སེང་རྡོར་གྱི་བརྩམས་སྒྲུང་དང་ལྷུག་རྩོམ་གྱི་དེབ་གསར་པ་དང་དེའི་གླེང་གཞིའི་གཏམ་ཆ་ཚང་།
ཉེ་ལམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་སྐུ་ཞབས་སེང་རྡོར་གྱི་སྒྲུང་ལྷུག་དེབ<<ང་དང་ངའི་སྙིང་སྡུག་འཇིགས་མེད་ནོར་བུ>>ཞེས་པ་རྒྱལ་ཁབ་ཀྱི་ཚད་ལྡན་དཔེ་རྟགས་ཐོབ་པ་བརྒྱུད་དངོས་སུ་པར་སྐྲུན་བྱེད་བཞིན་ཡོད།
ཇུས་འགོད་སྤུས་གཙང་བྱས་པའི་དེབ《ང་དང་ངའི་སྙིང་སྡུག་འཇིགས་མེད་ནོར་བུའི》ཕྱི་དབྱིབས།
མི་འགྱང་བར་ཞིན་ཧྭ་དཔེ་ཁང་སོ་སོར་དགྲམ་ཡོང་བ་ཡིན་ནོ།། དེབ་འདིའི་གླེང་གཞི་རུ་རྒན་སྐྱབས་ཆེན་ལགས་ཀྱིས་གསུངས་ཡོད་པ་ནང་བཞིན་སྐུ་ཞབས་སེང་རྡོར་གྱི་རྩོམ་ནི་ཐེངས་གཅིག་གཉིས་ཤིག་ལ་མགྱོགས་འདོན་བྱས་ནས་བཀླག་ཚར་འགྲོ་བ་ཞིག་མིན་པར། ཡང་ནས་ཡང་དུ་ཆེས་ཞིབ་པར་བཀླག་འོས་པ་དེའོ།།
དེབ་འདི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ལ་འོས་སྦྱོར་ཞུ་མཁན་གྱི་རྒན་མང་རྒྱན་ལགས་དང་། དེབ་འདིའི་ལག་བསྟར་རྩོམ་སྒྲིག་པ་རྒན་རྒྱལ་མཚན་ལགས་དང་། དེབ་འདི་ད་ལོའི་དཔེ་སྐྲུན་ལས་འཆར་དུ་བཀོད་ནས་དུས་ཐུང་ནང་སྒོར་ཡོང་ཐུབ་པ་མཛད་མཁན་གྱི་འབྲེལ་ཡོད་མི་སྣ་སྤྱི་ལ་ཐུགས་རྗེ་ཆེ་ཞུ་དགོས་སོ།།
རྩོམ་པ་པོ་སེང་རྡོར་གྱི་ཉེ་དུས་ཀྱི་སྐུ་པར།
ཁྱད་པར་དུ་དེབ་འདི་མགོ་འཇུག་ཆ་ཚང་བ་བཀླགས་ནས་གཟུ་བོའི་ཚིག་དང་ངོ་སྤྲོད་ཀྱི་གསུང་འབུད་མཁན་རྒན་པད་མ་ཚེ་བརྟན་ལགས་དང་རྒན་ལྷ་བྱམས་རྒྱལ་ལགས། རྒན་སྐྱབས་ཆེན་ལགས་བཅས་ལ་དམིགས་བསལ་གྱིས་བཀའ་དྲིན་ཆེ་ཞུ་རིགས་པ་སྟེ། བརྩམས་སྒྲུང་མཁན་པོ་འདི་རྣམ་པས་བོད་ཀྱི་རྩོམ་རིག་ལ་ཤ་ཚ་བས་ན་སེང་རྩོམ་པར་སྐྲུན་གྱི་སྡིངས་ཆ་ཆེ་ཞིག་བརྒྱུད་ནས་ཡང་བསྐྱར་ང་ཚོ་ཀློག་མཁན་ཀུན་གྱི་མིག་སྔར་བཀྲམས་པས་སོ།།
རྩོམ་མཁན་གྲགས་ཅན་གྱིས་ཕུལ་བའི་གཏམ།
དེབ་འདི་དཔར་ཁང་ཆེས་ཚད་ལྡན་ནས་དཔར་འདེབས་འཕྲུལ་ཆས་ཆེས་གསར་ཤོས་བཀོལ་ཏེ་ཞིབ་ཚགས་ཀྱིས་དཔར་བ་ཡིན་པས། སྤྱིའི་དཔར་རྩ་ཇུས་འགོད་དང་བྱེ་བྲག་གི་སྒྲིག་སྦྱོར་སོགས་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་སྣ་མང་མཆིས་ཤིང་། ཕྱི་ནང་གི་ཤོག་སྤུས་བཟང་བ་ནི“མཆོག་རབ”ཅེས་པའི་བརྡ་དེ་ཁོ་ནས་ད་གཟོད་མཚོན་ཐུབ་སྙམ་མོ།།དེབ་འདི་བོད་ཡིག་ཅན་གྱི་ཞིན་ཧྭ་དཔེ་ཁང་སྤྱི་ནས་ཉོ་ཐུབ་པ་མ་ཟད། རྩོམ་མཁན་ལ་ཐད་ཀར་འབྲེལ་བ་བྱས་ནས་ཉོས་ཀྱང་ཆོག་པ་ཡིན། དཔེ་ཚོང་རྒྱག་མཁན་ཚོས་གོ་རྒྱུ་ཞིག་ལ། ཚར་སྟོང་གི་ཡན་སྡེབ་ཉོ་བྱས་ན་རིན་གོང་ཡང་ལྡབ་ཀྱིས་སླའོ།།
ཀློག་མཁན་གྱིས་རྩོམ་པ་པོའི་མཚན་གྱི་ཡི་གེ་མཚོ་འགྲམ་བྱེ་མའི་ནང་དུ་འབྲི་བ།
འབྲེལ་ལམ། ________
ཁ་པར་ནི། 13909707963
སྐད་ཨང་ནི། SD18697172162
ཞར་བཀོད། ལྷུག་མའི་འགྱུར་ཁུག་གིས་དྲུད་ཡོང་བའི་ངོ་གདོང་གི་ཚོགས།
____སེང་རྡོར་གྱི་བརྩམས་དེབ<<ང་དང་ངའི་སྙིང་སྡུག་འཇིགས་མེད་ནོར་བུ>>ཞེས་པར་ཕུལ་བ།
སྐྱབས་ཆེན་བདེ་གྲོལ།
སེང་རྡོར་གྱི་རྩོམ་ལ་རྒྱུས་མངའ་ཆེ་བའི་ཀློག་མཁན་ཞིག་ལ་མཚོན་ན། ཁོང་གི་སྨྱུག་རྩེ་ན་གཞན་དང་མི་འདྲ་བའི་རྗོད་པ་ངོ་མཚར་ཅན་ཞིག་ཡོད་པ་བརྗེད་མི་སྲིད་ལ། དོན་དུ་དེ་ནི་ཅི་ལྟ་བུ་ཞིག་རེད་ཅེ་ན། ཁོ་བོ་རང་གི་མྱོང་བ་ལྟར་ན་དེ་ཉིད་ཚིག་གཅིག་ཏུ་བསྡུ་ཞིང་བསྡོམ་མི་ནུས་པར་ཁོང་གིས་བྲིས་པ་དག་རེ་རེ་བཞིན་བསྐྱར་དུ་བཀླགས་པས་ཤེས་ནུས་པ་ཞིག་རེད།
མང་པོ་ཞིག་གིས་སེང་རྡོར་གྱི་རྩོམ་བཀླགས་པའི་ཚོར་བ་བཤད་སྐབས“ཚིག་སྦྱོར་ཕུན་སུམ་ཚོགས་པར་འདུག”ཅེས་སྐད་ཆ་སྟབས་བདེ་ཞིག་གིས་མགོ་ཨེ་ཚོས་བལྟ་ནའང་དོན་དུ་སེང་རྡོར་ལུགས་ཀྱི“ཚིག་སྦྱོར་ཕུན་སུམ་ཚོགས་པ”ནི་ཡི་གེའི་རྩེད་མོ་ཁོ་ནས་གྲུབ་པ་ཞིག་མིན་ཏེ། ཁོང་གི་འབྲོག་སྐད་ཤས་ཆེ་ཞིང་དོན་གྱི་ཁོག་འབུབས་གསལ་ལ། རྗོད་པར་མངའ་བརྙེས་པ་དང་། བརྩེ་སེམས་མངོན་པར་གསལ་ཅིང་སྣང་བརྙན་ཞིབ་མོར་དོད་པའི་རྩོམ་རྣམས་ནི་རྒན་པོ་ཁ་བདེ་རེ་འགས་ཚོགས་གཏམ་བཤད་པ་བཞིན་ཚིག་སྙན་མོ་མང་པོ་ཞིག་བཤད་ནའང་ཡིད་ལ་གཟུང་བར་བྱ་བ་དང་ཚོར་བ་སྒུལ་བར་བྱེད་པའི་ནུས་པ་གང་ཡང་མེད་པ་དེ་འདྲ་མ་ཡིན་པས་སོ།།
གུས་པོས་ཐེངས་འདིར་ཁྱེད་ཅག་ལ་ངོ་སྤྲོད་བྱ་རྒྱུའི་དེབ་གསར<<ང་དང་ངའི་སྙིང་སྡུག་འཇིགས་མེད་ནོར་བུ>>ཞེས་པ་ནི་སེང་རྡོར་གྱི་བརྩམས་དེབ་རྣམས་ལས་ཤིན་ཏུ་དམིགས་བསལ་བ་ཞིག་ཡིན་ཏེ། འདིར་བསྡུས་པའི་རྩོམ་ཐུང་རྣམས་ནི་གཏམ་རྒྱུད་དང་ཚོར་བའི་བར་གྱི་འཆར་སྒོ་སྣ་ཚོགས་ཡངས་པོར་བཀྲལ་བ་ཡིན་ལ། དེ་ལས་མང་པོ་ཞིག་གངས་ཀྱི་རི་བོ་ལྷུན་སྡུག་ཏུ་ཆགས་པའི་གནས་འདིའི་མི་དག་གི་བྱིས་དུས་ཀྱི་དྲན་པ་དང་འབྲེལ་ཡོད་པས་ངེད་ཅག་སུས་བཀླགས་ཀྱང་ང་ཚོ་རང་གི་གཟུགས་བརྙན་མཐོང་ཡོང་བ་དང་། ཡང་ན་ངེད་ཅག་གི་དྲན་པའི་གཏིང་དུ་ཟུག་ཀྱང་བརྗེད་ངེས་ཀྱི་རྐུན་པོས་འཁྱེར་ལ་ཉེ་བའི་མི་དེ་དག་ལ་འབྲེལ་འདུག་པས་དེ་ལས་ངེད་ཚོས་སྙིང་ཉེ་བའམ་དགའ་ཞིང་དུང་བའི་ཚོར་བ་ངོ་མཚར་ཅན་ཞིག་རྙེད་ཐུབ།
རྩོམ་རིག་བརྩམས་ཆོས་ཀྱི་ནུས་པ་གཅིག་ནི་རྣམ་པར་རྟོག་པའི་དོན་ཇི་སྙེད་ཅིག་ཚིག་གི་སྦྱོར་བར་དྲངས་ནས་མི་རྣམས་ཀྱི་སེམས་པ་མངོན་སུམ་གྱི་འཆིང་བ་ལས་བཀྲོལ་ཏེ་རང་དབང་གི་ཞིང་ཁམས་ཤིག་ཏུ་འཁྲིད་པ་དེ་ཡིན་ལ། དེ་ལས་ཀྱང་ལྷག་པའི་ནུས་པ་གཞན་ཞིག་ནི་སྐྱེ་བོ་མང་པོའི་ཐུན་མོང་གི་དྲན་པ་སླར་སོས་པར་བྱས་ནས“འདས་དོན་དང་རྨི་ལམ་གྱིས་དབུལ་བ་རྣམས”ལ་བསམ་པའི་ཁྲུས་གསོལ་གང་མང་བགྱིད་པ་དེ་ཡིན། གུས་པོས་བསམ་ན་དེབ་འདིར་བསྡུས་པའི་སེང་རྡོར་གྱི་རྩོམ་དག་གི་བྱེད་ནུས་ནི་རིགས་ཕྱི་མར་གཏོགས་པར་སྙམ།
དེང་གི་བོད་ཀྱི་རྩོམ་སྟེགས་ལ་བལྟས་ན། རྩོམ་མཁན་ཕལ་བོ་ཆེའི་རྩོམ་ནི་ཉིན་འགའི་སྔོན་གྱི་ནུབ་འཚལ་བསྐྱར་དུ་བསྲོས་ཏེ་བསྐོལ་བ་ལྟ་བུ་ཡིན་དོན་ནི། གཅིག་ནས་ཧ་ཅང་ཆེན་པོ་གཞན་གྱི་མ་ཤོད་པ་དེ་འདྲ་བཤད་རྒྱུར་རྔམ་ནས་དུས་དང་གནས་ལ་འཕྲོད་མིན་མི་བལྟ་བར“མི་བོ་ཆེ་དག་གི་ཚིག་མཛོད”ནང་གི་ཐ་སྙད་རྫིག་པོ་རྣམས་ཁྱེར་ཡོང་སྟེ་དེ་ཉིད་རང་གི་ལྟ་བའི་ཁབ་མིག་ཏུ་ཨེ་ཚུད་བལྟས་ནས་གསེར་གྱི་མཛུབ་རྒྱན་ལ་དོ་ལོའི་ཕྲ་འཇོག་པའི་སྦྱོར་བ་བརྩམས་པས་ཡིན་པ་དང་། གཉིས་ནས་སོ་སོ་སྐྱེ་བོ་རང་གི་དྲན་པ་དང་འདས་དོན་ལ་བདག་པོ་རྒྱག་མི་ཐུབ་པར་ཉི་མ་དེ་རིང་ལ་ཅི་ཞིག་རྒྱུགས་ཆེ་བར་བསམ་སྟེ། མི་མང་གི་གནས་སྐབས་ཀྱི་དགའ་ཁ་འཁྱེར་ཕྱོགས་ལ་བསྟུན་མཁས་བྱེད་པ་དེ་རེད། སེང་རྡོར་གྱི་རྩོམ་ལ་ཀུན་གྱིས་དགའ་བོ་བྱེད་པ་དང་ཁོང་གི་རྩོམ་རྣམས་གཞན་དང་མ་འདྲ་བར་གྱུར་དོན་ནི་ཁོང་གིས་གོང་གི་དོན་དེ་གཉིས་ཀར་གཡོལ་ཏེ་རང་ཚུགས་སྲ་མོར་བཟུང་བས་རེད་སྙམ་ལ། ཏག་ཏག་རང་ཚུགས་དེའི་རྒྱབ་རོལ་ན་གཞན་ལ་མེད་པའི་རྣམ་དཔྱོད་ཅིག་དང་སློབ་གསོའི་བརྒྱུད་རིམ་ཞིག་ཡོད་པར་སྙམ།
དེབ་འདིའི་ནང་དུ<<ཁྱོད་ཀྱང་ངའི་རྣམ་རྟོག་གི་རབ་ཁར་ཡང་ཡང་འབོད>>ནང་གི“ཤིང་མོ”ལྟ་བུའི་མི་སྣ་དམིགས་བསལ་བ་མང་པོ་ཡོད་ལ་མི་སྣ་དེ་དག་གི་ངོ་གདོང་ནི་སྒྲུང་པ་ཡིན་ལ་ཚིག་གི་སྒྱུ་མ་མཁན་ཡང་ཡིན་པའི་རྩོམ་མཁན་སེང་རྡོར་གྱིས་ལྷུག་མའི་འགྱུར་ཁུག་ལ་བརྟེན་ནས་ཁྱེད་ཀྱི་མདུན་སར་དྲུད་ཡོང་བ་དེ་བསམ་ནས་ཕྲན་གྱིས་གླེང་གཞི་འདིའི་ཁ་བྱང་ཡང་རྙེད་པ་ཡིན། མི་སྣ་དེ་དག་ལས“ཤིང་མོ”སོགས་ནི་སྲིད་པའི་རྩོམ་མཆོག<<རྗེན་ཨེར>>ནང་གི་རྗེན་ཨེར་དང<<ཨན་ནཱ་ཁ་ལེ་ན>>ནང་གི་ཨན་ནཱ་བཞིན་སུས་དྲན་ན་སྙིང་རྗེ་འཆོར་བ་འགའ་ཡིན་ལ། ཡང“རྒྱ་ལའོ་ཧྲིན”དང“བླ་རྒན་དར་རྒྱས”སོགས་ཅི་ཡིན་འདི་ཡིན་མེད་པའི་མི་སྣ་འགའ་ཡོད་པ་ནི་<<མཁར་རྫོང>>ནང་གིKདང<<གསོད་ར་ཨང་ལྔ་བའི>>ནང་གི་བྷི་ལི་བཞིན་མི་ཚེ་འདི་ཁུངས་མེད་ལུང་མེད་ཡིན་པའི་དཔེ་མཚོན་ནི་ཡིན་འདུག
མི་སྣ་ངོ་མཚར་བ་མང་དག་ཅིག་དེབ་སྲབ་མོ་ཤོག་གྲངས་ཉིས་བརྒྱ་ཡས་མས་ཅན་ཞིག་གི་ནང་དུ་བསྡུས་དུས་འདི་ལ་སྒྲུང་དེབ་བམ་ལྷུག་རྩོམ་དེབ་སོགས་སུ་འབོད་པ་ནི་རྩོམ་ལུས་ཀྱི་གཞུང་ལུགས་ནང་ཐ་སྙད་དཀོན་པས་དེ་འདྲ་མི་བྱེད་ཀ་མེད་དུ་གྱུར་བ་རེད་སྙམ་པས། འདི་ལ་སྒྲུང་རིང་མང་པོ་ཞིག་གི་དཀར་ཆག་གམ་ལྡེ་མིག་ཏུ་བཏགས་ཀྱང་མི་རུང་བ་ག་ལ་འདུག་སྟེ། རྗེས་མར་སེང་རྡོར་ལགས་ཀྱིས<<ཤིང་མོ>>ཟེར་བའི་སྒྲུང་རིང་བྱུང་རིམ་ལ་ཀྱག་ཀྱོག་ཆེ་བ་དང་། སྤྲོས་བརྗོད་ཀྱི་རྩལ་གྱིས་ཕྱུག་པ་དེ་འདྲ་ཞིག་ངེད་ཅག་གི་ཀློག་སྐལ་དུ་བསྩལ་ཚེ་ངས་ཀྱང་ཡང་བསྐྱར་གླེང་གཞི་རིང་ཐག་ཆོད་པ་ཞིག་འཁྱེར་ཡོང་རྒྱུ་ཡིན།
༢༠༡༨ལོའི་སྤྱི་ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན།
རྩོམ་སྒྲིག་པ། གངས་དགའ།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།