ལྗང་བུའི་བརྩམས་སྒྲུང་དེབ་གསར་པ《བརྩེ་དུང་གི་གཏམ་རྒྱུད》ཅེས་པ་དངོས་སུ་ཚོང་རར་བཀྲམ་པ།
ངེད་དབྱངས་ཅན་མ་དཔེ་ཤག་ནས་རྩོམ་པའི་ཁྱུ་མཆོག་ལྗང་བུ་ལགས་ཀྱི«གཟི་མིག་དགུ་པ»འི་དཔར་གཞི་གསར་པས་མཚོན“ལེགས་རྩོམ་གཟི་ཡི་ཕྲེང་བ”ཞེས་པའི་དེབ་ཕྲེང་ལུ་གུ་རྒྱུད་དུ་འདོན་མུས་ལ། རིམ་བཞིན་དེབ་ཕྲེང་གསུམ་པའམ་སྐུ་ཞབས་མཆོག་གི་སྒྲུང་དེབ་ཐོག་མ«བརྩེ་དུང་གི་གཏམ་རྒྱུད»ཅེས་པ་འདི་ཉིད་དཔར་སྐྲུན་ཞུ་བའི་ལས་དེ་བར་མཚམས་ཕྱི་ནང་གསང་གསུམ་གྱི་རྐྱེན་ལས་ཕྱི་འགྱངས་ཡང་ཡང་ཞུ་དགོས་བྱུང་ན་ཡང་ད་ལམ་ཉི་མ་སྤྲིན་འོག་ནས་ཐར་པ་ཇི་བཞིན་གཟིགས་ཀློག་སྤྲོ་མཁན་ལྷན་རྒྱས་ལ་མུ་མཐུད་སྤྱན་བསྟར་ཞུ་བའི་བསྐལ་པ་བཟང་པོ་གཞི་ནས་ཤར་བྱུང་གི་གཏམ་བཟང་སྤེལ་དོན་ལ།
ལྗང་བུ་མཆོག་གི་ཉེ་པའི་སྐུ་པར། པར་པ་མི་གསལ།
དེ་རིང་«བརྩེ་དུང་གི་གཏམ་རྒྱུད»ཅེས་པའི་ཕྱག་དེབ་འདི་ཉིད་དཔར་ལས་རྐྱེན་ངན་ཕྲད་སྐབས་ཐུགས་རེ་ལྗགས་རོགས་དང་ངང་སྒུག་བཟོད་སྒོམ་ནར་མར་གནང་མཁན་ལྷན་རྒྱས་ལ་དགོངས་སེལ་དང་ཐུགས་རྗེ་བཀའ་དྲིན་ཞུ་ཚིག་གི་གཏང་རག་སྔོན་དུ་ཕུལ་བའི་ཆབས་ཅིག་སྒྲུང་རྩོམ་ཕྱག་དེབ་འདི་ཉིད་ཀྱི་ཁྱད་ཆོས་ཅུང་ཟད་དམིགས་བཀར་ཞུས་ན། སྒྲུང་རྩོམ་མཁན་པོ་ལྗང་བུའམ་བསེ་རུ་ཞུ་བ་ཁོང་ནི་འཛམ་གླིང་དེང་རབས་སྔ་ཕྱིའི་རྩོམ་རིག་སྒྲུང་རིགས་ཀྱི་གྲུབ་མཐའ་སྣ་ཚོགས་དང་བོད་རྩོམ་གསར་རྙིང་ཀུན་ལ་རྒྱུས་མངའ་ཡོད་པ་ཙམ་པོ་མ་ཡིན་པར་དེ་ཡི་གཏིང་དུ་ཟབ་འཇུག་གིས་སྲོག་སྙིང་བླ་གསུམ་ཟིན་གནང་ཡོད་མཁན་དེང་དུས་རང་རེའི་བོད་ཡིག་རྩོམ་པ་བ་ཚོའི་ཁྲོད་ན་དེ་ལས་ལྷག་པ་མེད་ཚོད་ཀྱི་བཞུགས་གདན་ལ་ཕེབས་འཇགས་གྲུབ་ཁར། གསར་དུ་རྩོམ་པའི་ཐུགས་རིག་རྣམ་དཔྱོད་དང་གདེངས་སྤོབས་ཐད་ལ་ཡང་ད་ལྟའི་སྐལ་མཉམ་དག་གིས་བསྒྲུན་དུ་མི་བཟོད་པའི་མཐོ་བཙན་གྱི་གནས་སུ་བཞུགས་པས་ན། ཕྱག་དེབ་འདི་ཡང་རང་བཞིན་གྱིས་རང་གཞན་གཉིས་ཀྱི་རྩོམ་པའི་རྩལ་དང་ལྟ་གྲུབ་འདྲ་མིན་གྱི་ཉིང་ཁུ་ཡང་ཁུ་དག་ཁ་བ་རི་བའི་སྐད་ཡིག་ཁྲོད་ཆུ་ལ་ཆུ་བཞག་ལྟ་བུས་དམར་ཁྲིད་དམ་ཉམས་ལེན་གཅིག་སྡུད་དང་ཕྱོགས་བསྡུས་གནང་སྟེ་ཆད་གསབ་ཁ་སྐོང་ཡང་གནང་ཐུབ་ཡོད་པ་ཞིག་ཡིན་པར་གདོན་མི་ཟ་ལ། གལ་སྲིད་སྐུ་ཉིད་ནས་ཕྱག་དེབ་འདི་ཉིད་མཇལ་གཟིགས་ཀྱི་བགོ་སྐལ་རྦད་དེ་གློད་བཞག་ན་ནི། བོད་པའི་རྩོམ་རིག་གི་ལོ་རྒྱུས་ལས་དུམ་བུ་འགངས་ཆེན་ཞིག་མ་གཟིགས་མ་མཁྱེན་ལྟ་བུའི་ལོག་ལམ་ཞིག་སྙེགས་ཚར་ཡོད་རེད་ཀྱང་འདོད་ལགས། །
དངོས་གཞིའི་སྒྲུང་རྩོམ་བཅུ་གྲངས་གཟིགས་ཀློག་གི་བདེ་དགའ་དེ་ག་ཙམ་པོ་ནི་ཕྱག་དེབ་འདི་ཉིད་ཁྱེད་ལ་བདག་པའི་ལོངས་སྤྱོད་ཆ་ཚང་མ་ཡིན་པར། དེ་མིན་ད་དུང་རྩོམ་པའི་དབང་ཕྱུག་སྐྱབས་ཆེན་བདེ་གྲོལ་ལགས་ཀྱིས་མཛད་པའི་སྔོན་འགྲོའི་རྩོམ་ཡིག་ལེགས་བཤད་ཀུན་འདུས་ལྟ་བུ་ཞིག་གིས་དབུ་བཙུགས་ཏེ། ཐ་ན་ཟུར་བཀོད་མཐའ་རྒྱན་གྱི་རིགས་ཡན་ཆད་ལ་ཡང་སྒྲུང་རྩོམ་ཞིབ་འཇུག་དོན་གཉེར་པ་འཕགས་པ་འབྲོང་དང་སྐུ་ཞབས་ལྗང་བུའི་བར་བྱུང་བའི་སྒྲུང་རྩོམ་སྐོར་གྱི་བཀའ་མོལ་རིང་པོ་ཞིག་དང་། ཧྥ་རན་སིའི་སྒྱུ་རྩལ་པ་དང་ལྗང་བུ་མཆོག་སོ་སོས་ཆེད་མངགས་སྒྲུང་དེབ་འདི་ལ་མཛད་གནང་ཁ་ཤོག་དང་བར་བཅུག་གི་བྲིས་ཆ། ཕྱག་དེབ་མཛད་པ་པོ་ཁོང་དང་སྒྲུང་རྩོམ་བར་གྱི་ལོ་རྒྱུས་འདྲ་མིན་སྔོན་ཆད་སུ་དང་གང་གིས་ཐོས་མྱོང་གསན་མྱོང་མེད་ཅིང་དཔྱད་གཞི་ཅི་རིགས་སུ་འོས་སྙམ་གྱི་ཡིག་ཚགས་གལ་ཆེན་རིགས་ལ་སོགས་རེ་རེ་བཞིན་གབ་པ་མངོན་ཕྱུང་ལྟ་བུར་བཀོད་ཡོད་ལགས།
གོང་གསལ་དེ་དོན་གཟིགས་ཀློག་མཁན་པོ་ཁྱེད་ཉིད་ནས་ནོར་བུའི་ནོར་ཉམས་བཞེས་ཐུབ་པ་ཞིག་ཡོང་བར་ཐུགས་སྐུལ་གསན་འདེབས་ཀྱི་དོད་དུ་ཞུ་འཕྲིན་འབུལ་མཁན་དབྱངས་ཅན་མ་དཔེ་ཤག་གི་འགན་མིང་འཛིན་པའམ་ཕྱག་དེབ་རྩོམ་སྒྲིག་ཞུ་མཁན་གུས་སྒོ་ཡོལ་ནས་ཟླ་ཚེས་བཟང་པོར།
གོང་གི་རྩ་གཉིས་བཤེར་རིས་དེ་གཉིས་བརྒྱུད་ནས་དེབ་དེ་མངག་ཉོ་གནང་ཆོག
༢༠༢༡/༠༨/༢༠
རྩོམ་སྒྲིག་པ། དབང་མོ།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།