ཤེས་ཐུབ།
འདུ་འཛོམས་འདི་ལས་ང་ཚོས་མཛེས་སྡུག་གི་རི་ཀླུང་ཞིག་ལ་ཐུན་མོང་གི་ལོངས་སྤྱོད་བྱས་ཤིང་། དགའ་བ་དང་སྐྱོ་གདུང་གི་ཚོར་འདུ་མ་ལུས་ཀྱང་རང་རང་གི་སེམས་སུ་སྒོམ་ནས་ཆེད་དུ་རང་རང་ལ་འཚམ་པའི་གླུ་ཞིག་ལེན་དགོས་པའི་ལས་བྱ་བྱིན་པ་ཡིན་ལ། ལས་བྱ་འདི་ནི་ང་ཚོ་སུ་ལ་མཚོན་ནའང་རང་སེམས་ཀྱི་རི་མོ་རེ་རེ་དབྱངས་གསལ་ལ་བརྒྱུས་ཚུལ་ཞིག་ཅི་ལ་མིན་ཨང་།
2017-7-30ཉིན་ཟི་ལིང་ནས།
ཁྱེད་ཚོར་བསྐྱུར་པའི་ཕྱི་མིག
འཆི་མེད།
སྣང་བ་བག་མེད་འཁོར་བའི་སྤྲིན་དཀར་གྱི་འདབ་མ།།
ངེས་མེད་འཕུར་ལྡིང་གར་གྱིས་སྟངས་སྟབས་རང་སྒྱུར་དུས།།
ཞེ་འདང་ཨ་ལོང་འཁྱིལ་བའི་མཚོ་མོ་དེའི་ངོགས་ན།།
དར་དཀར་འཇམ་པོའི་གཤིས་ཀྱི་གྲོགས་མོ་ཚོ་འཛུམ་ཡོད།།
ནགས་མ་ཤིག་ཤིག་དབེན་པའི་གནས་མཇལ་ལ་ཆས་ཏེ།།
རྨོ་མོ་བཞུད་སའི་མཐའ་ཡས་རི་གྲོང་ལ་ཧད་ནས།།
གཤོག་པའི་གར་སྟབས་མཐོན་པོའི་དབྱིངས་རིམ་ན་འཁྱུག་པའི།།
རྒོད་པོའི་འགྲོས་ལ་སེམས་ཀྱི་སྨོན་པ་ཞིག་ཤོར་སོང་།།
སྔོན་མོ་གཡུ་སྒྲོན་སྤྲུལ་བ་ཀོང་ཇོ་དང་ཁྲི་ལྕམ།།
ལབ་ཀྱི་སྒྲོན་མ་མྱང་ཚ་དཀར་རྒྱན་ནས་བཟུང་སྟེ།།
དཀར་སའི་རུས་པ་དམར་སའི་ཟུངས་ཁྲག་གི་ས་བོན།།
བདག་ལ་བགོས་སྐལ་གནང་བར་ངོ་གནོང་ཞིག་སྐྱེས་བྱུང་།།
གོས་དྲོད་ལུས་ཀྱིས་བྱིན་པ་གློ་བུར་དང་སྟེས་དབང་།།
ཞེ་འདོད་རྒྱུན་ཐག་རིང་བ་དཔྱད་དཔྱད་ཀྱི་འབྲས་བུ།།
འགྲུབ་དུས་མེད་པའི་འཁོར་བ་རང་ལག་གིས་བཟོས་པ།།
སུན་མེད་ཟད་མེད་སོར་མོ་དལ་དལ་གྱིས་འགུལ་སོང་།།
མེ་ལྕེ་ཐབ་ན་མཆེད་ཀྱང་སྣོད་འོག་ལས་མ་འདས།།
གཙང་པོ་ཤང་སྒྲ་མཐོ་ཡང་ཟམ་འོག་ནས་བཞུར་དགོས།།
ཆོས་ཉིད་དེ་ཡིས་མཚོན་པའི་ལས་དབང་ལ་མ་རྒོལ།།
མོ་སེམས་གུ་ཡངས་ཆེ་བའི་རྒྱུ་འབྲས་དང་འགལ་འགྲོ།
ལྟོས་བཅས་རི་མོ་འབྲི་བའི་ཚོན་སྨྱུག་གི་རྩེ་མོ།།
ཡིད་ཀྱིས་མ་བསམས་གང་འདོད་བར་སྣང་ལ་འཁྱུག་མཁན།།
ས་ལ་ཀྲབ་ཀྲབ་བྱེད་པའི་སྲིན་ཆུང་གི་རྐང་རྗེས།།
གཉིས་མེད་མཁས་པའི་ཆོ་ལོ་སུ་ཞིག་གིས་སྩོལ་ཨང་།།
ཡངས་པའི་འཇིག་རྟེན་སྲིད་པའི་གཞིས་ཁྱིམ་གྱི་བདག་མོ།།
ང་ཡི་གྲོགས་མོ་འདི་དག་མཛེས་མཛངས་ཀྱིས་བརྒྱན་ཡོད།།
དབྱངས་གསལ་སོ་བཞིའི་ཕྲེང་རྒྱན་ལག་འོག་ནས་ཡལ་པའི།།
ཁེར་རྐྱང་སེམས་ཀྱི་མཐིལ་ལ་དྲོད་ཁོལ་ཅིག་གནང་ངམ།།
རྒྱང་རིང་དྲན་པའི་འཁྲི་ཤིང་ཡིད་ཡུལ་ནས་མ་བོར།།
ཉིན་མཚན་རྨི་ལམ་ཡོད་ཚད་དེ་ག་ལ་གཏད་ཡོད།།
སེམས་ཀྱི་བདེ་སྐྱིད་ཟེར་ན་དེ་འདྲ་ཞིག་ཨེ་རེད།།
འཁོར་བའི་སྙིང་པོ་ཟེར་པའང་དེ་འདྲ་ཞིག་ལགས་སམ།།
དྭངས་གཙང་བཞིན་གྱི་འཛུམ་ལས་ལྷད་མེད་ཀྱི་སེམས་པ།།
མ་བསྣོགས་བདག་ལ་སྩོལ་པའི་གྲོགས་མོ་རྣམས་བདེ་མོ།།
ས་གཞིའི་ཁུར་དུ་བསྐུར་པའི་འཇིག་རྟེན་འདིའི་བྱ་ལས།།
གྱེས་མཇལ་ཙམ་ཞིག་མ་ལགས་ལམ་སྣེ་དེ་རིང་ངོ་།།
དོན་གཉིས་སྐྲ་རྩེ་ཙམ་ཞིག་རྐང་རྗེས་ལ་མེད་པའི།།
ཐ་ན་རྣམ་འགྱུར་ཙམ་ཡང་མིག་ལམ་ལ་མེད་པའི།།
ཀུན་གྱི་ཐ་མ་འཆི་མེད་གློ་བུར་གྱི་དྲན་པ།།
ཡི་གེར་བཀོད་འདིས་ཁྱེད་ཅག་ཁོང་འཛུམ་རེ་འཆོར་ཤོག།
འཆི་མེད་ཀྱིས་གྲོགས་མོ་རྣམས་དང་གྱེས་ཁར་འཕྲལ་དུ་བྲིས།
ཤེལ་ཁྲའི་རྒྱབ་ལོགས་ཀྱི་མིག་ཟུང་།
ཁ་བ་ལྷ་མོ
ཁྲ་སྒོར་སྒོར
ཁྲ་སྒོར་སྒོར་གཟི་ཡི་བྱེའུ་ཆུང་ཆ་གཅིག་འདྲ
ལྟེམ་མེར་འཁྱིལ་ཡོད་པའི་ཆུ་འཁྱིལ་གོར་མོ་ཆ་གཅིག་འདྲ
ཏག་ཏག ཤེལ་ཁྲའི་རྒྱབ་ལོགས་ན་ཡོད་པས
བར་སྣང་རྟོལ་བྱེད་ཀྱི་གཤོག་པ་འདྲ
ལུས་སེམས་བསིལ་བྱེད་ཀྱི་སྐོམ་པ་གྲང་མོ་འདྲ
ཏག་ཏག ཤེལ་ཁྲའི་རྒྱབ་ལོགས་ན་ཡོད་པས
སྨུག་གསེབ་ཀྱི་ལུག་ཁྱུ་བཞིན
སྣང་བའི་རེག་བྱ་ཁོ་ནའོ
ཏག་ཏག ཤེལ་ཁྲ་ལ་ཧ་བཏབ་པ་ཡིན་ཞིང
ཧ་ལ་རི་མོ་བབས་པ་ཡིན་པས
སྐད་ཅིག་ཙམ་གྱིས་ཡལ་སྲིད་ལ
ཆུ་ཐིགས་ཙམ་དུ་ཡང་འགྱུར་མི་སྲིད
ཡིན་ཡང ཏག་ཏག་ཤེལ་ཁྲ་ལ་ཧ་བཏབ་པའི་སྐད་ཅིག་མ་དེ་ན་ཁོ་ན
སྐལ་བ་བཅུ་གྲངས་ལ་སྙིང་ཁར་སྦྱར་ཆོག་པའི
ལས་ཀྱིས་བསྩལ་པའི་མི་བསླུ་བའི་ཚེ་སྲོག་གི་སྐྱོར་མ་དེའོ
ཕྱི་མིག་ཀློང་གི་ན་ཟུག
------བཞོ་ལུང་གི་མཉམ་འཛོམས་ཐོག་མ།
རྟོགས་སད་ལྷ་མོ།
སེམས་ཀྱི་གཞི་རྒྱ་འདི་ཧ་ཅང་ཆུང་བས་ལན་སོང་ངམ།
ཡིད་ཀྱི་འདུན་མ་འདི་ཧམ་ཤེད་ཆེ་དྲགས་པས་ལན་སོང་།
ཕྱི་མིག་ཁྲོད་ཀྱི་སྤྲོ་འཛོམས་འདི་ཨང་།
ད་ལྟ་གཞི་ནས་མགོ་མ་བརྩམ་གོང་
འདི་ལྟར་མཇུག་སྒྲིལ་སོང་བས།
ད་ནི་དྲན་པའི་ངོགས་ན་གསལ་བའི་ཁྱེད་ཚོའི་བཞིན་རས་དང་།
བཞིན་རས་ལ་ཐོགས་པའི་དགོད་འཛུམ་རེ་རེ།
ངའི་སྐྱོ་ངལ་གྱི་རྣམ་ཤེས་སྲུང་བའི་སྲུང་མ་ཏག་ཏག་ཡིན་པས།
གཏན་དུ་ངའི་རྣམ་ཤེས་དང་མི་བྲལ་བའི་སྨོན་ལམ་འདེབས།
ཁྱེད་ཚོ་འགྲོ་ཤུལ་དུ་ལུས་པའི་ཕྱི་མིག་གི་འཁྲེང་ཞེན་རེ་རེ།
ངའི་སྙིང་གི་ཟུངས་ཁྲག་ཐིགས་པ་རེ་དང་འདྲ་བར།
ན་ཟུག་གིས་ཞེ་ལ་བཞུར་གྱིན་འདུག
ཟི་ལིང་གི་གྲོང་ཁྱེར་འདི་ནས།
ངས་རང་ཉིད་ཀྱི་བླ་སྲོག་རྩ་བ་ནས་བོར་སོང་བ་ཚོར་ཞིང་།
གྲང་ཤུར་ཤུར་གྱི་སེམས་པ་ཞིག་གིས་སླར་ཡང་འགྲུལ་བཞུད་ཀྱི་ལམ་སྣེར་འཇུ་དགོས་བྱུང་།
ད་ནི་"སྙིང་རྗེ་མེད་པའི་རྟོགས་སད་"འདིའང་སྙིང་རྗེ་མེད་པའི་ལས་ཀྱིས་བསྐྱུར་སོང་བ་མིན་ནམ།
འོན་ཀྱང་། འོན་ཀྱང་།
ཁྱེད་ཚོའི་འཛུམ་མདངས་རེ་རེ་དང་སེམས་གཏམ་རེ་རེས་ང་ལ་མདུན་བསྐྱོད་ཀྱི་སྤོབས་པ་བསྩལ་བས།
ང་རང་ལས་དབང་ལ་སྐྲག་གི་མི་འདུག
ཁེར་རྐྱང་ལ་དེ་བས་སུན་གྱི་མི་འདུག
ངས་ཀྱང་རང་ཉིད་ལ་དབང་བའི་ནམ་མཁའ་ཞིག་ཇི་ལྟར་ཡང་བསྐྲུན་ཐུབ།
དེ་ནི་ཤྭ་རྫོང་རི་ཁྲོད་དང་རི་ཁྲོད་ཀྱི་ནགས་རྫོང་གཡུ་ལོ་འཁྲིག་འཁྲིག་དེས།
ང་དང་ང་ཚོར་བདེན་དཔང་བྱ་ཐུབ་སྙམ།
2017-07-23དགོང་མོ་གནའ་མཁར་ཟི་ལིང་ནས་བྲིས།
ལུང་ཆུང་སྐྱིད་པོའི་ཉིན་ཐོ།
གངས་རིའི་སྲས་མོ།
ལས་དབང་གཅིག་གི་གོམ་འགྲོས།།
སྨྱུ་གུའི་ཀློང་ལ་འཁྱུད་པས།།
མོས་མཐུན་གྲོགས་ཀྱི་ལྷན་འཛོམས།།
དེ་རིང་ཉིན་ཐོར་བྲི་ཆོག།
གནའ་མཁར་ཟི་ལིང་གྲོང་གི།
གྲོགས་མོའི་འདུར་རྒྱུག་དྲིན་གྱིས།།
ལུང་ཆུང་སྐྱིད་པོའི་ནང་ནས།།
ལྷོད་ལྷོད་འདུག་ཁོམ་བྱུང་སོང་།།
གནས་མཆོག་ཤྭ་བ་རི་རྫོང་།།
སྐྱབས་རྗེ་ཙོང་ཁའི་མཚམས་གནས།།
གནས་ལ་ལྷོད་ཀྱིས་མཇལ་བས།།
རྩེ་གཅིག་གསོལ་འདེབས་མ་བརྗེད།།
མཁའ་ཡི་སྤྲིན་པ་ལེབ་མོ།།
དལ་བུར་ལྷོ་རུ་བཞུད་དུས།།
སྨྲེང་བ་རུས་ལ་ཟུག་སོང་།།
མཆི་མ་མིག་ལ་འཁོར་ཡོང་།།
ལྗང་མདོག་གཡུ་ལོ་ཤིག་ཤིག།
སྤྲོ་འཛུམ་དགོད་སྒྲ་ལྷང་ལྷང་།།
ལྷིང་འཇགས་ཁོར་ཡུག་དེ་རུ།།
སེམས་རྩ་རློན་པར་བྱས་སོང་།།
བདེ་མཆོག་གྲོང་གི་ཨ་ཅེ།།
སྐད་ཅིག་སླེབས་རྒྱུ་བྱུང་ཡང་།།
ལུང་ཆུང་སྐྱིད་པོའི་ནང་ནས།།
འདུག་ཁོམ་མེད་པས་ཕངས་སོང་།།
རིག་འབྱུང་གྲོང་ཁྱེར་དབུས་ཀྱི།།
རྒན་དང་ཨ་ཅེ་གཉིས་ཀྱིས།།
བརྩེ་བའི་འཇམ་ཤ་གླན་པས།།
ང་ཡི་སྣང་བ་སྐྱིད་སོང་།།
ཡར་ཀླུང་འགྲམ་གྱི་བུ་མོ།།
ཙོང་ཆུའི་ངོགས་སུ་ཕེབས་བྱུང་།།
ཙོང་ཆུ་སྔོན་མོའི་བཞུར་རྒྱུན།།
ཡར་ཀླུང་གཙང་བོར་འདྲེས་སོང་།།
བྱེ་མའི་གྲོང་ཁྱེར་དབུས་ནས།།
མེ་ཏོག་ཆ་གཅིག་འཁྲུངས་པས།།
མྱ་ངམ་ཐང་གི་ཙད་པ།།
ལུང་ཆུང་སྐྱིད་པོས་བཅོམས་སོང་།།
ཀན་ལྷོའི་ཡུལ་ནས་ཡོང་བའི།།
ཉམ་ཆུང་གངས་སྲས་ང་ཡིས།།
ཙོང་ཆུ་སྔོན་མོའི་འགྲམ་ནས།།
དགོད་སྒྲ་དགུང་ལ་སྐྱེལ་སོང་།།
སེམས་གཏམ་གཅིག་བཤད་གཉིས་བཤད།།
ལ་གཞས་གཅིག་ལེན་གཉིས་ལེན།།
ཁ་མཚར་ཞར་དང་ཞོར་གྱིས།།
ལུང་ཆུང་ལྷིང་འཇགས་དཀྲོགས་སོང་།།
ཝུ་ཆང་གཅིག་འདྲེན་གཉིས་འདྲེན།།
གོམ་ཁ་འཁྱོར་ཉེན་ཆེ་འདུག།
སྣང་བ་རབ་རིབ་བར་ནས།།
ཆང་གི་ཉེས་པ་རྟོགས་ཡོང་།།
ཝུ་ཆང་འཕྲོད་ས་མ་རེད།།
རྗེས་ཀྱི་མཇལ་འཛོམས་སྟེང་ནས།།
ཀླད་པ་བཀྲུ་བའི་ལེའུ།།
མེད་པར་བྱས་ན་བསམ་སོང་།།
མདོར་ན་ལུང་ཆུང་སྐྱིད་པོའི།།
ཨ་ཅག་གྲོགས་དང་གྲོགས་མོ།།
གསར་རྩོམ་ལས་ལ་འཁྱུད་པར།།
གེགས་དང་བར་ཆད་མེད་ཤོག།
༢༠༡༧ལོའི་ཟླ༧པའི་ཚེས༢༧ཉིན།
ཤྭ་རྫོང་རི་ཁྲོད་ཀྱི་འདུ་འཛོམས།
-------བཞོ་ལུང་ནང་གི་གྲོགས་གཅེས་ཚོར།
རིན་ཆེན་མཚོ།
འུ་ཅག་ཕྱོགས་དང་ཕྱོགས་ནས་སྤྲིན་པའི་འདུ་འགོད་བཞིན།
ཙོང་ཆུའི་འགྲམ་ནས་འཛོམས།
འདས་པའི་ཆར་ང་དང་ཁྱོད་ངོ་མཐོང་བ་མེད་ཀྱང་།
ཕུགས་འདུན་དང་རེ་སྙེག་ཅིག་གིས།
ལམ་ཐག་ལ་རིང་ཐུང་ཡོད་ཀྱང་།
སེམས་པ་ལ་བར་ཐག་མེད་པར།
ཕན་ཚུན་བར་སྔ་མོ་ནས་ཞེ་འདང་གི་དར་སྐུད་ཕྲ་མོ་ཡིས་སྦྲེལ་འདུག་ཨང་།
ང་ཚོས་མཛའ་བརྩེ་ཡི་རྨུ་ཐག་ལ་འཇུས་ཤིང་།
མཐུན་སྒྲིལ་གྱི་རྡོག་སྒྲ་རྒྱག་གིན།
གནས་མཆོག་ཤྭ་རྫོང་རི་ཁྲོད་ཀྱི་འདབས་ནས།
དགའ་སྤྲོའི་ཁ་གཡང་བསྒྲགས།
འཛུམ་དྲུག་གི་མེ་ཏོག་གཏོར།
དྲུག་འགྱུར་གྱི་དབྱངས་རྟ་འཐེན།
ཁྱེད་ཅག་གི་ལྷད་མེད་ཀྱི་འཛུམ་བག་རེ་རེ།
ང་ཡི་སྙིང་ཁོང་དུ་དྲོད་ལྟར་འཁྱིལ།
འོད་ལྟར་གསལ།
རི་ལྟར་བརྟན།
ཁྱེད་ཅག་གི་དཀྱེལ་ཡངས་བའི་བློ་ཁོག་རེ་རེར།
ང་རང་དུངས་པ་སྐྱེས།
ཡི་རང་བྱེད།
ཡིད་སྨོན་འཆོར།
ཁྱེད་ཅག་གིས་བདག་ལ་ལང་ཚོ་ཡི་གསོན་ཤུགས་བསྣན་ཅིང་།
ང་ལ་མདུན་སྐྱོད་ཀྱི་སྤོབས་པ་བསྩལ།
རྗེ་བླ་མའི་སྒྲུབ་ཕུག་ལས་མཆེད་པའི་འོད་སྣང་གིས།
འུ་ཅག་ལ་འཇའ་ཚོན་གྱི་གུར་ཁྱིམ་ཕུབ་ཅིང་།
རྗེ་བླ་མའི་གསུང་ཆོས་ཚངས་སྲས་སྒྲ་དབྱངས་ཀྱིས།
འུ་ཅག་གི་རྣམ་པར་ཤེས་པ་ལ་ཡང་བསྐྱར་བྱབས་ཁྲུས་ཐེངས་གཅིག་མཛད་དུས།
འུ་ཅག་ནི་བླ་མ་གཅིག་གི་དགེ་ཕྲུག་མིན་ཞེས་སུ་ཡིས་བསྙོན་ནུས།
ལམ་ཐག་རིང་ཡང་འཛོམས་ཐག་ཐུང་བ་དེ།
འུ་ཅག་གིས་ལས་དབང་ཞིག་ཏུ་བསྒོམས་ནས།
སླར་འཛོམས་ཀྱི་སྨོན་འདུན་ཤྭ་བ་རི་རྫོང་ལ་བཅོལ་བཞིན།
འཁྲེང་ཞེན་གྱི་ཕྱིར་མིག་འཕེན་བཞིན་རང་གནས་སུ་བཞུད་དགོས་ཨང་།
ཉི་འོད་ལ་དུངས་པ།
གཅན་མེ་ཏོག
ལས་དབང་གི་གཙང་བོ་འཁྱག་རོམ་གྱིས་བསྡམས་དུས
ངའི་སྙན་ངག་གི་སྲོག་རྩར་འཐིམ་པའི་རྣམ་ཤེས་ཕྲ་མོར
གཞི་ནས་ཉི་མ་ལྟ་བུའི་དྲོད་ཁོལ་ཞིག་དགོས་པ་ཤེས་བྱུང
དྲོད་ལ་སྙེག་ཅིང་འོད་ལ་དུངས་པ
འཇིག་རྟེན་སྐྱེ་འགྲོ་ཀུན་གྱི་ལྡོག་མེད་ཀྱི་ཆོས་ཉིད་ཅིག་སྟེ
ངས་འཆར་ཡན་ཁྲོད་དུ་མེ་ཏོག་གི་འཇའ་ཚོན་བསླེས་པ
སྐྱོ་ཤས་ཁྲོད་དུ་མིག་ཆུའི་ཐིགས་པ་གཏོར་བ
ཐོབ་ཤོར་ཁྲོད་དུ་ནོངས་འགྱོད་སོན་དུ་བཏབ་པ
ད་དུང་ངོ་གདོང་ན་བཞད་པའི
འཛུམ་མདངས་རེ་རེ་ནི་ཉི་འོད་ལ་དུངས་པའི་རང་མདངས་ཡིན
དུས་དེ་རིང་ཡང་འཚོལ་ཞིང་སྙེག་གིན་པ
ཉི་འོད རྒྱང་རིང་གི་ཉི་འོད་དེ་ཡིན
སྤྲིན་པ་ལང་ལོང་དུ་འཕྱུར་བའི་དུས་ཚིགས་འདིར
དབེན་ཐིང་ཐིང་གི་མྱ་ངམ་ཐང་འདིར
ཚ་གདུག་ཅི་འདྲའི་ཆེ་ནའང
ངས ཚར་སློག་སྟུག་པོ་ཞིག་རྒྱབ་ཏུ་གྱོན་ནས
ཕངས་སེམས་ཅི་ཡང་མེད་པར
ཁྱེད་ཀྱི་མེ་འོབས་སུ་ལྕེབས་ཏེ
རྒྱ་ལྕང་གི་ལོ་མ་མེ་རུ་བསྒྲོན་ཆོག
རྩོམ་སྒྲིག་པ། ལྷ་སྐྱིད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།