སི་ཁྲེ་ཧྥོན· ཚི་ཝེ་ཀིའི་སྒྲུང་དེབ་ཅིག་བོད་དུ་བསྒྱུར་ཏེ་པར་དུ་བསྐྲུན་འཆར་འདུག
ཨོ་སི་ཐྲི་ཡའི་རྩོམ་པ་པོ་གྲགས་ཅན་སི་ཁྲེ་ཧྥོན· ཚི་ཝེ་ཀིའི་འཐུས་ཚབ་སྒྲུང་རྩོམ་གྲགས་ཅན《བུད་མེད་རྒྱུས་མེད་ཅིག་གིས་སྤྲིངས་པའི་འཕྲིན་ཡིག》ཅེས་པ་དང《བུད་མེད་ཅིག་གི་མི་ཚེ་གང་བོའི་ཁྲོད་ཀྱི་ཉིན་ཞག་གཅིག》ཅེས་པ་གཉིས་བོད་ཀྱི་སྐྱེས་མ་སྙུག་ཐོགས་པ་གཅན་མེ་ཏོག་གིས་བོད་ཡིག་ཏུ་བསྒྱུར་ཏེ་དེབ་ཏུ་དྲིལ་ནས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་དང་། མི་འགྱང་བར་བོད་ཁམས་ཡོངས་ཀྱི་ཀློག་མཁན་ལྷན་རྒྱས་ཀྱི་སྤྱན་སྔར་དབུལ་རྩིས་ཡོད་པས། གནམ་ལོ་གསར་དུ་ཚེས་པའི་ཉིན་བཟང་སྐར་བཟང་འདིར་བཀྲ་ཤིས་པའི་ལེགས་སྐྱེས་ཤིག་གི་ཚུལ་དུ་གཏམ་བཟང་འདི་སྙན་དུ་བསྒྲོན་པ་ལགས།
དེ་ཡང་དེབ་འདི་ནི་ཕུལ་དུ་བྱུང་བའི་རྩོམ་པ་པོ་ཀོར་ཁིས“འཛམ་གླེང་སྟེང་བུད་མེད་ལ་རྒྱུས་མངའ་ཆེས་ཆེ་བའི་རྩོམ་པ་པོ”ཡི་ཆོ་ལོ་དང་གདེང་འཇོག་གནང་སའི་སི་ཁྲེ་ཧྥོན· ཚི་ཝེ་ཀིའི་བརྩམས་ཆོས་གཉིས་ཡིན་ལ། བརྩམས་ཆོས་གཉིས་ཀས་བུད་མེད་ཀྱི་སེམས་ཁམས་ཞིབ་འབྲི་དང་སྣང་བརྙན་བཞེངས་སྐྲུན་གྱིས་འཛམ་གླིང་རྩོམ་རིག་ལ་ལག་རྗེས་མི་དམན་པ་བཞག་སྟེ། ཡུལ་ལུང་སོ་སོའི་ཀློག་མཁན་གྲངས་མེད་པའི་ཡིད་ཀྱི་དང་བ་རྨང་ནས་དྲངས་དང་འདྲེན་བཞིན་ཡོད། འདིར་མི་རིགས་རང་གི་རྩོམ་རིག་དང་ལྷག་པར་དུ་རང་ཅག་ལ་བུད་མེད་ཀྱི་སེམས་ཁམས་དང་སྣང་བརྙན་བཞེངས་སྐྲུན་ཐད་ཀྱི་སྒྲུང་རྩོམ་མེད་པའམ་ཉུང་བ་ལ་བརྟེན། ལོ་ཙཱ་བས་རྒྱ་ཡིག་གི་འགྱུར་ཉི་ཤུར་ཉེ་བའི་ནང་ནས་ཀློག་པ་པོའི་ཆེས་དགའ་བསུ་དང་གདེང་འཇོག་ཐོབ་པའི་རྒྱའི་ལོ་ཙཱ་བ་ཀྲུང་དབྱི་ཧྲུའུ་དང་ལིའུ་རུའུ་ཧྥེ་གཉིས་ཀྱི་རྒྱ་འགྱུར་མ་གཙོར་བཟུང་ནས་བོད་ཡིག་ཏུ་བསྒྱུར་བ་འདིས་ཀྱང་བོད་ཀྱི་རྩོམ་རིག་གི་ཆུ་གཏེར་འཕེལ་བའི་གསོས་སུ་རྒྱུར་གྱུར་ཅིག
དེབ་འདིའི་བོད་འགྱུར་ལོ་ཙཱ་བ་གཅན་མེ་ཏོག་ནི་མཚོ་སྔོན་མི་རིགས་སློབ་ཆེན་བོད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན་པ་དང་། ད་ལྟའི་བར་གཞུང་ཡིག་ལོ་ཙཱ་དང་དག་ཞུས། གནའ་དཔེ་འཚོལ་སྡུད་སོགས་ཀྱི་བྱ་བ་གཉེར། སྔ་ཕྱིར་གཞུང་ཡིག་ལོ་ཙཱའི་སྐོར་གྱི་དཔྱད་རྩོམ་ཁག་ཅིག་བྲིས་ནས་གཞུང་སྒེར་གྱི་དུས་དེབ་ཏུ་བཀོད་ཅིང་། གཟེངས་སྐྱེས་ཀྱང་རེ་གཉིས་ཤིག་རེག་མྱོང་། གཞན་ཡང་བོད་རྒྱ་སྐད་གཉིས་ཀྱིས་བྲིས་པ་དང་བསྒྱུར་བའི་སྙན་ངག་དང་ལྷུག་རྩོམ་མང་པོ་ཡང་ཞིང་ཆེན་ཕྱི་ནང་གི་རྩོམ་རིག་དུས་དེབ་ཏུ་བཀོད། ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་མཚོ་ནུབ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན་ཞིང་། གཅན་ཚ་རྫོང་གི་གྲོང་རྡལ་ག་གེ་མོར་སྲིད་འཛིན་གྱི་ལས་ཀ་གཉེར་མུས་སུ་ཡོད།
རྩོམ་སྒྲིག་པ། ལྷ་སྐྱིད།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།