འབྲོང་ཕྲུག་ལྷ་ཆེན་རྒྱལ་གྱི་སྙན་དེབ་གསར་པ《ང་ནི་ནད་པ་ཞིག་ཡིན》ཞེས་པ་པར་དུ་བསྐྲུན་པ།
《ང་ནི་ནད་པ་ཞིག་ཡིན》པའི་བརྩམས་ཆོས་འདི་ནི། འབྲོང་ཕྲུག་ལྷ་ཆེན་རྒྱལ་གྱི་སྙན་དེབ་གསུམ་པ་དང་བརྩམས་ཆོས་དེབ་དྲུག་པ་ཡིན།
འདིའི་ཡར་སྔོན་ལ་ཁོང་གིས་སྙན་དེབ་དང་སྒྲུང་གཏམ་དེབ། གློག་བརྙན་འཁྲབ་གཞུང་དེབ། བྱིས་སྒྲུང་འགྱུར་མའི་དེབ་ལ་སོགས་དེབ་འགའ་པར་དུ་བསྐྲུན་མྱོང་ལ། དེ་དག་གིས་ཀློག་པ་པོ་དག་ལ་བག་ཆགས་དང་ཤུགས་རྐྱེན་ཟབ་མོ་ཞིག་ཐེབས་ཡོད་པ་དང་། རྩོམ་པ་པོ་ཁོང་ལ་མཚོན་ནའང་། བརྩམས་ཆོས་དེ་དག་ལ་འདང་རྩིས་ཆེན་པོ་ཡོད་ལ། དེ་བཞིན་དུ་རིན་ཐང་ཀྱང་ངེས་ཅན་ཞིག་ཡོད་བསམ།
ད་ཐེངས་ཀྱི་སྙན་དེབ་འདིར་མཚོན་ན། ཕལ་ཆེར་ཁོང་གིས་མི་ལོ་བཅུ་ཡི་རིང་ལ་བརྩམས་གྲུབ་བྱུང་བའི་སྙན་ངག་ཐུང་ངུ་བརྒྱ་དང་ལྔ་བཅུ་ལྷག་ཕྱོགས་གཅིག་ཏུ་བསྡུས་པ་ཡིན་པས། དུས་ཚོད་ཀྱི་ཆ་ནས་ཡིན་ན་འདྲ་ལ། གསར་རྩོམ་གྱི་ཆ་ནས་ཡིན་ན་འདྲ། ཁོང་གི་མི་ཚེ་འདིའི་ཆེས་གླེང་རིན་ཡོད་པ་དང་ངོམས་རིན་ཡོད་པའི་དེབ་ཅིག་ཏུ་བརྩིས་ཆོག་ཆོག་གོ།
རྩོམ་ལུས་ཀྱི་ཆ་ནས་རང་མོས་དང་རྩོམ་སྟངས་སྙན་ངག སྙན་ངག་གི་ནང་ནས་སྙན་ངག་ཐུང་ངུ་། སྙན་ངག་ཐུང་ངུ་ཟེར་དོན་ཕལ་ཆེར་ཚིག་རྐང་གཉིས་ནས་བཅུ་གཉིས་ཀྱི་སྙན་ངག་དག་དག་ཡིན་པ་རེད། ཀློག་པ་པོ་རེ་འགའ་ཞིག་གིས་སྙན་ངག་ཐུང་ངུ་ལ་སྒྱིད་ལུག་གི་ཆ་ཡོད་པར་བསམ་མོད། སྐབས་ལན་རེར། སྙན་ངག་ཐུང་ངུར་སྙན་ངག་རིང་མོ་ཞིག་ཏུ་མི་ཆུད་པའི་བསམ་བློའི་ནང་དོན་ཤོང་ཐུབ་དུས་ཀྱང་ཡོད་པས། ལོ་འདི་ཚོར་ཁོང་གིས་ཆེད་དུ་སྙན་ངག་ཐུང་ངུའི་རྩོམ་སྟངས་འདི་ལ་ཚོད་ལྟ་བྱས་པ་དང་། དེབ་འདིར་དེའི་མཚོན་བྱེད་ཅིག་གམ་ཚབ་མཚོན་རང་བཞིན་གྱི་ཁྱད་ཆོས་འཛོམས་ཡོད།
གཞན་ཡང་། དེབ་འདི་ལ་ནང་དོན་གྱི་ཆ་ནས་རྣམ་པ་སྣ་ཚོགས་དང་མཚོན་ཐབས་ཀྱི་ཆ་ནས་ཀྱང་རྣམ་པ་སྣ་ཚོགས་ཡིན་པ་སྟེ། དེ་ནི་གཅིག་ནས་རྩོམ་པའི་དུས་མི་གཅིག་པ་དང་ཡུལ་མི་གཅིག་པ། རྒྱུ་དང་རྐྱེན་མི་གཅིག་པ། བསམ་བློའི་འཆར་སྒོ་མི་གཅིག་པ། རྩོམ་པའི་སེམས་ཁམས་མི་གཅིག་པ་ལ་སོགས་ཀྱི་དབང་གིས་མཚོན་བྱ་དང་མཚོན་ཐབས་གང་གི་ཆ་ནས་ཀྱང་གཅིག་པ་གཅིག་རྐྱང་ཞིག་ཡོང་ཐབས་མེད་པས། རྒྱ་ཆེ་བའི་ཀློག་པ་པོ་དག་ལ་ཐུན་མིན་གྱི་མྱོང་བ་ཟབ་མོ་ཞིག་སྦྱིན་པར་གདོན་མི་ཟའོ། །
རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས།
འབྲོང་ཕྲུག་ལྷ་ཆེན་རྒྱལ། མང་རྫོང་ཐར་ཤུལ་ཡུལ་ཚོའི་བདའ་ཚང་སྡེ་བར་སྐྱེས། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོ་སློབ་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི།
ཉིས་སྟོང་ལོར་བརྩམས་ཆོས་ཐོག་མ《ཞོགས་པའི་འགྲུལ་བཞུད་ཁྲོད་དུ》ཞེས་པ《གངས་རྒྱན་མེ་ཏོག》སྟེང་བཀོད་པ་ནས་ད་ལྟའི་བར་དུ《སྦྲང་ཆར》དང《གངས་རྒྱན་མེ་ཏོག》《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《མང་ཚོགས་སྒྱུ་རྩལ》《ཟླ་ཟེར》《བོད་ཀྱི་སློབ་གསོ》《མཚོ་སྔོན་བོད་ཡིག་ཚགས་པར》《ཁྲིམས་ལུགས་ཚགས་པར》སོགས་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སྣ་ཚོགས་སུ་སྙན་ངག་གཙོས་སྒྲུང་གཏམ་དང་ལྷུག་རྩོམ། འབོལ་རྩོམ་སོགས་རྩོམ་ཡིག150ལྷག་བཀོད་ཡོད་པ་དང་། དེ་དག་ལས་རེ་འགའ་རྒྱ་ཡིག་ཏུ་བསྒྱུར་ནས《མི་རིགས་རྩོམ་རིག》དང《མཚོ་སྔོན་པོ》སྙན་ངག་ཆེད་སྒྲིག《ཨ་མདོའི་རྩོམ་རིག》དང《ཀྲུང་གོའི་དེང་རབས་གྲངས་ཉུང་མི་རིགས་རྩོམ་པ་པོའི་འགྱུར་རྩོམ་བརྩམས་ཆོས་འདེམ་སྒྲིག》《བོད་རིགས་པོད》སོགས་སུ་བཀོད་ཡོད།
2004ལོར་སྙན་དེབ་ཐོག་མ《ཆང་དང་སྙན་ངག་གི་མཚན་མོ》པར་དུ་བཏབ་པ་དང་། 2013ལོར་སྙན་དེབ《བཞད་འཕྱིས་པའི་མེ་ཏོག》ཅེས་པ་དུས་རབས21པའི་བོད་ཀྱི་རྩོམ་པ་པོའི་དཔེ་ཚོགས་སུ་གདམ་ནས་པར་ཏུ་བཏབ། 2015ལོརསྒྲུང་ཐུང་ཕྱོགས་སྒྲིག་དེབ《ལོ་དེའི་དགུན་ཁ》ཞེས་པ་པར་དུ་བཏབ། 2019ལོར་འགྱུར་རྩོམ་དེབ《ང་དང་ཨ་ཅེ་ཆུང་ཆུང་ཁི་ལཱ་རཱ》དང་འཁྲབ་གཞུང་དེབ《དགུན་གྱི་མེ་ཏོག》སོགས་པར་བསྐྲུན་བྱས། 2011ལོར《སྦྲང་ཆར》སྨྱུག་གསར་བྱ་དགའ་ཐོབ་པ་དང་། 2015ལོར་མཚོ་སྔོན་ཞིང་ཆེན་ན་གཞོན་རྩོམ་པ་པོའི་རྩོམ་རིག་བྱ་དགའ་དང《གངས་རྒྱན་མེ་ཏོག》རྩོམ་རིག་བྱ་དགའ། 2017ལོར《གསེར་གྱི་ལྷ་དར》རྩོམ་རིག་བྱ་དགའ་སོགས་ཐོབ་མྱོང་།
སྔ་རྗེས་སུ།《སྦྲང་ཆར》དང《གངས་རྒྱན་མེ་ཏོག》《མཚོ་སྔོན་བོད་ཡིག་ཚགས་པར》《མཚོ་ལྷོ་ཚགས་པར》སོགས་ཀྱིས་དམིགས་བསལ་འོས་སྦྱོར་དང་ཆེད་སྒྲིག་པར་ངོས་བཟོས་པ་མ་ཟད། མཚོ་སྔོན་བོད་སྐད་བརྙན་འཕྲིན་གྱི《ཁ་བའི་ཞབས་རྗེས》དང《མེ་ཏོག་གངས་ལྷ》མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི《375ཐད་གཏོང་ཁང》དང《བཞུད་ལམ》《བགྲོ་གླེང》《སློབ་རའི་འགྱུར་ཁུགས》སོགས་ལེ་ཚན་མང་པོར་ཞུགས་མྱོང་།
ད་ལྟ་མང་རྫོང་མི་རིགས་སློབ་འབྲིང་དུ་དགེ་རྒན་གྱི་བྱ་བ་གཉེར་གྱིན་ཡོད་པ་དང་། བྱ་བའི་ཞོར་དུ《སློབ་ཆུང་སློབ་མའི་རྩོམ་ཡིག་འབྲི་ཚུལ》དང་《སློབ་ཆུང་སློབ་མའི་བསླབ་ཕྱིའི་ཀློག་དེབ》(སྟོད་སྨད་ཆ)《མཚོ་ལྷའི་བོད་ཡིག་ཚོད་ལྟའི་སློབ་དེབ་ཀྱི་སྦྱང་གཞི་ལྷན་ཐབས》《མཚོ་ལྷའི་བོད་ཡིག་ཚོད་ལྟའི་སློབ་དེབ་ཀྱི་དབྱར་དགུན་གནང་ལས་བྱ》《རྗེ་བྱམས་པ་འཕྲིན་ལས་ཀྱི་གསུང་རྩོམ》《བླ་ནག་རི་ཁྲོད་པའི་གསུང་མགུར》《མང་རྫོང་གི་དམངས་སྲོལ་རིག་གནས་དཔེ་ཚོགས།》(དེབ་གསུམ)《མཚོ་ལྷོའི་སྒྲ་སྙན་ངག་གི་རོལ་མཚོ》《མི་རབས་གསུམ་པ》སོགས་དཔེ་དེབ་རྩོམ་སྒྲིག་དང་པར་སྐྲུན་གྱི་བྱ་བ་བསྒྲུབས་པར་མ་ཟད།《ཁྲི་ཤོར་རྒྱལ་མོ》དང《མང་ཆུ》《མང་རྫོང་སློབ་གསོའི་ལྟ་སྐུལ》བཅས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་རྩོམ་སྒྲིག་ཨུ་ཡོན་ཡིན་ལ། མཚོ་སྔོན་རྩོམ་པ་པོ་མཐུན་ཚོགས་ཀྱི་རྩོམ་པ་པོ་གསོ་སྦྱོང་འཛིན་གྲྭ་དང་ལུའུ་ཞུན་རྩོམ་རིག་གླིང་གི་སྐབས་བཅུ་བའི་གྲངས་ཉུང་མི་རིགས་རྩོམ་པ་པོ་གསོ་སྦྱོང་འཛིན་གྲྭ་སོགས་སུ་ཞུགས་ནས་མ་འོངས་རྩོམ་འབྲིའི་ལམ་ཁ་ཡངས་པོར་ཕྱེས་པར་རེམ་གྱིན་གདའོ།།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།