གཏིང་རོལ་ན་འཁོལ་གྱིན་པའི་ཚོར་འདུ་དྲག་པོ་སྟེ་ཁ་ཟུཨོ·ཨི་ཤིས་གུརོ་ཡི་བརྩམས་སྒྲུང་གི་འཇིག་རྟེན།*
ཁ་ཟུཨོ·ཨི་ཤིས་གུརོ། པར་པ། David Levene
བུད་མེད་དང་བརྩམས་སྒྲུང་གི་འབྲེལ་བ་ཕྲ་ཞིབ་དང་བུད་མེད་བརྩམས་སྒྲུང་པ་ཞིག་ལ་མེད་དུ་མི་རུང་བའི་རྣམ་དཔྱོད་ཀྱི་རང་དབང་། འཚོ་ཐབས་ཀྱི་རང་ཚུགས། སྤྱི་ཚོགས་ཀྱི་བཀག་རྒྱ་ལས་གྲོལ་བའི་ཐར་བ་སོགས་ཀྱི་སྐོར་ལ་མནོ་བསམ་དཔྱིས་ཕྱིན་བཏང་ནས། རྟོག་པ་གློད་རྒྱུན་(stream of consciousness)གྱི་རྩོམ་རྩལ་བཏོན་ནས་བརྩམས་གནང་པའི་《རང་ཉིད་ལ་དབང་པའི་ཁང་མིག A Room of One’s Own》ཅེས་པའི་འབོལ་རྩོམ་གྲགས་ཅན་དེའི་ནང་དུ། ཝིར་ལྗི་ནིས་ཡ·ཝོལ་ཧྥུ་(Virginia Woolf)ལགས་ཀྱིས་ཚན་རིག་དང་བརྩམས་སྒྲུང་གཉིས་ཀའི་གོ་བརྡ་སྤྲོད་སྟངས་མི་འདྲ་བའི་ཐད་དཔེར་བརྗོད་འདྲ་ཆགས་པོ་འདི་འདྲ་ཞིག་བཞག་འདུག་སྟེ། བརྩམས་སྒྲུང་ནི་ཚན་རིག་ནང་བཞིན་ས་ལ་ཆུ་རྡོ་གཡུག་པ་འདྲ་ཞིག་མ་ཡིན་པར། དེ་ནི་སྡོམ་བུའི་ཐག་རྒྱ་ཇི་བཞིན་དུ་སྦྲེལ་སྟངས་ཚགས་དམ་པོ་མེད་ནའང་མི་ཚེའི་ཕྱོགས་ཀུན་ལ་སྦྲེལ་ནས་ཡོད་ཅིང་། སྐབས་གང་མང་ཞིག་ལ་ཕན་ཚུན་སྦྲེལ་ཡོད་པ་དེ་ཡང་ཤིན་ཏུ་ཚོར་དཀའ་བའི་གནས་སུ་འདུག དཔེར་ན་ཤིཁི་སི་ཕཱེར་(Shakespeare)གྱི་ཟློས་གར་དག་རང་ངོས་ནས་ཕུན་སུམ་ཚོགས་པར་དཔྱངས་ཡོད་པའི་སྣང་བ་འདྲ་པོ་ཞེས་གསུངས་ཡོད། རྟོག་བཟོ་བྱས་ནས་བརྩམས་པའི་སྒྲུང་དག་ཤ་ཁྲག་གདོས་བཅས་ཀྱིས་གྲུབ་པའི་སྒྲུང་མཁན་གྱི་ནང་སེམས་ཀྱི་སྡུག་བསྔལ་དང་། ལུས་ཀྱི་འཕྲོད་བསྟེན། མི་ཚེའི་འཚོ་ཚིས་ལ་སོགས་འཇིག་རྟེན་ཆོས་བརྒྱད་ལ་ཟུག་ཡོད་པར་བཞེད་ཡོད།
ཕྱི་ལོ༢༠༡༧ལོའི་ནོ་བྷེལ་གྱི་རྩོམ་རིག་གཟེངས་རྟགས་ཐོབ་མཁན་ཏེ་རྟོག་པ་གློད་རྒྱུན་གྱི་རྩོམ་སྲོལ་གྱིས་བག་ཆགས་ཆེན་པོ་ཐེབས་ཡོད་མཁན་ཁ་ཟུཨོ·ཨི་ཤིས་གུ་རོ་(Kazuo Ishiguro)ལགས་ཀྱི་བརྩམས་སྒྲུང་གི་སྡོམ་རྒྱའང་མངོན་སུམ་འཁོར་བའི་མྱོང་བ་དང་བྱུང་བ་ལ་མཐུད་ཡོད་པར་མ་ཟད། སྡོམ་ཐག་རེ་རེ་འགྲོ་བ་མིའི་དོན་གནད་རེ་རེའི་གཏིང་དུ་འཐེན་ཡོད་རེད། ཁོང་གི་རྟོག་བཟོ་ལས་འཁྲུངས་པའི་སྒྲུང་གཏམ་དག་གིས་དྲན་པ་དང་བརྗེད་ངེས། སྤྱི་སྒེར་གྱི་ངོ་བོ། སེམས་གཅོང་། རྒ་འཆི། བློ་འགྱོད། ཁེར་རྐྱང་། འཁྲུལ་སྣང་། ཁོང་དུ་མནན་པའམ་ཕྱིར་སྟོན་མ་ནུས་པའི་ཕོ་མོའི་བར་དང་ཕ་མའི་བར་གྱི་བརྩེ་སེམས། མི་ཚེའི་ཕུགས་འདུན་ནམ་བགྲོད་ལམ་གྱི་ནོར་འཛོལ། རང་མགོ་རང་གཡོག་གི་ཅོལ་ཆུང་། སྤྱི་ཚོགས་དང་མི་སྒེར་དེ་དབང་ཤེད་དང་བསམ་བློས་གཅུན་སྟངས་སོགས་ལ་རེ་རེ་བཞིན་ཞིབ་དཔྱོད་མཛད་ཡོད་ལ། བརྗོད་བྱ་དེ་རིགས་ཀྱང་གནས་ཚུལ་ཛ་དྲག་གི་རྣམ་པ་དང་། ཟིལ་ཤུགས་ཆེ་བའམ་མཛེས་རྩལ་བཏོན་པའི་ཐ་སྙད་དང་ཚིག་གྲུབ་རྫིག་པོ་བཀོལ་ནས་ཐད་ཀར་བརྗོད་པ་མ་ཡིན་པར། དེ་ལས་ལྡོག་སྟེ་ཕར་བལྟས་ཙམ་གྱིས་དོན་རྐྱེན་ཆུང་ངུར་སྣང་བ་དང་། སྒྲོ་འདོགས་སྤང་ལ་བརྗིད་ཉམས་མི་དོད་ཅིང་། ལྕི་ཡང་སོགས་སྡེབ་སྦྱོར་ཡང་རན་པའི་ཚིག་རིས་ལ་སྦྱར་ནས་ཁ་རི་ཁ་ཐུག་མ་ཡིན་པར་ཤུགས་དང་ལྐོག་ནས་ཚོར་བ་དྲག་པོའི་ཤ་འོད་ཡང་དང་བསྐྱར་དུ་བརྡོལ་བཅུག་ནས་བརྗོད་པ་ཞིག་རེད་འདུག དེ་ལྟ་ཡིན་ཙང་ནོ་བྷེལ་ཚོགས་པས་ཀྱང་ད་ལོའི་ནོ་བྷེལ་གྱི་རྩོམ་རིག་གཟེངས་རྟགས་དེ་དབྱིན་ཇིའི་རྩོམ་པ་པོ་ཁ་ཟུཨོ·ཨི་ཤིས་གུ་རོ་མཆོག་ལ་ཕུལ་གནང་པའི་རྒྱུ་མཚན་ནི་། ཁོང་གི་ཚོར་ཤུགས་ཆེན་པོས་གཏམས་པའི་བརྩམས་སྒྲུང་དག་གིས་ང་ཚོ་དང་འཇིག་རྟེན་རྒྱུད་གཅིག་ལ་འབྲེལ་བར་སྙམ་པའི་འཁྲུལ་སྣང་དེའི་གཏིང་ཞབས་ཀྱི་མུན་འོབས་དེ་བསྟན་འདུག་ཅེས་གསལ་བསྒྲགས་བྱེད་དགོས་བྱུང་འདུག གཤམ་དུ་ཁོང་གི་བརྩམས་ཆོས་ཁག་ཅིག་ངོ་སྤྲོད་མདོར་ཙམ་བྱས་ན་གོང་གི་བརྗོད་བྱའི་རིགས་ཚོར་ཤུགས་དྲག་པོ་དང་བསམ་བློ་ཟབ་མོར་བསྡོངས་ནས་ཀློག་མཁན་གྱི་སྤྱན་སྔར་བསྟར་ཡོད་པ་རྟོགས་ངེས།
བརྩམས་སྒྲུང་དེ་དག་མ་གླེང་སྔོན་ལ་རྩོམ་མཁན་ཁོང་ཉིད་ངོ་སྤྲོད་ཅུང་ཙམ་ཞུ་དགོས་པ་འདྲ་སྟེ། ཁ་ཟུཨོ·ཨི་ཤིས་གུ་རོ་མཆོག་བརྩམས་སྒྲུང་འབྲི་རྩོམ་གྱི་ལས་ལ་ཞུགས་ནས་ད་བར་མི་ལོ་སུམ་བཅུ་སོ་ལྔ་ལྷག་ཕྱིན་འདུག་ལ། ཁོང་གི་བརྩམས་ཆོས་དག་དབྱིན་ཇི་གཙོས་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཅིག་དང་ཉི་ཧོང་དུ་གྲགས་པ་དང་བརྩི་མཐོང་ཆེ་མོད། དེ་སྔོན་བོད་ཀྱིས་མཚོན་པའི་ཡུལ་ལུང་གང་འཚམས་ཤིག་གི་ནང་དུ་ཁོང་གི་བརྩམས་ཆོས་ལ་ཆ་རྒྱུས་ཡོད་པ་ལྟ་ཅི་ཐ་ན་ཁོང་གི་མཚན་ཡང་ཐོས་མྱོང་མེད་ཚོད་རེད་འདུག དབྱིན་ཇིའི་གནས་ཚུལ་བརྒྱུད་ལམ་ཁག་ནས་ཐོན་པའི་ཁོང་གི་སྐོར་གྱི་གསར་གནས་དང་། དཔྱད་རྩོམ། མི་ཚེའི་བྱུང་བ་བརྗོད་པ་ཁུངས་ཐུབ་དག་ལྟར་ན། ཁ་ཟུཨོ·ཨི་ཤིས་གུ་རོ་ལགས་ད་ལོ་དགུང་གྲངས་དྲུག་ཅུ་རེ་གཉིས་སུ་ཕེབས་ཡོད་པར་། ཁོང་ཉིད་དབྱིན་ཇིའི་མི་སེར་ཡིན་ནའང་རིགས་རུས་ཉི་ཧོང་ནས་མཆེད་པ་ཙམ་ཞིག་སྟེ། འཁྲུངས་ས་རང་ཉི་ཧོང་གི་ནཱ་ག་ས་ཁིས་་(Nagasaki)བྱ་བའི་གྲོང་ཁྱེར་ཡིན་པ་དང་འཁྲུངས་ལོ་ནི་༡༩༥༤ ལོ་ཡིན་འདུག ཁོང་གི་ཡབ་ཤིས་ཟུཨོ་(Shizuo)ལགས་ནི་རྒྱ་ནག་ཧྲང་ཧེ་ནས་འཁྲུངས་ཤིང་སྐུ་ནར་སོན་པའི་རྒྱ་མཚོར་རྟོག་ཞིབ་བྱེད་མཁན་གྱི་ཚན་རིག་པ་ཞིག་རེད་འདུག འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་ལ་ཉེ་སྐབས་ཨ་རིས་གྲོང་ཁྱེར་ནཱ་ཁ་ས་ཁིས་ལ་རྡུལ་ཕྲན་རྫས་འབོམ་གཡུག་དུས། ཁོང་གི་ཡུམ་ཤིས་ཟུ་ཁོ་(Shizuko)ལགས་དགུང་ལོ་བཅོ་བརྒྱད་ཡིན་འདུག་པར་དེ་དུས་ཁོང་མོར་རྨས་སྐྱོན་ཕོག་ནའང་སྲོག་ཉེན་ལས་ཐར་འདུག ཁ་ཟུཨོ·ཨི་ཤིས་གུ་རོ་དགུང་ལོ་ལྔ་བཞེས་པ་སྟེ་ཕྱི་ལོ་༡༩༦༠ལོར་། ཡབ་ཤིས་ཟུཨོ་ཡི་ཕྱག་ལས་ཀྱི་དགོས་དབང་གིས་ནང་མི་ལྷན་རྒྱས་དབྱིན་ཡུལ་ལ་གནས་སྤོར་གནང་འདུག ཁོང་ཚོར་དབྱིན་ཡུལ་དུ་རྒྱུན་རིང་བཞུགས་འཆར་རྩ་བ་ཉིད་ནས་མེད་ནའང་ཁོང་ལོ་ངོ་ཉི་ཤུ་རྩ་དགུའི་རྗེས་སུ་མ་གཏོགས་ཕྱིར་ཕ་ཡུལ་ཉི་ཧོང་དུ་ལོག་ཐུབ་མི་འདུག དེར་བརྟེན་ཁ་ཟུཨོ·ཨི་ཤིས་གུ་རོ་འཚར་ལོངས་བྱུང་ཡུལ་དང་། ཁོང་གིས་སློབ་གཉེར་དང་ཐོག་མའི་ཕྱག་ལས་གནང་ཡུལ་ཆ་ཚང་དབྱིན་ཡུལ་རང་ཆགས་འདུག
ཁ་ཟུཨོ·ཨི་ཤིས་གུ་རོ་མཆོག་ནི་སྐུ་ན་ཕྲ་བའི་དུས་ནས་བཟུང་སྒྲུང་གཏམ་གྱི་རིགས་ལ་ཐུགས་སྣང་ཆེན་པོ་གནང་མཁན་ཞིག་ཡིན་འདུག་སྟེ། ཕ་ཡུལ་ཉི་ཧོང་དང་ཡུལ་གྱིས་བསྐལ་ནའང་སོ་སོའི་ཡུམ་ལས་སཱ་མུ་རྱེའི་སྒྲུང་གཏམ་(Samurai tales)གཙོས་ཉི་ཧོང་གི་གཏམ་རྒྱུད་མང་པོ་གསན་མྱོང་ཡོད་པའི་སྒང་ལ། སྤོ་ལགས་ཀྱིས་བསྐུར་གནང་བྱུང་བའི་ཉི་ཧོང་གི་སྒྲུང་དང་མཚར་གཏམ། རྒྱུན་ཤེས་སྐོར་གྱི་ཀློག་དེབ་མཚོན་བཀྲག་སྣ་ཚོགས་ལྡན་ལ་རི་མོ་དང་ཡི་གེ་སྦྲགས་མར་ཡོད་པ་གང་ལ་གང་འཚམས་ཤིག་ཀྱང་བཀླགས་མྱོང་ཡོད་འདུག ཁོང་འཛུལ་ཞུགས་གནང་ས་དབྱིན་ཇིའི་གཞུང་འབྲེལ་སློབ་ཆུང་དེར་བསླབ་གཞིའི་ཐད་ནས་དམ་བསྒྲགས་ཅན་གྱི་གཏན་འཁེལ་སློབ་ཚན་སོགས་མེད་པར་གུ་ཡངས་དང་གསར་གཏོད་ལ་ཕྱོགས་པ་ཞིག་ཡིན་འདུག སློབ་ཆུང་དེར་རྟོག་བཟོའི་སྒྲུང་འབྲི་བར་སྐུལ་འདེད་བྱེད་ཀྱིན་ཡོད་པས་ཁོང་གིས་སློབ་གྲོགས་གཞན་དང་ལྷན་དུ་སྒྲུང་གསར་རྩོམ་པའི་ལས་ལ་ཐུགས་མོས་བླ་ལྷག་དང་བཅས་ཧུར་བརྩོན་གནང་འདུག དེ་དུས་ཁོང་ཉེས་དོན་ཕུ་འདེད་བརྩམས་སྒྲུང་(Detective fiction)གི་བྱེ་བྲག་ཏེ་ཤེར་ལོགཁི་·ཧོམ་སེ་(Sherlock Holmes)ལ་ཐུགས་མཉེས་པོ་ཞེ་དྲགས་ཡོད་པས་དེའི་རིགས་ལ་ལད་ཟློས་ཀྱིས་སྒྲུང་བྲིས་ཏེ་དཔེ་དེབ་བཟོ་ཁུལ་ཡང་བྱས་ཡོད་འདུག་ལ། ཕྱི་ལོ་༡༩༧༨ནས་༡༩༧༩ལོའི་བར་ཁོང་ཉིད་ཤར་ཨང་གེ་ལིས་ཡའི་སློབ་གྲྭ་ཆེན་མོ་ཞེས་པར་(University of East Anglia)དབྱིན་ཇིའི་བརྩམས་སྒྲུང་མཁན་དང་རྩོམ་དཔྱད་པ་གྲགས་ཅན་འགས་གཙོ་སྐྱོང་བྱེད་ཀྱིན་པའི་གསར་རྩོམ་འབྲི་སྦྱོང་ལ་འཛུལ་ཞུགས་གནང་ཡོད་ཅིང་། སློབ་ཐོན་བྱུང་པ་དང་མུ་མཐུད་ནས་ནང་མེད་ལས་མེད་ཀྱི་མི་ལ་རོགས་སྐྱོར་བྱེད་པའི་སྤྱི་ཚོགས་ཞབས་ཞུའི་ཕྱག་ལས་གཉེར་འདུག ཏག་ཏག་སྐབས་དེར་ཁོང་གི་བརྩམས་སྒྲུང་དག་གི་མགོ་མཇུག་བར་གསུམ་ལ་བག་ཆགས་ཆེན་པོ་འཇོག་མཁན་སྐུ་ཟླ་རློར་ན·མཀ་ཌོགལ་(Lorna MacDougall )ལགས་དང་ཞལ་འཛོམས་བྱུང་ཡོད་ལ། ཁོང་གི་བརྩམས་སྒྲུང་འབྲི་བའི་ལས་དོན་ལ་ཁོང་མོས་གང་ལྕོགས་ཅི་ནུས་ངང་འཁོར་ཡུག་དང་མཐུན་རྐྱེན་བཟོས་པ་མ་ཟད་། བརྗོད་བྱ་གདམ་གསེས་དང་མི་སྣ་བསྐྲུན་སྟངས་ནས། མི་སྣའི་ཐ་སྙད་བཀོལ་སྟངས་དང་སྐད་ཆ་བཤད་སྲོལ་སོགས་གང་ས་ཅི་ཐད་ནས་བློ་སྐྱེད་དང་རྔོ་ཐོགས་མི་དམན་པ་བྱུང་ཚུལ་སྐོར་བཅར་འདྲི་བཞེས་སྐབས་སོགས་སུ་ཁོང་གིས་ཡང་དང་བསྐྱར་དུ་གསུང་གིན་ཡོད་རེད།
ཕྱི་ལོ་༡༩༨༢ལོ་སྟེ་ཁ་ཟུཨོ·ཨི་ཤིས་གུ་རོ་ལགས་དགུང་ལོ་ཉེར་བདུན་སྐབས་སུ་ཁོང་གི་བརྩམས་སྒྲུང་དང་པོ་ཁ་བྱང་ལ《སྐྱ་ཉིལ་ལེའི་རི་ལྗོངས། A Pale View of Hills》ཞེས་པ་དེ་པར་བསྐྲུན་བྱས། གྲོང་ཁྱེར་ནཱ་ག་ས་ཁིས་སྒྲུང་གི་བྱུང་ཡུལ་བྱས་པའི་བརྩམས་སྒྲུང་འདིར་ཀུན་གྱི་བསྔགས་བརྗོད་ཐོབ་པ་དང་ལྷན་དུ་དབྱིན་ཇིའི་རྒྱལ་ཡོངས་བརྩམས་སྒྲུང་གི་རྟགས་མ་ཝིནིས་ཧྥརེཌི·ཧོལ་སྦིས་རྗེས་དྲན་གཟེངས་རྟགས་(The Winifred Holtby Memorial Prize)ཞེས་པ་དེ་ཡང་ཐོབ་འདུག ཕྱི་ལོ་༡༩༨༦ལོར་ཁོང་གི་བརྩམས་སྒྲུང་གཉིས་པ《གཡེང་བའི་འཇིག་རྟེན་གྱི་སྒྱུ་རྩལ་པ། An Artist of the Floating World》ཅེས་པ་པར་སྐྲུན་བྱུང་། འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་སྒྲིལ་མ་ཐག་པའི་སྐབས་ཏེ། ཨ་རིའི་དབང་བསྒྱུར་འོག་གི་ཉི་ཧོང་བྱུང་ཡུལ་བྱས་པའི་བརྩམས་སྒྲུང་དེར་དབྱིན་ཇིའི་རྩོམ་རིག་གི་གཟེངས་རྟགས་གྲགས་ཅན་ཝིས་ཁྲི་སྦིརེཌི་དཔེ་དེབ་རྟགས་མ་(The Whitbread Book Awards)ཞེས་པ་བསྩལ་གནངས་ཡོད་རེད། ཁོང་གི་བརྩམས་སྒྲུང་ཀུན་ལས་སྐད་གྲགས་ཆེ་ཤོས་ནི་བརྩམས་སྒྲུང་གསུམ་པ་སྟེ་ཕྱི་ལོ་༡༩༨༩ལོར་པར་བསྐྲུན་བྱས་པའི《ཉིན་མོའི་ལྷག་འཕྲོ། The Remains of the Day》ཞེས་པ་དེ་རེད་འདུག སྒྲུང་གི་བྱུང་ཡུལ་དང་བྱུང་དུས་འཛམ་གླིང་འཁྲུག་ཆེན་དང་པོ་དང་གཉིས་པའི་བར་དང་མཇུག་གི་དབྱིན་ཇི་རྒྱལ་ཁབ་བྱས་པ་འདིར་བརྩི་མཐོང་དང་སྐད་གྲགས་ཤིན་ཏུ་ཆེ་བའི་རྩོམ་རིག་གི་རྟགས་མ་སྦོས་ཁིར་གཟེངས་རྟགས་ (The Booker Prize)ཞེས་པ་ཐོབ་ཡོད་འདུག བརྩམས་སྒྲུང་འདི་ལ་ཕྱི་ལོ་༡༩༩༣ལོར་ཕབ་པའི་གློག་བརྙན་གྱི་འགྱུར་ཡང་བྲིན་ཆེ་ལ་གྲགས་ཅན་ཞིག་ཡོད་རེད། དེ་ནས་བཟུང་བསྔགས་ཡུལ་དུ་གྱུར་བའི་བརྩམས་སྒྲུང་བཞི་དང་། སྒྲུང་ཐུང་བདམས་སྒྲིག་གཅིག གཞས་ཚིག་མང་ཙམ་ཞིག་བརྩམས་གྲུབ་བྱུང་ནས་ཁོང་གི་རླུང་རྟ་ཡར་ལམ་དང་སྙན་གྲགས་ཇེ་རྒྱས་ནས་ཇེ་རྒྱས་བྱུང་ཡོད་འདུག ཁོང་གིས་ད་ཕན་ཁྱོན་སྡོམ་རྩོམ་རིག་སྒྱུ་རྩལ་བརྩམས་ཆོས་ལ་དམིགས་པའི་ནོ་བྷེལ་གཟེངས་རྟགས་ཚུད་པའི་གཟིགས་བཟོའི་ཆོ་ལོ་གཙིགས་ཆེན་ཉི་ཤུ་རྩ་གཅིག་བཞེས་མྱོང་འདུག།
ད་ནི་ཁ་ཟུཨོ·ཨི་ཤིས་གུ་རོ་ལགས་ཀྱི་བརྩམས་སྒྲུང་སྔ་མ་གསུམ་རྨང་རྡོ་བྱས་ནས་ཁོང་གི་བརྩམས་ཆོས་ཀྱི་ནང་སྙིང་འགའ་ངོ་སྤྲོད་ཀྱི་ཚུལ་གྱིས་གླེང་བར་བྱ། ཁོང་དགུང་ལོ་ལྔ་ཡིན་དུས་ཕ་ཡུལ་རྒྱབ་དུ་བསྐྱུར་ནས་མི་ཡུལ་འགྲིམས་དགོས་བྱུང་བས་ཡིན་ནམ་གང་ཤེས། ཁོང་གི་བརྩམས་སྒྲུང་ཚང་མའི་ནང་དུ་མི་སྣ་གང་ཞིག་གནས་ག་ཤེད་ཅིག་ལ་སོང་བའམ་སྐྱོད་བཞིན་པའམ། འགྲོ་དགོས་བ་སོགས་འགྲུལ་བཞུད་ཀྱི་རིགས་ཤིག་རྟོག་བཟོ་མ་བྱས་པ་མི་འདུག འདིར་གཞིགས་ན་ཁོང་གིས་རང་གཞན་གཉིས་ཀ་རྟོགས་བྱེད་ཡོད་ན་མེད་ན་ཅིག་ཡིན་པའི་འགྲུལ་བཞུད་ཀྱི་འདུ་འགོད་འདི་ཆེད་དུ་རྩོམ་ཐབས་ཤིག་གི་ཚུལ་དུ་བེད་སྤྱོད་བྱེད་ཀྱིན་འདུག་སྙམ། ཕྱིའི་ཡུལ་ལུང་བརྒྱུད་ནས་འགྲོ་བའི་འགྲུལ་བཞུད་དང་ནང་སེམས་ཀྱི་འགྲུལ་བཞུད། དྲན་པའི་འགྲུལ་བཞུད། དུས་ཀྱི་འགྲུལ་བཞུད་དེ་ད་ལྟ་ནས་འདས་པ་དང་འདས་པ་ནས་ད་ལྟ། གཞོན་དུས་ནས་རྒས་པ་དང་འཆི་བའི་བར་གྱི་འགྲུལ་བཞུད་སོགས་ཀྱིས་ཁོང་གི་བརྩམས་སྒྲུང་གི་མི་སྣ་དང་བརྩམས་སྒྲུང་ཀློག་མཁན་གཉིས་ཀ་བསམ་གཞིགས་ཀྱི་ཀློང་དུ་འཁྲིད་པར་བྱེད། 《སྐྱ་ཉིལ་ལེའི་རི་ལྗོངས》ཀྱི་སྒྲུང་གི་བྱུང་ཡུལ་གཙོ་བོ་འཛམ་གླིང་འཁྲུག་ཆེན་གཉིས་པ་རྫོགས་རྗེས་ཀྱི་གྲོང་ཁྱེར་ནཱ་ག་ས་ཁིས་ཡིན་ནའང་། ཀློག་མཁན་གནས་འདིར་ཁྲིད་བྱེད་ནི་ས་ཐག་རིང་དབྱིན་ཡུལ་དུ་གནས་སྤོར་བྱས་པའི་མི་སྣ་གཙོ་བོས་འདས་ཟིན་པར་དམིགས་པའི་དྲན་པའི་འགྲུལ་བཞུད་རེད་འདུག འགྲུལ་བཞུད་འདི་བརྒྱུད་ནས་སེམས་སྡུག་དང་འགྱོད་གདུང། འདང་རྒྱག་གིས་གཟིར་བའི་མི་སྣ་གཙོ་བོ་དང་ཁོང་མོའི་འཁོར་གྲས་དག་བཞེངས་སྐྲུན་བྱས་ཡོད་རེད།
《སྐྱ་ཉིལ་ལེའི་རི་ལྗོངས》ཀྱི་མི་སྣ་གཙོ་བོ་སྟེ་སྒྲུང་འཆད་མཁན་(narrator)ནི་ཉི་ཧོང་ནས་དབྱིན་ཡུལ་ལ་གནས་སྤོར་བྱས་བའི་བུ་མོ་གཉིས་ཀྱི་ཨ་མ་སྟེ། མིང་ལ་ཨེ་སུའུ་ཁོ་(Etsuko)ཟེར་བའི་ལོ་ན་ཡར་དར་གྱི་ཡུགས་ས་མ་ཞིག་རེད། སྒྲུང་གི་བྱུང་བ་ནི་མོའི་བུ་མོ་ཆེ་བ་ཁེ་ཁོ་(Keiko)ཡིས་རང་སྲོག་བཅད་རྗེས་། བུ་མོ་ཆུང་བ་ནིས་ཁིས་(Niki)ལོན་ཌོན་ནས་མོར་མཇལ་འཕྲད་དུ་ཡོང་པ་དང་། ནིས་ཁིས་ལ་ཐད་ཀར་ཨ་ཅེས་རང་སྲོག་བཅད་པའི་སྐོར་དང་མ་བཅད་སྔོན་གྱི་སེམས་ཁམས་ཀྱི་སྡུག་བསྔལ་སོགས་མ་གླེང་བར་མོ་རང་གཞོན་དུས་ཉི་ཧོང་ལ་ཡོད་སྐབས་ཀྱི་སྐོར་དྲན་པས་གང་ཟིན་པ་དག་འཆད་ཀྱིན་ཡོད་རེད། ལྷག་པར་དུ་མོ་རང་གི་གྲོགས་མོ་ས་ཆིས་ཁོ་(Sachiko)དང་གྲོགས་མོའི་བུ་མོ་མ་རིས་ཁོ་(Mariko)ཟེར་བ་གཉིས་ཀྱི་རྙོག་འཛིང་གི་འབྲེལ་བ་དང་། ས་ཆིས་ཁོར་རང་འདོད་ཆེ་བ་དང་བུ་མོར་བྱམས་སྐྱོང་ཡག་པོ་མ་བྱས་པ་སོགས་ཀྱི་བྱུང་བ་གང་མང་ཞིག་སྣ་ཟིན་སྤུ་ཟིན་གྱི་ཚུལ་གྱིས་དྲན་གསོ་བྱས་ནས་སྨྲ་བར་བྱེད། 《སྐྱ་ཉིལ་ལེའི་རི་ལྗོངས》སུ་ཁ་ཟུཨོ·ཨི་ཤིས་གུ་རོ་ལགས་ཀྱི་བརྩམས་སྒྲུང་མང་པོར་འབུར་དུ་ཐོན་པའི་ཁྱད་ཆོས་འགའ་སླེབས་ཡོད་དེ། སྟོན་བྱ་གང་ཞིག་ཐད་ཀར་མི་འཆད་པར་སྐད་ཆ་དང་བྱུང་རིམ་དག་གི་ཁོང་གསེང་ངམ་ཟུར་དང་ཤུགས་ནས་འཆད་ལུགས་ཤིག་དང་། འགྲོ་བ་མིའི་ངོ་བོའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པའི་དྲན་ཤེས་དང་དྲན་སློང་གཉིས་སྒྲུང་བཤད་སྟངས་དང་མི་སྣ་བཞེངས་ཕྱོགས་ལ་ཐབས་སྤྱང་པོས་བེད་སྤྱོད་བཏང་ཡོད་པ་དེ་རེད། ཨེ་སུའུ་ཁོ་ཡིས་བུ་མོའི་ཤི་རྐྱེན་དང་རང་ཉིད་ཀྱི་སེམས་སྡུག བློ་འགྱོད་སོགས་ཁ་གཏུག་ཏུ་མ་བཤད་པར་ཁོག་ཏུ་སྦས་ཡོད་ནའང་། ཁོ་མོའི་གྲོགས་མོ་རྙིང་བའི་སྒྲུང་དྲན་གསོ་བྱས་པ་བརྒྱུད་ནས་རང་གི་ལྕེབས་ཤི་ཐེབས་པའི་བུ་མོར་བྱམས་སྐྱོང་བྱེད་ཐུབ་མེད་པའི་ནོར་འཁྲུལ་འགྱོད་སེམས་དང་སྐྱོ་ཤས་སྐྱེ་དགོས་པ་ཞིག་བྱས་ཡོད་པ་ཡུན་གྱིས་བསྟན་འདུག
རང་ཉིད་ཀྱི་སྐོར་གང་ཞིག་བཤད་མི་འདོད་པའམ་སྦེད་སྙིང་འདོད་པ་དེ་མི་གཞན་ཞིག་གི་སྒྲུང་བརྒྱུད་ནས་སྨྲ་བར་བྱེད་པའི་ཐབས་ལམ་འདི་ཁ་ཟུཨོ·ཨི་ཤིས་གུ་རོ་ལགས་ཀྱིས་《སྐྱ་ཉིལ་ལེའི་རི་ལྗོངས》འབྲི་དུས་ཆེད་དུ་བཀོལ་སྤྱོད་བྱས་པ་ཞིག་རེད་འདུག ཕྱི་ལོ་༡༩༨༦ལོའི་བཅར་འདྲི་ཞིག་ཏུ་ཁོང་གིས་བརྩམས་སྒྲུང་འདིའི་སྐོར་གླེང་དུས་སུ། དེབ་དེའི་སྒྲུང་བཤད་ཐབས་ཧྲིལ་བོ་མི་གང་རུང་ཞིག་གིས་རང་གིས་ཐད་གར་ཁ་ཡ་བྱེད་མི་ཕོད་པའི་གནད་དོན་དག་མཇུག་མཐར་མི་གཞན་པའི་སྒྲུང་བརྒྱུད་ནས་བཤད་པར་བྱེད་པ་དེ་ཡིན། དེ་དུས་ངས་སྐད་ཆ་བཤད་སྟངས་འདིའི་རིགས་ལ་རྟོག་ཞིབ་བྱེད་པར་ཤུགས་བརྒྱབ་པ་ཡིན། མི་རྣམས་ཀྱིས་རང་མགོ་སྐོར་ཆེད་དང་རང་ཉིད་སྲུང་ཆེད་དུ་སྐད་ཆ་ཇི་ལྟར་བེད་སྤྱོད་གཏོང་གིན་ཡོད་པའི་སྐོར་ལ། ཞེས་གསུངས་ལན་གནང་ཡོད་རེད། ཀློག་མཁན་ལ་ཨེ་སུའུ་ཁོ་དང་མོ་རང་གི་གྲོགས་མོ་རྙིང་བ་གཉིས་མི་གཅིག་ཡིན་པ་འདྲ་བའི་དོགས་པ་ཞིག་སློང་པ་ཡང་སྒྲུང་བཤད་ཐབས་འདི་ཤུགས་ཀྱིས་བེད་སྤྱོད་བཏང་པས་ཡིན་པ་འདྲ། དྲན་པ་ཡར་ལྡིང་མར་ལྡིང་བྱས་ནས་དྲིལ་ཡོང་བའི་བྱུང་རིམ་དག་གིས་བརྩམས་སྒྲུང་ཡོངས་ཀྱི་སྒྲོམ་གཞི་གྲུབ་ཡོད་པས་ཀློག་མཁན་ལ་དོགས་པ་འདིའི་རིགས་ཇེ་ཆེར་སོང་ནས་ཅི་ཡིན་འདི་ཡིན་མི་ཤེས་པའི་སྣང་བ་ཞིག་ཀྱང་སྟེར་བར་བྱེད། འདིའི་སྐོར་ལ་མི་སྣ་གཙོ་བོ་ཨེ་སུའུ་ཁོས་སྐད་ཆ་འབྲེལ་ཡོད་ཅིག་བཤད་ཡོད་པ་དཔེར་ན། དྲན་པ་ནི་བློ་འཁེལ་དཀའ་བ་ཞིག་ཡིན་པ་ངས་ཧ་གོ་གི་ཡོད། སྐབས་གང་མང་ལ་གང་ཞིག་དྲན་སྐབས་ཀྱི་གནས་བབས་དེ་ཉིད་ཀྱིས་དྲན་པའི་ཁ་དོག་ཤུགས་ཆེན་སྒྱུར་གྱི་ཡོད་ཙང་ངས་འདིར་བསྡུས་པའི་དྲན་སྣང་ཁ་ཤས་ལའང་ཤུགས་རྐྱེན་དེ་ཐེབས་ཡོད་པ་ཐེ་ཚོམ་མེད་ཅེས་སྨྲ་དགོས་བྱུང་ཡོད། སྒྲུང་བཤད་སྐབས་མ་གཞི་ནས་བློ་རྟོན་དཀའ་བ་འགྲོ་བ་མིའི་དྲན་པ་ལ་རྒྱབ་རྟེན་བྱས་ཡོད་པས་ཨེ་སུའུ་ཁོ་རང་ཉིད་བློ་འཁེལ་དཀའ་བའི་སྒྲུང་བཤད་མཁན་(unreliable narrator)ཞིག་ཡིན་པ་བསྟན་ཡོད།
རྩོམ་རིག་གི་བརྡ་ཆད་བློ་འཁེལ་དཀའ་བའི་སྒྲུང་བཤད་མཁན་ཞེས་པ་ནི་བརྩམས་སྒྲུང་གི་མི་སྣ་སྒྲུང་བཤད་མཁན་གང་དེ་བདེན་པ་མི་ཤེས་མཁན་ཞིག་གམ། ཡང་ན་ཤེས་ཀྱང་དྲང་མོར་མི་བཤད་མཁན་ཞིག་ལ་ཟེར། ཁ་ཟུཨོ·ཨི་ཤིས་གུ་རོ་ལགས་ཀྱི་བརྩམས་སྒྲུང་ཁག་ཏུ་ཀློག་མཁན་ལ་དོགས་པ་འདྲ་མིན་སྐྱེར་འཇུག་པའི་ཡིད་ཆེས་དཀའ་སའི་སྒྲུང་བཤད་མཁན་འདིའི་རིགས་མང་པོ་ཡོད་རེད། ཁོང་གི་བརྩམས་སྒྲུང་གཉིས་པ《གཡེང་བའི་འཇིག་རྟེན་གྱི་སྒྱུ་རྩལ་པ》ཅེས་པས་ཡང་ཕྱིར་དྲན་གི་ཀློང་དུ་ཉུལ་གྱིན་པའི་བློ་འཁེལ་དཀའ་བའི་སྒྲུང་བཤད་མཁན་ཞིག་མི་སྣ་གཙོ་བོ་བྱས་ཡོད། བརྩམས་སྒྲུང་འདི་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་རྒན་ཡོལ་བྱས་ཟིན་པའི་རི་མོའི་སྒྱུ་རྩལ་པ་མིང་ལ་རྨ་སུ་ལྗི·ཨོ་ནོ་(Masuji Ono)ཟེར་བ་ཞིག་གིས་འདས་ཟིན་པའི་བྱ་གཞག་ལ་ཡང་ནས་ཡང་དུ་ཕྱིར་དྲན་བྱས་ནས་ཁོ་རང་གི་མི་ཚེའི་སྐོར་བཤད་པ་ཞིག་རེད་འདུག ཁོང་རང་ཚང་གི་ལྡུམ་རའི་ནང་ནས་ཕར་འགྲོ་ཚུར་འོང་གིས་སྐྱེ་དངོས་དག་ལ་བདག་གཅེས་བྱེད་སྐབས་ཁོང་གི་དྲན་པའང་འདས་པ་དང་ད་ལྟ་གཉིས་ཀྱི་བར་ནས་ཕར་འཕུར་ཚུར་འཕུར་བྱས་ནས་ཁོང་གི་གསང་བ་ཆེན་པོ་ཞིག་ཕྱིར་ག་ལེར་མངོན་པར་བྱེད། རྨ་སུ་ལྗི·ཨོ་ནོ་ནི་འཁྲུག་ཆེན་གཉིས་པ་མ་བྱུང་སྔོན་དང་འབྱུང་གིན་པའི་དུས་སུ་ཀུན་གྱིས་བཀུར་བའི་སྒྱུ་རྩལ་པ་མིང་གྲགས་ཅན་ཞིག་རེད་འདུག ཡིན་ནའང་ད་ལྟ་ཁོང་གི་སྒྱུ་རྩལ་གཙིགས་ཆེན་དུ་འཛིན་མཁན་དང་ཁོང་ངོ་ཤེས་འདོད་མཁན་མེད་པ་འདྲ། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཁོང་གི་ཟླ་མོ་དང་བུ་གཉིས་ལ་སྲོག་སྐྱོན་ཐེབས་ཡོད་འདུག ཁོང་ད་ལྟ་རང་གི་བུ་མོ་གཉིས་དང་མཉམ་དུ་སྡོད་ཀྱིན་པའི་ཡུགས་ཕོ་ཞིག་ཆགས་ཡོད་རེད། ཁོང་གི་བུ་མོ་ཆེ་བའི་ཆང་ས་བརྒྱབ་ནས་བུ་ཞིག་སྐྱེས་ཡོད་པ་དང། བུ་མོ་ཆུང་བས་ཆང་ས་གང་མགྱོགས་རྒྱག་རྒྱུ་ཡིན་འདུག སྲོལ་རྒྱུན་ལྟར་ན་བུ་མོའི་ཆང་སའི་སྐོར་ལ་གྲོས་བྱེད་རྒྱུ་ཕའི་ཕྲག་ལ་བབས་ཡོད་ནའང་བུ་མོ་ཆུང་བའི་ལུགས་སྲོལ་འདིར་རྩིས་མེད་གཏོང་རྩིས་ཡོད་འདུག རྨ་སུ་ལྗི·ཨོ་ནོ་ཡིས་ཁས་ལེན་འདོད་མེད་ནའང་ཁོང་གིས་གནས་སྟངས་འདིར་བསམ་གཞིགས་བྱས་དུས་ད་ལྟ་ཁོང་གི་རྩིས་མཐོང་དང་དབང་ཐང་ཉམས་ཡོད་པ་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྔོན་དང་བར་སྐབས་སུ་ཁོང་གི་བསམ་བློ་དང་མི་ཚེའི་ཁ་ཕྱོགས་ནོར་འཛོལ་བྱུང་བ་དེར་ཐུག་ཡོད་པ་ཀློག་མཁན་ལ་ཤུགས་ནས་བསྟན་ཡོད།
རྨ་སུ་ལྗི·ཨོ་ནོ་ནི་ཁ་ཟུཨོ·ཨི་ཤིས་གུ་རོ་ལགས་ཀྱི་བརྩམས་སྒྲུང་མང་པོར་མཐོང་རྒྱུ་ཡོད་པའི་་དྲན་པ་སྣ་མང་གིས་མནར་གྱིན་པའི་མི་སྣའི་རིགས་དེ་རེད་འདུག སེམས་ཀྱི་སྡུག་བསྔལ་དང་འགྱོད་གདུང་རིགས་ཁ་རི་ཁ་ཐུག་ཏུ་མི་བཤད་པར་ ཁོང་གི་ཕྱིར་དྲན་དང་འཕྲོས་བཤད་མང་པོ་བརྒྱུད་ནས་ཀློག་མཁན་ལ་ཚོར་དུ་བཅུག་ཡོད་རེད། འདས་ཟིན་པའི་སྐོར་ལ་དྲན་པ་འཕྲོ་རིམ་འཕྲོར་བརྡོལ་ཡོང་པ་མང་པོ་བརྒྱུད་ནས་རྨ་སུ་ལྗི·ཨོ་ནོ་ཡིས་གཡེང་བའི་འཇིག་རྟེན་དེ་མཚན་དུས་དང་འདྲེས་པའི་འདོད་སྲེད་ལོངས་སྤྱོད་བརྗོད་གཞི་བྱས་པ་ཤས་ཆེ་བའི་ཉི་ཧོང་གི་རི་མོ་འབྲི་སྲོལ་(ukiyo-e: pictures of the floating world)དེ་དོར་ནས་རྒྱལ་ཞེན་དང་རུས་ཞེན་ངར་ངར་གྱིས་བརྗོད་པའི་རི་མོ་འབྲི་ལུགས་ལ་ཧུར་བརྩོན་བྱས་པ་བསྟན་ཡོད། ཁོང་གིས་ཐད་ཀར་བཤད་འདོད་མེད་ནའང་ཁོང་གི་དྲན་པའི་འགྲུལ་བཞུད་བརྒྱུད་ནས་ང་ཚོས་ཤེས་ཐུབ་པ་ནི་རྨ་སུ་ལྗི·ཨོ་ནོ་ཡིས་བློ་གཅིག་སེམས་གཅིག་གིས་ཉི་ཧོང་བཙན་རྒྱལ་སྲིད་དབང་ལ་སྲི་ཞུ་གང་ནུས་སྒྲུབ་ཡོད་པ་དེ་རེད་འདུག ཁོང་གིས་སྒྱུ་རྩལ་གྱི་ལམ་ནས་རྒྱལ་ཞེན་དང་དམག་དོན་ལ་ཕྱོགས་པ་ཐད་དྲགས་པའི་ཉི་ཧོང་གི་སྲིད་ཇུས་ཁྱབ་བསྒྲགས་བྱེད་པར་ཞབས་ཞུ་གང་ལེགས་བྱས་ཡོད་པའི་མ་ཚད། ཐ་ན་རང་གི་དངོས་སློབ་ཡག་པོ་ཞིག་ཀྱང་རྒྱལ་ཁབ་ཀྱི་གསང་བའི་ཉེན་རྟོག་པར་རྩིས་སྤྲོད་བྱས་ནས་བཙོན་འཇུག་དང་མནར་གཅོད་མྱོང་བཅུག་ཡོད་པ་སོགས་ཕྱིར་དྲན་བརྒྱུད་ནས་གསལ་རྗེན་དུ་བསྟན་ཡོད། སྙིང་དོན་《གཡེང་བའི་འཇིག་རྟེན་གྱི་སྒྱུ་རྩལ་པ》ནི་བསམ་བློ་ནོར་བ་ཞིག་ལ་འཐམ་ནས་མི་ཚེའི་ཁ་ཕྱོགས་ནོར་བའམ་མི་ཚེ་འཕྲོ་བརླག་ལ་སོང་བའི་སྐོར་རེད་འདུག ཕྱི་ལོ་༢༠༠༨ལོའི་བཅར་འདྲི་གྲགས་ཅན་ཞིག་ཏུ་ཁ་ཟུཨོ·ཨི་ཤིས་གུ་རོ་ལགས་ཀྱིས་འདིའི་སྐོར་ལ་གསུངས་དོན། མཚམས་མཚམས་ལ་མིས་རང་གི་མི་ཚེ་ཐམས་ཅད་ཀུན་སློང་གཙང་མས་བཟུང་ནའང་ནོར་ཡོད་སྲིད་པའི་ལྟ་བ་ཞིག་ལ་གཞི་བཅོལ་པར་བྱེད། ངའི་དཔེ་དེབ་སྔ་མ་དག་གནད་དོན་འདིའི་སྐོར་ལ་ཡིན་ཞེས་ཁ་གསལ་པོར་བརྗོད་ཡོད། འདས་པའི་དུས་ལ་ཅི་བསམ་དང་གང་བྱས་ལ་འགྱོད་གདུང་དང་བློ་ཕམ་ཆེ་ནའང་དེ་དག་ཁོང་དུ་སྦེད་མཁན་གྱི་མི་སྣ་ཞིག་གི་འབེལ་གཏམ་བརྒྱུད་ནས་མི་སྒེར་གྱི་ལྟ་བ་དང་མི་ཚེའི་འགྲོ་ལམ་ནོར་བ་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་དང་བསམ་བློའི་ཁ་ཕྱོགས་ལ་ནོར་འཁྲུལ་ཆེན་པོ་བྱུང་བ་གཉིས་ཀའི་ལྟོས་བཅས་ཀྱི་འབྲེལ་བ་སྟེ། རྟེན་འབྲེལ་ཟབ་མོ་འདི་བརྒྱུད་ནས་ཉི་ཧོང་གི་ཕྱི་ནང་ཀུན་ལ་མི་ཤི་རྟ་འགྱེལ་ཀྱི་གོད་ཆག་ཆེན་པོ་ཤ་འདར་རུས་འདར་རྒྱག་དགོས་པ་བྱུང་ཡོད་པ་ཐད་ཀར་མ་ཡིན་པར་ཤུགས་ནས་ཤུགས་ཀྱིས་བཤད་ཡོད་རེད།
《ཉིན་མོའི་ལྷག་འཕྲོ》ཞེས་པའི་སྒྲུང་དེབ་ཀྱི་པར་གཞི་དང་པོའི་མདུན་ཤོག
མི་ཚེའི་སྟོད་དུ་བསམ་བློ་གང་ཞིག་ལ་ཤི་འཐམ་རོ་འཐམ་བྱས་པས་མི་ཚེའི་སྨད་དུ་ལམ་ལོག་ལ་སོང་ནས་རང་གི་མི་ཚེ་སྟོང་ཟད་དུ་བཏང་ཡོད་པའི་བརྗོད་བྱ་འདི་ཁ་ཟུཨོ·ཨི་ཤིས་གུ་རོ་ལགས་ཀྱི་བརྩམས་སྒྲུང་གསུམ་པ《ཉིན་མོའི་ལྷག་འཕྲོ》ཞེས་པར་དམིགས་བསལ་འབུར་དུ་ཐོན་ཡོད། སྒྲུང་བཤད་མཁན་དེ་མི་སྣ་གཙོ་བོའི་དྲན་ཤེས་ཀྱི་བགྲོད་པ་གྱ་མ་གྱུ་མང་པོ་ཞིག་བརྒྱུད་ནས་སྤྱི་སྒེར་གྱི་བསམ་པའི་འཁྱེར་སོ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་ནོར་བ། ཚོར་འདུའི་རིགས་ཁོང་དུ་སྦེད་ནས་ཁ་ནས་མ་བཏོན་པ། ཕ་བུའི་བྱམས་བརྩེ་དང་ཕོ་མོའི་བརྩེ་དུང་སྟོན་མ་ཐུབ་པ། ཕན་ཚུན་གོ་བརྡ་སྤྲོད་མ་ཐུབ་པ། རང་སྐྱོན་ངོས་ལེན་དང་གཞན་སྐྱོན་ཐེར་འདོན་མ་བྱས་པ་སོགས་ཁ་གསང་པོར་མ་ཡིན་པར་ཟ་ཟུར་ནས་བཤད་ཡོད།《ཉིན་མོའི་ལྷག་འཕྲོ》ནི་མི་ཚེའི་ཉི་མ་ནུབ་ལ་ཕྱོགས་པའི་གཡོག་དཔོན་(butler)མིང་ལ་སྐུ་ཞབས་སེ་ཁྲིཝིན་སི་(Mr Stevens)ཞེས་པ་ཞིག་གིས་ཕྱི་ལོ་༡༩༥༦ལོའི་དབྱར་ཁར་འགྲུལ་བཞུད་རིང་མོ་ཞིག་བྱེད་ཞོར་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྔོན་གྱི་རང་གི་མི་ཚེ་དང་ཆེད་ལས་སྐོར་ལ་ཕྱིར་དྲན་རབ་དང་རིམ་པ་བྱས་པའི་སྒྲུང་ཞིག་རེད་འདུག ཁོང་གིས་སྐུ་ངོ་ཌར་ལིང་ཁྲོན་(Lord Darlington)ཟེར་བ་ཞིག་ལ་གློ་སྙིང་བྲང་གསུམ་གཏད་ནས་ལོ་ངོ་སོ་ལྔར་ཌར་ལིང་ཁྲོན་ཁང་ཆེན་(Darlington Hall)དུ་གཡོག་འཁོར་སུམ་ཅུར་ཉེ་བའི་འགོ་དཔོན་བྱས་ནས་ལྷག་བསམ་རྣམ་དག་གིས་ཁོང་ལ་ཞབས་ཞུ་སྒྲུབ་འདུག་ལ། ལོ་གསུམ་གྱི་སྔ་རོལ་དུ་སྐུ་ངོ་གྲོང་པ་དང་སྐུ་ཞབས་སེ་ཁྲིཝིན་སི་སྐུ་ངོའི་ཁང་ཆེན་དེ་ཉོ་མཁན་གྱི་ཨ་རིའི་མི་ཆེན་བསྟན་བཤིག་སློང་བར་ཤིན་ཏུ་དགའ་མཁན་ཞིག་ཡོད་པ་དེས་གཡོག་དཔོན་དུ་ཉར་འདུག ཨ་རིའི་མི་ཆེན་དེས་སྐུ་ཞབས་སེ་ཁྲིཝིན་སི་ལ་ཁོང་གི་མོ་ཊ་བཏང་ནས་ཁོ་རང་གཅིག་པུར་གུང་སེང་ལ་འགྲོ་རོགས་ཞེས་བསྐུལ་པ་དེར་ཉན་ནས་ཉིན་དྲུག་ལ་ལྷོད་ལྷོད་ཀྱིས་དབྱིན་ཡུལ་ལྷོ་ནུབ་ས་ཁུལ་དག་གཤེགས་ནས་ལྗོངས་རྒྱུ་བྱས་པ་རེད། འགྲུལ་བཞུད་འདི་བྱེད་དོན་གཙོ་བོ་ནི་ཁོང་དང་མཉམ་དུ་ལོ་ངོ་ཉི་ཤུའི་ཡར་སྔོན་དུ་ཕྱག་ལས་གནངས་མྱོང་བའི་ལྕམ་ཁེན་ཁྲོན་(Miss Kenton)ལ་མཇལ་འཕྲལ་བྱས་ཏེ་སླར་ཡང་ཁོ་མོ་ཁང་པ་བདག་སྐྱོང་བྱེད་མཁན་དུ་དགུག་ཐབས་བྱེད་རྒྱུའི་ཆེད་དུ་ཡིན་འདུག ཡིན་ནའང་ལྕམ་ཁེན་ཁྲོན་ལ་མཇལ་འཕྲལ་བྱས་རྗེས་ཁོང་ལག་སྟོང་སེམས་སྟོང་དུ་ཁ་ཕྱིར་འཁོར་དགོས་བྱུང་པའི་སྒྲུང་ཞིག་རེད་འདུག
དབྱིན་ཇིའི་བརྩམས་སྒྲུང་པ་གྲགས་ཅན་སལ་མན·རཤིཌི་(Salman Rushdie)ལགས་ཀྱིས《ཉིན་མོའི་ལྷག་འཕྲོ》ལ་གདེང་འཇོག་མཐོན་པོ་བྱས་པའི་འབོལ་རྩོམ་ཞིག་ཏུ་དེའི་ནང་དུ་དོན་ཆེན་ཅི་ཡང་བྱུང་རྒྱུ་མི་འདུག་གསུངས་ཡོད་པ་བཞིན། དོན་ཆུང་ཙག་ཙིག་མ་གཏོགས་ཛ་དྲག་གི་གནས་ཚུལ་རིགས་བང་རིམ་གྱིས་བྱུང་ཡོང་པ་དང་མི་སྣ་ཆེ་ཆུང་འཚང་ག་ཤིག་ཤིག་གིས་བསྒྲིགས་ཡོད་པ་སོགས་ཅི་ཡང་མེད། ལམ་བར་དུ་སྒང་མཐོ་ས་ཞིག་ལ་བུད་ནས་ཐང་ཡངས་ས་ཞིག་མཐོང་བ། མོ་ཊའི་ནང་གི་ཆུ་ཚར་བའི་བར་ཆད། མགྲོན་ཁང་དུ་གཉིད་ཡག་པོ་མ་ཁུགས་པ། ལམ་ནས་བྱ་མོ་ཞིག་བརྫི་གྲབས་བྱས་པ། ཆང་ཁང་ཞིག་ཏུ་བསྟན་བཤིག་ཅིག་འཁྲབ་ནས་ཆོ་མེད་ཉོས་པ། ལམ་ནོར་ཐེབས་ནས་མོ་ཊའི་སྣུམ་རྫོགས་པས་གནས་ཚང་གཡར་དགོས་བྱུང་པ། ཆར་བ་དྲག་པོ་ཞིག་གློ་བུར་བབས་པ། ལྕམ་ཁེན་ཁྲོན་དང་མཉམ་དུ་ཁ་བརྡ་སྐྱིད་པོ་ཞིག་ཆུ་ཚོད་གཉིས་རིང་བྱས་པ། མཚོ་ཁར་རྐུབ་ཀྱག་རིང་པོ་ཞིག་གི་སྒང་ལ་རང་འཁྲིས་སུ་བསྡད་ཡོད་པའི་མི་ཆ་མེད་ཞིག་ལ་སྙིང་གཏམ་བཤད་ནས་མིག་ཆུ་དབང་མེད་ཤོར་བ་བཅས་ཀྱིས་བརྩམས་སྒྲུང་གི་བྱུང་རིམ་གྱི་ཕྱི་ཤུན་བྱས་ཡོད། ཕྱིའི་འགྲུལ་བཞུད་སྐབས་ཀྱི་དོན་རྐྱེན་ཆུང་ངུ་འདིའི་རིགས་ཀྱིས་ནང་སེམས་ཀྱི་རྣམ་རྟོག་སྐྱེན་པོ་ལ་རྐྱེན་བྱས་ནས་མི་སྣ་གཙོ་བོ་དྲན་པའི་གཏིང་རིམ་དང་བསམ་གཞིགས་ཀྱི་ཀློང་དུ་ཡང་ཡང་གཡུག་ཡོད་རེད། དཔེར་ན་སྒང་མཐོ་ས་ཞིག་ནས་མཐོང་བའི་རྒྱ་མཚོའི་གཉེར་རིས་བཞིན་སྒྲིལ་གྱིན་པའི་ཞིང་ས་དང་ནགས་ཚལ་གྱིས་གྲུབ་པའི་ཡུལ་ལྗོངས་ཀྱིས་སྐུ་ཞབས་སེ་ཁྲིཝིན་སི་ལ་དབྱིན་ཡུལ་གྱི་ཆེ་བ་(greatness)མཚོན་ཐུབ་ཀྱི་འདུག་བསམ་བཅུག་ཡོད་པ་དང་། ཚོར་སྣང་འདི་བརྒྱུད་ཁོང་གི་ཆེད་ལས་སྟེ་ཁོང་གི་བསམ་པར་དབྱིན་ཇིའི་མིས་མ་གཏོགས་མི་འཇོན་པའི་གཡོག་དཔོན་ངོ་མ་ཞིག་གི་ཆེ་བ་ཅི་ཡིན་མིན། དོན་དམ་གྱི་གཡོག་དཔོན་ཆེན་པོ་ཞིག་ལ་ཡོན་ཏན་ཅི་ཞིག་ཚང་དགོས་པའི་སྐོར་ལ་མནོ་བསམ་གཏིང་ཟབ་བཏང་བཅུག་ཡོད། ཡང་བསམ་གཞིགས་འདིས་བསྐུལ་ནས་སྐུ་ཞབས་སེ་ཁྲིཝིན་སི་ཁོ་རང་གིས་སྐུ་ངོ་ཌར་ལིང་ཁྲོན་ལ་ཞབས་ཞུ་ཇི་ལྟར་སྒྲུབ་ཡོད་པའི་སྐོར་དྲན་གསོ་བྱས་པ་དང་། ཁོང་གིས་དྲན་པས་བཟུང་ཡོང་བའི་འདས་དོན་མང་པོས་རང་དོན་དོར་ནས་གཞན་ལ་ཞབས་ཞུ་བྱས་པས་ཁོང་དང་ཕའི་མཛའ་སེམས་དང་། ཁོང་དང་ལྕམ་ཁེན་ཁྲོན་གཉིས་བར་གྱི་བརྩེ་བར་འགྱུར་སྲིད་པའི་འབྲེལ་བར་གྱོང་གུན་ཆེན་པོ་ཕོག་པ་སོགས་ཡིད་སེམས་སྨྲེང་པར་བྱེད་པའི་དོན་མང་པོ་བསྟན་ཡོད་རེད།
གོང་དུ་སྨྲས་ཟིན་པའི་གཞན་སྒྲུང་བརྒྱུད་ནས་རང་སྒྲུང་བཤད་པའི་རྩོམ་ཐབས་ལས་ཤེས་གསལ་བཞིན་ཁ་ཟུཨོ·ཨི་ཤིས་གུ་རོ་ལགས་ཀྱི་བརྩམས་སྒྲུང་ཚང་མར་སྒྲུང་ཉན་བཤད་ཀྱི་ལས་རྩོམ་ཐབས་སུ་བེད་སྤྱོད་བཏང་ཡོད་རེད། མི་སྣའི་གཤིས་ཀ་དང་། སེམས་ཚོར། འདས་པ་དང་ད་ལྟའི་ལོ་རྒྱུས་སོགས་སྒྲུང་གི་ལམ་ནས་གསལ་བཤད་བྱས་ཡོད། སྒྲུང་འདྲ་མིན་བཤད་ནས་མི་དང་། སྤྱི་ཚོགས། ལོ་རྒྱུས། ཆབ་སྲིད་སོགས་ཀྱི་ཆོས་ཉིད་བསྟན་ནས་དེ་དག་ལ་འགྲེལ་བཤད་དང་སྐྱོན་བརྗོད་བྱས་ཡོད་རེད། དཔེར་ན་སྐུ་ཞབས་སེ་ཁྲིཝིན་སི་ཡིས་རང་གཞན་གྱི་སྒྲུང་བརྒྱུད་ནས་དོན་དམ་གྱི་གཡོག་དཔོན་ཞིག་གི་ཆེ་བ་ཅི་ཡིན་མིན་ལ《ཉིན་མོའི་ལྷག་འཕྲོའི》མགོ་ནས་མཇུག་པར་ཞིབ་འདང་རྒྱབ་ཡོད། ཁོང་གིས་རང་གི་ཕ་དང་རང་ཉིད་ཀྱི་ལོ་རྒྱུས་བརྒྱུད་ནས་མིག་དཔེར་འོས་པའི་གཡོག་དཔོན་ཞིག་གི་ཆེ་བའི་གྲུབ་ཆ་གཙོ་བོ་ནི་རང་གི་དཔོན་པོས་ཅི་གསུང་དང་དུ་བླངས་ནས་བློ་བརྟན་འགྱུར་མེད་ཀྱིས་ཞབས་ཞུ་སྒྲུབ་ཐུབ་པའི་རང་གཤིས་(dignity)ཤིག་ཡིན་པ་བཤད་ཡོད། སྐུ་ཞབས་སེ་ཁྲིཝིན་སི་ཡི་བསམ་པར་གནས་བབས་ཡག་སྡུག་ཅི་འདྲ་ཞིག་ལ་འཕྲད་ཀྱང་དཔོན་པོར་གུས་བཀུར་བྱེད་པ་དང་། དཔོན་པོའི་གསུང་ལ་ཉན་པ། དཔོན་པོའི་རྒྱབ་རྩར་ལངས་པ་ནི་ངེས་དོན་གྱི་གཡོག་དཔོན་ཞིག་གི་ལས་འགན་ཡིན་པ་དང་། རང་དོན་གཡུག་ནས་འགན་འཁྲི་འདི་སྒྲུབ་ཏེ་དཔོན་པོའི་ཐུགས་འདོད་སྐོང་ཐུབ་པ་ཡིན་ན་དེ་ནི་གཡོག་དཔོན་ཞིག་གི་ཆེས་གཟི་བརྗིད་ཆེ་བའི་ཡོན་ཏན་རེད་སྙམ་ཡོད། བསམ་བློ་འདི་འདྲ་ཞིག་གིས་ཚེ་གང་པོར་ཁོང་གི་མི་ཚེའི་རྟ་ཁ་དཀྱུས་ཡོད་རེད། དཔེར་ན་ཁོང་གིས་ཞབས་ཞུ་སྒྲུབ་ཡུལ་སྐུ་ངོ་ཌར་ལིང་ཁྲོན་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྔོན་གྱི་འཇར་མ་ནིའི་ན་ཙིས་རྒྱལ་སྲིད་ལམ་ལུགས་(Nazism)ལ་རྒྱབ་སྐྱོར་བྱེད་མཁན་ཞིག་རེད་འདུག་མོད། སྐུ་ཞབས་སེ་ཁྲིཝིན་སི་ཡི་འཁྲུལ་སྣང་ལ་སྐུ་ངོ་ཁོང་ནི་འགྲོ་བ་མིའི་དོན་དང་འཛམ་གླིང་ཞི་བདེའི་ཆེད་དུ་མཛད་རྗེས་འཇོག་པར་འབད་མཁན་ཞིག་རེད་བསམ་ཡོད། ཆབ་སྲིད་ཀྱི་ལངས་ཕྱོགས་འཇིགས་ཡེ་རེ་བ་ཞིག་གིས་སྐུ་ངོའི་བསམ་སྤྱོད་བསྒྱུར་ནའང་སྐུ་ཞབས་སེ་ཁྲིཝིན་སི་ཡིས་ཁོང་ལ་ཁ་ལན་སློག་པ་ཕར་ཞོག་ཐ་ན་ཐེ་ཚོམ་གྱི་རྣམ་འགྱུར་ཙམ་ཡང་མི་སྟོན་པར་ཁོང་གི་བསམ་དོན་འགྲུབ་པར་ཞབས་ཞུ་ཅི་ནུས་སྒྲུབ་ཡོད།
སྐུ་ཞབས་སེ་ཁྲིཝིན་སི་ཡིས་སྒེར་དོན་དོར་ནས་ཞབས་ཞུ་སྒྲུབ་སྟངས་གཅིག་དཔེར་དྲངས་ན། ཌར་ལིང་ཁྲོན་ཁང་ཆེན་དུ་འཇར་མ་ནིའི་ན་ཙིས་གཞུང་ལ་རྒྱབ་སྐྱོར་བྱེད་ཆེད་དུ་ཚོགས་འདུ་ཆེན་པོ་ཞིག་བསྐངས་པ་རེད། འདི་ནི་སྒེར་གྱི་ཚོགས་འདུ་ཞིག་ཡིན་ནའང་ཡོ་རོབ་རྒྱལ་ཁབ་འདྲ་མིན་དང་ཨ་རི་ནས་ཚོགས་ཞུགས་པ་མི་དབང་ཤུགས་ཅན་མང་པོ་ཕེབས་ཡོད། ཚོགས་ཞུགས་པར་སྣེ་ལེན། གཟིགས་སྐྱོང་། གསོལ་ཚིགས་དྲངས་པའི་བྱེད་ལས་ཐམས་ཅད་ཞིབ་ཚགས་དང་གྲ་རྒྱས་པོའི་ངང་སྐུ་ཞབས་སེ་ཁྲིཝིན་སི་ཡིས་གནངས་ནས་ཚོགས་འདུ་ལེགས་འགྲུབ་བྱུང་ཡོད་མོད། ཌར་ལིང་ཁྲོན་ཁང་ཆེན་གྱི་ཐོག་ཁང་འོག་མར་ཁོང་ཚོགས་འདུའི་དོན་དུ་བྲེལ་འཚུབ་ནང་ལྷུང་ཡོད་དུས་ཐོག་ཁང་སྒང་མར་ཁོང་གི་ཕའི་ཁྲག་རྩ་གད་ནས་ཉལ་སར་ལྷུང་པ་རེད་ལ། ཕ་འཆི་གྲབས་ཡོད་པ་ཤེས་ནའང་ཁོང་ཕའི་འཁྲིས་ནས་མ་བསྡད་པར་མི་མཐུད་སྐུ་ངོའི་རེ་བ་སྐོང་ཕྱིར་ཚོགས་འདུར་ཞབས་ཞུར་རྒྱུགས། ཐ་ན་ཕ་གྲོངས་མ་ཐག་ཏུ་ཕའི་མིག་ཀྱང་སུམ་རོགས་མ་བྱས་པར་གཡོག་དཔོན་གྱི་ལས་འགན་ཙག་ཙིག་དག་ཀྱང་ལྷོད་གཡེང་མ་བྱར་པར་སྒྲུབ། ཡིན་ཙང་མྱ་ངན་གཙང་མ་ཞིག་ཀྱང་ཞུ་ཐུབ་ཡོད་པ་མ་རེད། གཞན་ཡང་ཁོང་དང་ལྕམ་ཁེན་ཁྲོན་གཉིས་བར་ལ་ཕན་ཚུན་ཚེ་གྲོགས་སུ་འགྱུར་སྲིད་པའི་འབྲེལ་བ་ཞིག་ཡོད་ནའང་ཁོང་གིས་ལྕམ་ཁེན་ཁྲོན་ལ་བརྩེ་བ་མ་བསྟན་པར་ཁོང་དུ་སྦས། ལྕམ་ཁེན་ཁྲོན་གྱིས་ཕར་བརྩེ་སེམས་སྟོན་ཅི་ཐུབ་བལྟས་མོད་སྐུ་ཞབས་སེ་ཁྲིཝིན་སི་ཡིས་སྐུ་ངོར་འཁང་ར་མེད་པར་ཞབས་ཞུ་སྒྲུབ་རྒྱུ་མ་གཏོགས་ཅི་ཡང་མ་མཐོང་། དེ་ལྟར་ཀུན་སློང་གཙང་མས་བཟུང་པའི་བསམ་བློ་ཞིག་ལ་འཐམས་ནས་ཁོང་གིས་ཐམས་ཅད་སྐུ་ངོ་ཌར་ལིང་ཁྲོན་གྱི་ཆེད་དུ་བློས་བཏངས་ཡོད། ཐ་ན་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་སྐུ་ངོ་ཌར་ལིང་ཁྲོན་ཀུན་གྱིས་འཕོངས་ཕྱིས་ཀྱི་རྡོ་བཞིན་དོར་ནའང་ཁོང་གིས་མུ་མཐུད་དུ་སྐུ་ངོ་ཁོང་དངོས་གནས་མི་དྲང་པོ་དང་ཡ་རབས་སྤྱོད་བཟང་ཞིག་ཡིན་ཞེས་རྒྱབ་སྐྱོར་བྱེད་ཀྱིན་ཡོད་རེད།
བརྩམས་སྒྲུང་མང་པོར་ཁ་ཟུཨོ·ཨི་ཤིས་གུ་རོ་ལགས་ཀྱིས་འདི་ལྟར་དོན་རྐྱེན་ཆུང་ངུའི་སྒྲུང་དང་། དོན་ཆུང་གིས་རྐྱེན་བྱས་ཏེ་འཕྱུར་ཡོང་བའི་དྲན་པས་མི་སྣ་གང་ཞིག་གིས་བཤད་འདོད་མེད་པའི་སྤྱི་སྒེར་གཉིས་ཀྱི་གསང་བ་དང་། འགྱོད་སེམས། སྡུག་བསྔལ། མི་ཚེ་དང་སྤྱི་ཚོགས་ལམ་ལོག་ལ་འཁྲིད་པའི་འཁྲུལ་སྣང་བཅས་བྲིས་ཡོད། དོན་ཆུང་དང་དྲན་གསོ་བསྡེབས་ནས་ཁོང་དུ་སྦས་བའི་མི་སྒེར་གྱི་ཚོར་བ་དང་མྱོང་བ་ཤུགས་ནས་གླེང་བའི་མ་ཚད་མི་སྒེར་གྱི་བསམ་སྤྱོད་གཅུན་ནས་སྤྱི་ཚོགས་དང་འཛམ་གླིང་ལ་གོད་ཆག་ཡ་ང་བ་ཡོང་བཅུག་པ་དག་ཀྱང་གསེང་ནས་བརྗོད་ཡོད་རེད། དཔེར་ན《ཉིན་མོའི་ལྷག་འཕྲོ》རུ་འཁྲུལ་སྣང་ཞིག་གིས་སྣ་ཁྲིད་ནས་མི་སེར་ཕལ་བ་ཞིག་ལམ་ལོག་ལ་སོང་ཡོད་པ་དེའི་རྒྱབ་ལོགས་སུ་ལྗོའུ་(Jews)མི་རིགས་གཙོས་དམར་གསོད་དང་མནར་གཅོད་ཚད་མེད་གཏོང་མཁན་གྱི་ན་ཙིས་རྒྱལ་སྲིད་ལམ་ལུགས་ཡོད་པ་དང་། གཞན་ཡང་བཙན་འཛུལ་དང་། གཉའ་གནོན། བཤུ་གཞོག མི་མང་ལུག་འདེད་འདེད་བྱེད་པའི་བསམ་བློས་ཁ་ལོ་བསྒྱུར་པའི་དབྱིན་ཇིའི་བཙན་རྒྱལ་རིང་ལུགས་ཡོད་པ་བསྟན་ཡོད་རེད། སྐུ་ཞབས་སེ་ཁྲིཝིན་སི་ལ་བལྟས་ནས་བཤད་ན་མི་སྒེར་ཞིག་གིས་རང་གི་བསམ་བློ་དང་རང་གི་མི་ཚེར་རང་གིས་ཁ་ལོ་སྒྱུར་མ་ཐུབ་པར་ངན་ཕྱོགས་ལ་གཟས་པ་ནི་ཏག་ཏག་མི་སྒེར་གྱི་རང་ཚུགས་རྨེག་མེད་དུ་གཏོང་པའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་བསམ་བློ་ཞིག་ལ་འབྲེལ་ནས་ཡོད་པ་ཚོར་ཐུབ། དབང་འཛིན་པས་བཀའ་མངགས་ཅི་བཏང་ལ་དོགས་འདྲི་སྤུ་ཙམ་མེད་པར་མཛུམ་དམུལ་དམུལ་ངང་ཁ་ལེན་ཚིག་རྩི་ཆག་མེད་བྱེད་དགོས་པའི་ལྟ་སྤྱོད་ཅིག་གིས་གཞི་རྐང་བྱས་ཡོད་པ་འདི་ཁ་ཟུཨོ·ཨི་ཤིས་གུ་རོ་ལགས་ཀྱིས་ངར་བཤད་མ་ཡིན་པར་འཇམ་བཤད་བྱས་ནས་སྒྲུང་སྣ་ཚོགས་པའི་སྒོ་ནས་ཐེར་འདོན་བྱས་འདུག་འདོད། མདོར་ན་སྲིད་དབང་སྒེར་གཅོད་དང་གཅིག་སྡུད་རིང་ལུགས་སོགས་བཙན་དབང་གིས་ཁ་ལོ་བསྒྱུར་བའི་སྲིད་ལུགས་གང་རུང་དེ་མི་སྒེར་གྱི་བསམ་སྤྱོད་རང་དབང་དྲག་ཤུགས་ཀྱིས་གཅུན་སྡོམ་བྱེད་པའི་རྨང་གདན་ཡིན་ཚུལ་བསྟན་ཡོད་ལ། འཇིག་རྟེན་སྲིད་ལུགས་ཀྱི་ཐད་ནས་ཀྱང་རང་ཉིད་རང་གིས་མགོན་བྱེད་མ་ཐུབ་ན་སྤྱི་སྒེར་གྱི་རང་དབང་གང་ཡིན་ཡང་ནམ་མཁའི་འཇའ་འཛིན་པར་བརྩོན་པ་ལྟ་བུ་ཡིན་པ་ནན་གྱིས་འགྲེལ་འདུག་སྙམ།
ཁ་ཟུཨོ·ཨི་ཤིས་གུ་རོ་ལགས་ཀྱི་བརྩམས་ཆོས་གཞན་དག་གིས་གོང་དུ་བགྲང་བའི་བརྗོད་བྱའི་རིགས་ལ་བརྩམས་སྒྲུང་འབྲི་ལུགས་(genre)འདྲ་མིན་བེད་སྤྱད་ནས་མི་མཐུད་རྟོག་ཞིབ་བྱས་ཡོད་རེད། ལྷག་པར་དུ་ཁོང་གིས་དྲན་པ་དང་བརྗེད་ངེས་ནི་རྙོག་འཛིང་ཆེ་བའི་ཆོས་ཞིག་ཡིན་པ་དང་། གང་ཞིག་བསམ་གཟས་ནས་དྲན་པར་བྱེད་པའམ་བརྗེད་དུ་འཇུག་པ་ནི་མི་སྒེར་དང་། སྤྱི་ཚོགས། རྒྱབ་ཁབ། མི་རིགས་ཚང་མའི་ངོ་བོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་སྐོར་ལ་ཞིབ་དཔྱོད་བྱས་ཡོད། གཞན་ཡང་མིས་སྐད་ཆས་གོ་བརྡ་སྤྲོད་པའི་བྱེད་ལས་ཀྱི་སྐོར་ལའང་རྟོག་ཞིབ་བྱས་ཡོད། སྐད་ཆས་མིའི་བསམ་སྤྱོད་ཅི་ལྟར་གཅུན་སྡོམ་བྱེད་ཀྱིན་ཡོད་པ་དང་མིས་སྐད་ཆ་ཇི་ལྟར་བེད་སྤྱད་དེ་བདེན་པར་བཀྱེད་ནས་འཁྱོག་བཤད་བྱེད་ཀྱིན་ཡོད་པ་སོགས་ནི་ཁོང་གི་བརྩམས་སྒྲུང་མང་པོའི་དབུགས་རྒྱུན་ལྟ་བུ་ཆགས་ཡོད། ཕྱི་ལོ་༡༩༩༥ལོར་ཕྱིར་ཐོན་པའི་ཁོང་གི་བརྩམས་སྒྲུང་བཞི་བ་《སེམས་གསོ་མ་ཐེབས་མཁན། The Unconsoled》ཞེས་པ་བརྗེད་ངེས་ཀྱི་དབྱིངས་སུ་འཐིམ་པའི་རོལ་མོ་པ་རྣོ་སྦྲེང་འཁྲོལ་མཁན་ཞིག་གི་སྐོར་ཡིན་ལ། མི་སྣ་གཙོ་བོས་རང་གི་ཅི་བྱས་པ་དང་། ཅི་བྱེད་ཀྱིན་པ། ཅི་བྱེད་དགོས་པ་བཅས་ཡུལ་དུས་ཀྱི་གོ་རིམ་ཅི་ཡང་མེད་པར་སེམས་ཡར་འཕྲོ་མར་འཕྲོ་བྱས་ནས་བཤད་ཡོད། ཕྱི་ལོ་༢༠༠༠ལོར་པར་བསྐྲུན་བྱས་པའི་བརྩམས་སྒྲུང་ལྔ་པ《ང་ཚོ་དྭ་ཕྲུག་ཡིན་དུས། When We Were Orphans》ཞེས་པ་ཉེས་དོན་རྩད་གཅོད་ཀྱི་སྒྲུང་གི་རྣམ་པར་བྲིས་ཡོད། དེ་ནི་དུས་རབས་ཉི་ཤུའི་ལོ་རབས་སུམ་ཅུ་པའི་ནང་ལན་ཌོན་ལ་ཡོད་པའི་རྩད་གཅོད་པ་ཞིག་ཕྱིར་རྒྱ་ནག་ཧྲང་ཧེ་ལ་རང་གི་ཕ་མ་བརླག་པོ་གཉིས་འཚོལ་དུ་ཕྱིན་པའི་འགྲུལ་བཞུད་ཀྱིས་འདས་དོན་གྱི་དྲན་སྣང་མང་པོ་དྲིལ་ཡོང་བའི་སྐོར་ཡིན། གོང་གི་བརྩམས་སྒྲུང་འདི་གཉིས་ཀར་སྒྲུང་བཤད་ལུགས་སུ་གཏན་ཚིགས་བྲལ་ལ་འགལ་ཟླས་གཏམས་པའི་རྨི་ལམ་གྱི་རང་བཞིན་བེད་སྤྱོད་བྱས་ཡོད་རེད།
ཕྱི་ལོ་༢༠༠༥ལོར་སྒོར་ཐོན་པའི་བརྩམས་སྒྲུང་དྲུག་པ་《ང་ནམ་ཡང་མ་གློད་རོགས། Never Let Me Go》ཞེས་པ་ཚན་རིག་གིས་བརླམས་པའི་བརྩམས་སྒྲུང་གི་རྣམ་པར་བྲིས་ཡོད་། མི་སྣ་གཙོ་བོ་དང་མོའི་མཛའ་གྲོགས་དང་གྲོགས་མོ་དག་ནི་ཚན་རིག་ལག་རྩལ་གྱིས་མིར་འདྲ་བཤུ་བྱས་ནས་བསྐྲུན་པ་(clone)རྐྱང་རྐྱང་ཡིན་ལ། བསྐྲུན་དོན་ནི་ཁོང་ཚོའི་དོན་སྙིང་མི་ལ་སྦྱིན་ཆེད་དུ་ཡིན། བརྩེ་བ་དང་། དྲན་པ། འཆི་བ་རྒྱུ་སྤུན་དུ་བྱས་ཡོད་པའི་བརྩམས་སྒྲུང་འདི་ཕྱི་ལོ་༢༠༠༧ལོར་གཟེངས་བསྟོད་ཐོབ་པའི་གློག་བརྙན་ཞིག་ལའང་ཕབས་ཡོད། ཕྱི་ལོ་༢༠༡༥ལོར་ཕྱིར་ཐོན་པའི་བརྩམས་སྒྲུང་བདུན་པ《ས་འོག་ལ་སྦས་པའི་མི་བོ་ཆེ》ཞེས་པ་རྫུ་འཕྲུལ་གྱིས་བཅིངས་པའི་གཏམ་རྒྱུད་ཀྱི་ལུགས་སུ་བྲིས་པ་ཞིག་རེད་འདུག ཧ་ལམ་ཕྱི་ལོའི་དུས་རབས་བདུན་པའི་དུས་མགོའམ་ཡང་ན་དབྱིན་ཡུལ་གྱི་རྒྱལ་པོ་ཨར་ཐར་(King Arthur)གྲོངས་རྗེས་སུ་རྒན་རྒོན་གཟའ་མི་གཉིས་བོར་བརླག་བྱུང་བའི་བུ་འཚོལ་དུ་སོང་བའི་ལམ་ནས་དོན་རྐྱེན་མང་པོ་བྱུང་པའི་སྐོར་རེད་འདུག སྐབས་དེར་མི་མང་ཚང་མ་ཐམས་ཅད་བརྗེད་དུ་འཇུག་པའི་སྨུག་ལོང་ཞིག་གིས་བཏུམས་ཡོད་པས་རྒན་རྒོན་གཉིས་གཙོས་མི་སྣ་ཀུན་གྱིས་སྤྱི་སྒེར་གྱི་དོན་ངེས་གཏན་ཡོད་པ་གང་ཡང་དྲན་ཀྱིན་མེད། འདི་ནི་མི་སྒེར་དང་། ཁྱིམ་ཚང་། སྡེ་བ། ཚོ་བ། རྒྱལ་ཁབ། ལོ་རྒྱུས་དང་རིག་གཞུང་སོགས་ཀྱི་ངོ་བོ་གྲུབ་སྟངས་དྲན་པར་རྟེན་ཅིང་འབྲེལ་ཡོད་པ་དེ་གཏིང་ཟབ་མོར་བརྗོད་པ་ཡོད་པ་ཞིག་རེད་འདུག ཕྱི་ལོ་༢༠༠༩ལོར་པར་བསྐྲུན་བྱས་པའི་ཁོང་གི་སྒྲུང་ཐུང་བདམས་བསྒྲིགས《མཚན་མོའི་རོལ་མོ་སྟེ་རོལ་དབྱངས་དང་ས་སྲོད་གྱི་སྒྲུང་ལྔ། Nocturnes: Fives Stories of Music and Nightfall》ཞེས་པའི་ནང་གི་སྒྲུང་རེ་རེ་རོལ་དབྱངས་དང་མཚན་ལྗོངས་ཀྱིས་རྒྱུན་བྱས་ཏེ་བློ་འཁེལ་དཀའ་བའི་སྒྲུང་བཤད་མཁན་ཞིག་གིས་བཞད་གད་དང་། སྐྱོ་གདུང་། ཆོ་མེད་པའི་དོན་རྐྱེན་རིགས་བསྲེས་ནས་བཤད་པ་ཞིག་རེད་འདུག
མདའ་ཚན་བླ་མ་སྐྱབས་ཀྱིས་རྩོམ་འདི་འབྲི་བར་བཀོལ་བའི་དཔྱད་གཞིའི་དེབ་དང་རྒྱུ་ཆ་ཁག་ཅིག
མདོར་ན་བརྩམས་སྒྲུང་ལ་ང་ཚོར་འཇིག་རྟེན་གྱི་སྡུག་བསྔལ་རྟོགས་བཅུག་ནས་དེར་གདུང་སེམས་མཉམ་སྐྱེའམ་སྙིང་རྗེ་བསྐྱེད་འཇུག་པའི་བྱེད་ནུས་རྩ་ཆེན་ཞིག་ཡོད་པ་དང་། བྱེད་ནུས་འདི་ཡང་འགྲོ་བ་མིའི་རྟོག་འཆར་གྱི་སྟོབས་(the imaginative power)ཡ་མཚན་དེ་ལ་འབྲེལ་ནས་ཡོད་པ་གདོན་མི་ཟ། དབྱིན་ཇིའི་འཆར་ཡན་རིང་ལུགས་ཀྱི་བསམ་བློ་དང་སྒྱུ་རྩལ་གྱི་སྣེ་འདྲེན། བུད་མེད་ཀྱི་ཐོབ་ཐང་རྩོད་པའི་རུ་འདྲེན་མེ་རིས·ཝོལ་ས་ཁྲོན་ཁ་རཧྥི་ཁྲི་ (Mary Wollstonecraft) ལགས་ཀྱིས་རྟོག་འཆར་ (imagination) ནི་ཚོར་ཤེས་ཀུན་གྱི་མ་ཡུམ་ཡིན་པར་བཞེད་ནས་དེར་མི་ཕན་ཚུན་ལ་སྙིང་རྗེ་རྒྱ་ཆེར་བསྐྱེད་འཇུག་པ་དང་སྤྱི་སེམས་སྨིན་པར་འཇུག་པའི་ནུས་སྟོབས་ཧང་སངས་དགོས་པ་ཞིག་ཡོད་པ་གསུངས་ནས་གདེང་འཇོག་ཆེན་པོ་བྱས་ཡོད། ཁ་ཟུཨོ·ཨི་ཤིས་གུ་རོ་ལགས་ཀྱི་བརྩམས་སྒྲུང་དག་ཀྱང་རྟོག་འཆར་དབལ་འབར་བ་འདི་འདྲ་ཞིག་གིས་བསྐྲུན་པ་ཡིན་པས་འཇིག་རྟེན་འཁོར་བའི་སྐྱོ་གདུང་དང་ཕམ་ཁ། ནོར་འཁྲུལ། འགྱོད་སེམས་སོགས་ངང་ངམ་ཤུགས་ཀྱིས་བརྗོད་ནས་ཀློག་མཁན་ལ་ཆོས་ཉིད་འདི་དག་སྒོམ་འཇུག་པ་དང་། འདི་དག་མྱོང་མཁན་ལ་ཤ་ཚ་དང་སྙིང་རྗེ་ཡ་མཚན་སྐྱེར་འཇུག་པའི་ནུས་པ་སྟོབས་ཆེན་ཞིག་མཆིས་སོ།། ནོ་བྷེལ་ཚོགས་པས་བྱ་དགའ་སྟེར་སྐབས་བེད་སྤྱད་བཏང་བའི་ཞེད་སྣང་ཚ་བའི་གཟུགས་རྒྱན་ཏེ་མུན་འོབས་ཞེས་པའང་། ཁ་ཟུཨོ·ཨི་ཤིས་གུ་རོ་ལགས་ཀྱི་བརྩམས་སྒྲུང་གིས་མི་དང་མི་སྦྲེལ་བྱེད་ཀྱི་སྐད་ཆའི་གོ་བརྡ་དང་། བརྩེ་བ། སྙིང་རྗེ་བཅས་བརླག་བྱེད་ཀྱི་རྒྱུ་རྐྱེན་གྱི་གཡང་ས་འོབས་དོང་ཞབས་མེད་འདྲ་བ་དག་དམུས་ལོང་རྣམས་ལ་སྟོན་ཐུབ་ཀྱིན་ཡོད་པར་དགོངས་ནས་བཀོལ་པ་རེད་འདུག་སྙམ།
ཁ་ཟུཨོ·ཨི་ཤིས་གུ་རོ་ལགས་ནི་བརྩམས་སྒྲུང་པ་ཞིག་ཡིན་པའི་མ་ཚད་༢༠༡༦ལོའི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་བཞེས་མཁན་བྷོབ·ཌི་ལིན་(Bob Dylan)ལགས་གྱི་གླུ་གཞས་ལ་དུང་བ་ཧ་ཅང་ཟབ་མོ་ཡོད་པའི་རྣོ་སྦྲེང་དང་སྒྲ་སྙན་ཡག་པོ་འཁྲོལ་མཁན་ཞིག་ཀྱང་ཡིན་ལ། གཞས་ཚིག་རྩོམ་པར་གཞོན་དུས་ནས་དང་བ་ཡོད་མཁན་ཞིག་རེད་འདུག་ ཁོང་གིས་ལུས་སེམས་གཉིས་ཀ་སྤྲོ་བས་སྒུལ་བར་བྱེད་པའི་དབྱངས་རྟའི་འཕར་ལྡིང་ལྡེམ་མྱུར་ཅན་ལྗ་ཟིའི་(jazz)རོལ་དབྱངས་དང་བསྡོངས་པའི་གླུ་ཚིག་བརྩམས་འདུག གཞན་ཡང་བརྙན་འཕྲིན་ཟློས་གར་དང་གློག་བརྙན་གྱི་འཁྲབ་གཞུང་རྩོམ་མཁན་ཞིག་ཀྱང་རེད་འདུག གང་ལྟར་ཡིན་ཐག་ཆོད་ཁོང་ནི་ནུས་ཤུགས་ཡོད་དགུ་བཏོན་ནས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བརྩམས་སྒྲུང་འབྲི་པར་འབད་འབུངས་གནང་མཁན་ཞིག་རེད་འདུག ཁོང་གིས་གསུངས་དོན། ང་རྒྱལ་སྤྱིའི་བརྩམས་སྒྲུང་འབྲི་བར་འདུན་པ་ཡོད་པའི་རྩོམ་པ་པོ་ཞིག་ཡིན། ཅི་ཞིག་ལ་རྒྱལ་སྤྱིའི་བརྩམས་སྒྲུང་ཟེར་ཅེ་ན། ངའི་བསམ་པར་དེ་ནི་(མྱོང་བ་དང་རིག་གཞུང་གི)རྒྱབ་ལྗོངས་འདྲ་མིན་ཡོད་མཁན་གྱི་འཛམ་གླིང་ས་ཕྱོགས་ཀུན་ནས་ཡོང་པའི་མི་མང་པོར་གལ་ཆེན་ཡིན་པའི་མི་ཚེའི་མཐོང་སྣང་ཡོད་པ་ཞིག་ལ་ཟེར་འདོད། དེ་སྐམ་ས་ཆེན་པོ་དག་འཕྲེད་ཀྱིས་བཅད་ནས་གནམ་གྲུར་སྐྱོད་མཁན་གྱི་མི་སྣའི་སྐོར་ཡིན་སྲིད་ལ། ས་གནས་ཆུང་ཆུང་གཅིག་རང་དུ་བྱུང་ཡུལ་བྱས་པ་ཞིག་ཀྱང་ཡིན་སྲིད་ཅེས་སོ་སོའི་ཐུགས་བཞེད་གསལ་པོར་བརྗོད་ཡོད། མདོ་དོན་ཁོང་གི་བརྩམས་སྒྲུང་གི་འཇིག་རྟེན་ལས་ག་ལེར་རམ་ཝ་ལེར་མངོན་ཡོང་པ་ལྟར་ཁ་ཟུཨོ·ཨི་ཤིས་གུ་རོ་ལགས་ནི་མངོན་སུམ་འཁོར་བའི་སྡུག་བསྔལ་འགྲོ་བ་མིར་བསྟན་ནས་དེར་སྙིང་རྗེ་བསྐྱེད་དུ་འཇུག་ཐུབ་མཁན་གྱི་སྒྱུ་རྩལ་བ་རྟོག་འཆར་དང་བྱམས་སེམས་ཀྱི་བྱིན་གྱིས་བརླབས་ཡོད་པ་ཞིག་རེད་འདུག་གོ།།།
*
རྩོམ་དཔྱད་འདི་ངེད་ཀྱི་བརྩེ་ལྡན་ཕ་ལོ་མ་ལོ་གཙོས་མདའ་ཚན་སྡེ་བའི་བཞུད་ཟིན་པའི་རྒན་རྒོན་འདང་ཅན་རྣམས་ཏེ། དེང་རབས་ཀྱི་རྣམ་འཕྲུལ་རིགས་ལ་(modernity)གདོང་ཐུག་རྩུབ་མོ་རབ་དང་རིམ་པ་རྒྱབ་དུས་ཀྱང་སྙིང་རྗེ་དང་། སྙིང་སྟོབས། རང་ཚུགས་ཀྱིས་གྲུབ་པའི་རང་གཤིས་ཤོར་མ་མྱོང་མཁན། མགོ་རུས་སྐམ་པོ་ས་ལ་ལྷུང་པའི་བར་འཁོར་བའི་མུན་འོབས་མཐོང་བྱེད་ཀྱི་རྒྱུ་འབྲས་བློ་མིག་མ་ལྡོངས་པ་ཁོང་ཚོར་ཡིད་གུས་སྨོན་ཟབ་མོ་དང་བཅས་བསྔོ་སྨོན་གྱི་ཚུལ་དུ་ཕུལ་བ་དགེའོ། དགེའོ། དགེའོ།
…………
མདའ་ཚན་བླ་མ་སྐྱབས་ལགས་ནི་དབྱིན་ཡུལ་ཨོཁེསེཧྥོར་ཌི་སློབ་གྲྭ་ཆེན་མོའི་(University of Oxford)དགེ་རྒན་ཆེན་མོ་དང་། རྩོམ་རིག་ཉམས་ཞིབ་པ་ཡིན། ཕྱི་ལོ་༢༠༡༦ལོར་ཁོང་ལ་གསེར་ཕྱེ་ལྟར་དཀོན་པའི་ཞིབ་འཇུག་གི་གོ་གནས་རྩ་ཆེན་ལིཝིརཧཱུྃ་ཉམས་ཞིབ་གོ་གནས་(Leverhulme Early Career Fellowship)ཞེས་གྲགས་པ་དེ་གནང་འདུག དེ་ནི་དབྱིན་ཇི་རྒྱལ་ཁབ་ཕྱི་ནང་གི་མཁས་པ་སྟོང་ཕྲག་མང་པོར་འགྲན་སྡུར་བྱས་ནས་ཐོབ་པའི་ཨོཁེསེཧྥོར་ཌི་སློབ་གྲྭ་ཆེན་མོའི་ཤར་ཕྱོགས་རིག་པའི་སྡེ་ཁག་ཏུ་གཞི་བཅས་པའི་རྩོམ་རིག་ཉམས་ཞིབ་པའི་གོ་གནས་ཤིག་རེད་འདུག
རྩོམ་སྒྲིག་པ། ལྗང་བུ་དང་སྐྱ་བོ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།