མི་རབས་གསུམ་པར་མོལ་བ།
གཅིག
ཉིན་འགའི་སྔོན་དུ་མི་རབས་གསུམ་པའི་གསལ་བསྒྲགས་ཤིག་མཐོང་བྱུང་། དེ་ནི་མཚོ་སྔོན་པོའི་ཉེ་འགྲམ་ནས་མི་རབས་གསུམ་པའི་སྙན་ངག་གི་འདུ་འཛོམས་ཐེངས་ལྔ་བ་འཚོགས་རྒྱུའི་བརྡ་ཐོ་ཞིག་རེད། ད་དུང་མི་རབས་གསུམ་པའི་སྐོར་གྱི་དངོས་བྱུང་འཁྲབ་གཞུང་ཞིག་ཀྱང་སྐབས་དེ་དང་བསྟུན་ནས་བཟོ་འགོད་བྱ་རྒྱུའི་གྲ་སྒྲིག་ཡོད་ཚུལ་ཡང་གསལ། སྙན་ངག་གི་ཁ་རླངས་རྔུབ་མཁན་གྱི་མི་ཚོར་མཚོན་ན་འདི་ཡང་སྒྱུ་རྩལ་གྱི་ལས་རིགས་སྟེང་གི་དབུགས་དབྱུང་ཞིག་ཏུ་བསམ་ནས། ལས་ཞོར་དུ་ཞེན་ཆགས་ཡང་ཡང་ཤོར་བ་ཡང་སྒྱུ་རྩལ་གྱི་བསླུ་བྲིད་ལ་ཟློག་མ་ཐུབ་པའི་རྟགས་མཚན་ཙམ་ཡིན། དེ་ནི་མི་རབས་གསུམ་པའི་བསླུ་བྲིད་ཁོ་ནས་དཀྲིས་པའི་བཟི་ཁ་གང་ཡང་མིན་ན་ཡང་། འུ་ཚང་གི་སྨྱུ་གུ་བརྡར་ཤེས་པའི་ཁྲོད་ཀྱི་གསར་འགྱུར་ཞིག་ཏུ་སྙམ་ནས་རང་ཉིད་དང་ཉེ་བའི་ཚོར་བ་ཞིག་གིས་ཟིན་ཡོད། དེ་ལས་ལྡོག་པའི་གནས་ཚུལ་གཞན་ཞིག་ནི། དེ་རིང་དྲ་ལམ་ནས་མི་རབས་གསུམ་པའི་མི་སྣ་སྐོར་ཞིག་མི་རབས་གསུམ་པའི་མིང་ཡིག་འདི་དང་གྱེས་ཕྱག་ཕུལ་ཟིན་པ་དེ་རེད། དེ་ནི་གོང་གི་གནས་ཚུལ་ལས་བརྒལ་བའི་གློ་བུར་བའི་དོན་རྐྱེན་ལྟ་བུ་ཞིག་ཏུ་མཆིས་པ་པས། སྙན་ངག་ཅེས་པར་དུང་ཞེན་མ་ཆོད་པའི་མི་ཞིག་གི་ཆ་ནས་སྐད་ཆ་རེ་ཟུང་གི་སྨྲ་བབ་ལྷུར་ལེན་པར་འདོད།
གཉིས།
མི་རབས་གསུམ་པ་ཞེས་པའི་སྙན་ངག་པའི་དཔུང་སྡེ་འདི་ཉིད་སྤྱི་ཚོགས་ཀྱི་རྣ་བ་དང་ཉེ་བར་བཅར་ནས་ཕལ་ཆེར་མི་ལོ་བཅུ་ཡང་ཟིན་མེད་པར་སྙམ། དེའི་ཁྲོད་དུ་སྙན་ངག་པའི་མི་རབས་གསུམ་པ་ཞེས་པས་རྩོམ་རིག་གི་དྲ་བ་གཉེར་བ་དང་མི་རབས་གསུམ་པའི་ཚགས་པར་འདོན་པ། མི་རབས་གསུམ་པའི་དཔེ་དེབ་བསྒྲིགས་པ། མི་རབས་གསུམ་པའི་སྙན་ངག་གི་འདུ་འཛོམས་བསྡུ་བ་སོགས་སྒྱུ་རྩལ་གྱི་ཁམས་འདི་ནས་ཆེན་པོ་མིན་ལ་ཆུང་བ་ཡང་མིན་པའི་ས་ཚིགས་ཤིག་བདག་ཏུ་བཟུང་སྟེ་འཕག་འཚག་བརྒྱབ་པའི་ལེའུ་ཞིག་བྱུང་བ་ནི་དངོས་ཡོད་གནས་ཚུལ་རེད། གང་ལྟར་མི་རབས་གསུམ་ཞེས་པ་འུ་བུ་ཅག་གི་མདུན་དུ་བྱུང་ནས་ཉམས་མཚར་ཆེ་བའི་རྗེས་ཤུལ་མི་ཉུང་བ་རེ་ཡོད་ལ། དེ་བས་སྤྱི་ཚོགས་སུ་ངན་སྨོད་དང་རྒོལ་གཏམ་གྱི་སྣང་ཚུལ་གང་འཚམ་རེའི་ཁྲོད་དུ་མི་དཔུང་ཉུང་ཉུང་ཞིག་གིས་མཆིལ་ཞགས་དང་དམའ་འབེབས། འཕྱ་སྨོད་ཉམས་སུ་མྱོང་བཞིན་སྒྱུ་རྩལ་གྱི་གདམ་ག་ཞིག་ཧུར་ཐག་གིས་བསྐྱངས་པར་སྙམ། འུ་ཚང་གི་སྤྱི་ཚོགས་ཆུང་ཆུང་སྟེ་ལྷག་པར་དུ་སྙན་ངག་གི་ཁོར་ཡུག་ཆུང་ཆུང་ནས་མི་རབས་གསུམ་པ་ཞེས་པའི་མིང་ཡིག་འདི་ཡང་སྙན་ངག་ལ་དགའ་བའི་མི་ཚོའི་སེམས་ཁ་དང་བར་ཐག་རིང་མོ་ཞིག་གཏན་ནས་མིན། དེ་ལྟ་བུའི་ཤུགས་རྐྱེན་གྱི་འོག་ནས་མི་རབས་བཞི་བ་ཞེས་པའི་མིང་ཡིག་ཅིག་ཀྱང་ངང་གིས་བྱུང་ཡོད་པར་སྙམ། ཡིན་ནའང། མི་རབས་གསུམ་པ་ནི་འབོལ་རྩོམ་པ་ཆེ་གེ་མོའི་རིགས་སམ། གོམས་གཤིས་ཆེ་གེ་མོ་གཉེར་མཁན་སྐོར་ཞིག དེ་བས་ཀྱང་གཡམ་རྒྱུགས་ལ་དགའ་མཁན་མི་ཉུང་བ་ཞིག་གི་མིག་ལམ་དུ་གཏན་ནས་མི་མཛེས་པར་གྱུར་བ་ཡང་ཤིན་ཏུ་བདེན་ཏེ། ཁོ་ཚོས་མི་རབས་གསུམ་པ་ནི་ངོ་ཚ་མི་ཤེས་མཁན་ཞིག་དང་སྤྱི་ཚོགས་ཀྱི་འགན་ཁུར་མེད་མཁན་ཞིག ཡི་གེའི་རོལ་རྩེད་མཁན་ཞིག་ཏུ་བརྩིས་ཏེ་རྒོལ་རྡུང་ཡང་ཡང་བྱས་པས། སྐབས་ཤེད་དུ་དཔུང་ཁག་འདི་ལས་བྱོལ་བ་ནི་གཟི་བརྗིད་དུ་འདོད་མཁན་ཡང་བྱུང་སྟེ། ང་མི་རབས་གསུམ་པ་ནས་བུད་པ་ཡིན་ཟེར་མཁན་གྱི་མི་དེ་ལྟ་བུ་འཕྲོ་རིམ་འཕྲོར་བྱུང་ཡོད། མི་རབས་གསུམ་པའི་མིང་ཡིག་གི་པགས་པ་འདི་ཉིད་ལས་ཐར་བའི་མི་དེ་ཚོས་ཀྱང་དམིགས་བསལ་གྱི་རང་ལུགས་སམ་རང་ཚིགས་ཡོད་པའི་སྙན་ངག་ཅིག་བྲིས་སོང་སྙམ་པའི་ཚོར་བ་ཞིག་མ་བྱུང་ཡང། མི་དེ་དག་ནི་སྤྱི་ཚོགས་གནོན་ཤུགས་ཕྲ་མོ་ཞིག་ལའང་མགོ་སྒུར་མཁན་གྱི་རང་ལུགས་ཟུར་གསུམ་མ་དེ་དོར་སོང་སྙམ་པའི་ཚོར་བ་བཅོས་མིན་ཞིག་སྔ་མོ་ནས་སྐྱེས་མྱོང་། གང་ལྟར་མི་རབས་གསུམ་པ་ནི་སྙན་ངག་པའི་ལེ་ལག་ཅུང་དམིགས་བསལ་བར་གྱུར་ཀྱང། ཚོགས་པ་འདིར་ཞུགས་མཁན་ཉུང་ལ་ངོ་བསྟོད་བྱེད་མཁན་མང་བ་ལྟ་བུའི་ཆ་མི་འཚལ་བའི་ཡམ་ཡོམ་གྱི་གནས་བབ་ཅིག་ཏུ་འཚོ་སྡོད་བྱེད་དགོས་ཐུག་ཡོད། འདི་ལྟར་མཐར་མི་རབས་གསུམ་པ་ཞེས་པའི་སྙན་ངག་གི་སྦྱོར་བ་ལ་རོལ་བའི་ཚན་ཁག་འདི་ཡང་མི་གྲངས་བཅུ་ཕྲག་ཙམ་ལས་མེད་པའི་གྲུབ་ཆ་ཆུང་བའི་ཚོགས་སྡེ་དམིགས་བསལ་བ་ཞིག་གི་ངོ་བོར་གནས་ཏེ། འདི་ལྟར་འདས་ཤིང་འདི་ལྟར་དེ་རིང་བསུས་པར་སྙམ།
གསུམ།
ད་ལྟ་མི་རབས་གསུམ་པ་འདི་ཉིད་ཅུང་གྲག་འགུལ་ཆུང་བའི་བར་སྐབས་ཤིག་ཏུ་འཁེལ་ཡོད་ལ། ལྷིང་འཇགས་ཀྱི་ཚོགས་སྡེ་འདི་ཡང་བསྐྱར་སྤྱི་ཚོགས་ཀྱི་མདུན་ངོས་ནས་ལྷིང་འཇགས་མ་ཡིན་པ་ཞིག་བྱུང་བ་ནི། མི་རབས་གསུམ་པའི་མི་སྣ་སྐྱབས་ཆེན་བདེ་གྲོལ་དང་མདའ་བཙན་པོ། མཚོ་བུ་དགའ་བདེ། ཨ་རྡོར་སོགས་མི་རབས་གསུམ་པའི་སྣེ་ཁྲིད་ཀྱི་ནུས་པ་ཡོད་པ། ཚབ་མཚོན་གྱི་བརྩམས་ཆོས་ཡོད་པ། དམིགས་བསལ་གྱི་རང་ལུགས། བློས་གཏོང་གི་དགའ་ཕྱོགས་ཡོད་པ་མི་ཉུང་བ་ཞིག་གློ་བུར་དུ་ཁོ་ཚོས་ཡུན་རིང་གཅེས་ཤིང་བསྐྱངས་པའི་མི་རབས་གསུམ་པའི་ཚོ་ཁག་ལས་བུད་ཚར་བའི་གསལ་བསྒྲགས་སྤེལ་བ་འདི་ཉིད་རེད། གསལ་བསྒྲགས་འདི་ཉིད་བདག་གིས་གཟི་བརྗིད་ཅིག་ཏུ་སྔར་བཞིན་དུས་ནམ་ཡང་བསམ་དུ་མེད་མོད། འདི་ཡང་རྒྱུ་རྐྱེན་མང་པོ་ཞིག་ཡོད་སྲིད་པས། བདག་གིས་མྱ་ངན་གྱིས་དབུགས་རིང་འབྱིན་པར་ཡང་མི་འདོད། དེ་ནི་ཕྱིར་འབུད་བྱས་པའི་མི་དེ་དག་སྙན་ངག་གི་སྒམ་ཚིགས་ཡོད་པ་ཤ་སྟག་ཏུ་འདུག་པས། ཁོ་ཚོ་མི་རབས་གསུམ་པའི་མིང་ཡིག་ནས་བུད་པ་ཙམ་ལས་ཀློག་པ་པོའི་མིག་མདུན་ནས་བུད་པ་ཞིག་མིིན་པར་སྙམ། སྤྱིར་ན་འུ་ཚོ་འགོ་འཛུགས་རྒྱུར་དགའ་བ་དང་མཇུག་སྐྱོང་རྒྱུར་མི་དགའ་བའི་གཤིས་ཤིག་ཡོད་པར་མ་ཟད། དོན་དངོས་སུ་ང་ཚོའི་མཐུན་སྒྲིལ་གྱི་ནུས་པ་ཡང་ནང་ནས་ཞིག་པ་ལས་ཕྱི་ནས་བཤིག་པ་མིན་པའི་ལྐོག་གྱུར་གྱི་བརྡ་སྐད་ཅིག་ཀྱང་མངོན་སུམ་གྱི་ཞེ་ཁ་དང་ཉེ་བར་གྱུར་སོང་། འདི་ཡང་ཤེས་ཡོན་པའི་སྡེ་ལ་བཞག་པའི་དྲན་སྐུལ་གསར་བ་ཞིག་ཡིན་པར་འདོད། ཕྱིས་སུ་མི་རབས་གསུམ་པ་རྒྱུན་འཁྱོངས་བྱེད་མཁན་གྱི་དཔུང་སྡེ་གསར་བ་ནི་ད་ལྟའི་མི་རབས་གསུམ་པ་དང་མི་འདྲ་བའི་ཧེ་བག་ཅིག་སྲིད་ཡོད་པས། གལ་སྲིད་མི་རབས་གསུམ་པ་ཕྱི་མ་འདི་ཡིས་མུ་མཐུད་དུ་མི་རབས་གསུམ་པའི་མིང་ཡིག་བདག་སྐྱོང་བྱ་ཚེ། བདག་གིས་ནི་མི་རབས་གསུམ་པ་སྔ་མ་དང་མི་རབས་གསུམ་པ་ཕྱི་མ་ཞེས་པའི་བར་བརྒལ་གྱི་དཀྱོགས་མཚམས་ཤིག་ཏུ་ངོས་འཛིན་པར་འདོད། དེ་ནི་ཁོ་ཚོའི་བརྩམས་ཆོས་དང་ཁ་ཕྱོགས་མང་པོ་ཞིག་གི་ཆ་ནས་འདི་ལྟར་འཇོག་འོས་པར་སྙམ། འདི་ཡང་བོད་མི་རིགས་ཀྱི་སྙན་ངག་གི་དཀྱོགས་མཚམས་སུ་བགྲང་སྟེ་བཞག་པ་ཞིག་མིན་ལ། ཚོགས་སྡེ་འདི་ཉིད་ཀྱི་དར་རྒུད་དམ་འཕེལ་འགྱུར་གྱི་ཆ་ནས་བཞག་པ་ཞིག་ཡིན། མི་རབས་གསུམ་པའི་ད་ལྟའི་གནས་བབ་ལ་གཞིགས་ཏེ། མི་དཀྱུས་མ་ཞིག་གིས་སྙན་ངག་ལ་བཅངས་པའི་ཞེན་ངོ་མ་ཟློག་པར་ཤོར་བའི་རང་གི་འདོད་ཚུལ་ཙམ་རང་དབང་གི་སྨྲ་བ་དང་དུ་བླང་བ་ཙམ་དུ་ཟད།
བཞི།
སྐབས་སྐབས་སུ་སྙན་ངག་པས་བདེན་པ་ཁྱད་དུ་བསད་དེ་གཡོ་ཐབས་ཀྱིས་ཀློག་པ་པོའི་མདུན་དུ་འཕྲུལ་སྣང་གི་དར་ཡུག་མང་པོ་འཕྱར་བའི་གནས་ཚུལ་ཡང་བྱུང་མྱོང་བས། ད་ལྟའི་གསལ་བསྒྲགས་འདི་ཉིད་ཀྱང་ཀློག་པ་པོ་བཟི་བྱེད་ཀྱི་སྦྲིད་ཆང་དེ་མིན་པར་སྙམ་ནས་སེམས་ཁྲལ་ཞིག་ཁོང་དུ་སྦས་ཏེ་སྤེལ་བའོ།།
༢༠༡༡ ༦ ༢༢ ལ་བྲིས།
རྩོམ་ཁུངས། དགེ་ཆོས་དྲ་བ།