མི་རབས་གསུམ་པས་འགན་འཁྲི་མེད་པའི་བྱ་སྤྱོད་མ་སྤེལ་རོགས།
༼ཐོག་མར་མིར་བས་གསུམ་པའི་བསྒྲགས་གཏམ་ལས་རྩ་དོན་གལ་ཆེན་མཐོང་བ་འགའ་གཅེས་བཏུས་བྱས་ཡོད་པར་གཟིགས་རོགས༽
༡ ཚོགས་མི་སོ་སོས་བརྗོད་བྱ་གསར་ཞིང་མཚོན་ཐབས་མི་འདྲ་བའི་སྙན་ངག་ཇི་སྙེད་བྲིས་ཏེ་ཚོགས་པ་འདིའི་རྣམ་པ་ངོ་མ་གྲུབ་ཐབས་བྱེད་ཀྱིན་ཡོད། །
༢ མི་རབས་གསུམ་པས་བོད་ཀྱི་དེ་སྔའི་སྙན་ངག་རྩོམ་ཐབས་མི་འདྲ་བ་གསུམ་ སྟེ།མེ་ལོང་མའི་ལུགས་དང་།དོན་གྲུབ་རྒྱལ་རང་གྲོལ་གྱི་ལུགས།འཇུ་སྐལ་བཟང་གི་ལུགས་བཅས་དང་གྱེས་ཕྱག་འཚལ་ནས་ཡོད། །
༣ མི་རབས་གསུམ་པ་ནི་སྙན་ངག་གི་ལྟ་བ་དང་ཐབས་རྩལ་གང་གི་ཆ་ནས་ཀྱང་དད་ཡུལ་ཞེན་ཡུལ་ངེས་གཏན་མེད་པའི་མི་རབས་ཤིག་དང་། འཐོབ་འོས་པའི་རྩོམ་སྟེགས་ཀྱི་གོ་ས་གཞན་ལ་མི་སྟེར་བའི་མི་རབས་ཤིག དོན་གྲུབ་རྒྱལ་རང་གྲོལ་དང་འཇུ་སྐལ་བཟང་སོགས་ཀྱི་གྲིབ་མའི་འོག་ནས་ངལ་གསོ་རྒྱག་པར་མི་སྤྲོ་བའི་མི་རབས་ཤིག་ཡིན། །
༤ མི་རབས་གསུམ་པ་ནི་སྙན་ངག་པ་དང་སྲོལ་རྒྱུན་གྱི་དོན་སྙིང་འོག་གི“མཁས་པ”གཉིས་སོ་སོར་དགར་མཁས་པའི་མི་རབས་ཤིག་ཡིན།
༥ ཁུ་སིམ་དང་། བླ་འཁྱམས་ཡིད་མྱོས། མགོ་རྟིང་སློག་པ། དུས་ཡུལ་བསྣོལ་བ། ངོ་ལོག་བྱེད་པ་བཅས་ལ་བསྟོད་གླུ་ལེན་བཞིན་དུས་ལས་འདས་པའི་མཁོ་མེད་རུལ་སུངས་ ཀྱི་སྲོལ་རྒྱུན་རིག་གནས་དང་རྩོམ་རིག་སྒྱུ་རྩལ་ལ་འབྲེལ་ཐག་གཙང་བཅད་བྱས་ཏེ་ རང་ཉིད་སྙན་ངག་གི་ལྟོས་མེད་ཀྱི་ཁྲོད་དུ་འཚོ་བ་རོལ་རྒྱུ་ཡིན་ཞེས་སྒྲོགས་ རྒྱུ་ཡིན
༦ ང་ཚོ་ནི་པདྨར་ཆགས་པའི་བུང་བ་དེ་མིན། ང་ཚོ་ནི་མཛེས་མར་སྐེད་པ་ཡོད་མེད་ལ་དཔྱད་མཁན་དེ་མིན། ང་ཚོ་ནི་“རྒྱུགས་ཤིག”དང་“མཆོངས་ཤིག”ཟེར་མཁན་དེའང་མིན། ང་ཚོ་ནི་“མེ་ལོང་མའི་”དཔེ་མཚམས་གཅོད་བྱེད་དུ་བཞག་པའི་ཕྱེ་མ་ལེབ་ཤི་བོ་དེའང་ མིན་ནོ། །
སྙན་ངག་གི་མི་རབས་གསུམ་པའི་ལངས་ཕྱོགས་བོར་སོང་ན། སྙན་ངག་གི་མི་རབས་གསུམ་པའི་མིང་དེ་གཞན་ལ་མ་བཙོང་རོགས། སྙན་ངག་གི་མི་རབས་གསུམ་པ་དེ་སྙན་ངག་པའི་བརྩམས་ཆོས་དང་སྙན་ངག་པས་སྙན་ངག་ལ་བཟུང་བའི་རྣམ་འགྱུར་གྱིས་བདག་དབང་བྱ་དགོས་པ་ལས། སྙན་ངག་གི་མི་རབས་གསུམ་པ་དེ་མིང་སྟོང་བ་ཞིག་གི་འོག་ནས་སྙན་ངག་པ་གང་བྱུང་གིས་བདག་འཛིན་བྱ་རྒྱུའི་ཐོབ་ཐང་གཏན་ནས་མེད་ལ་སྙན་ངག་གི་མི་རབས་གསུམ་པ་ཞེས་པའི་ཐ་སྙད་དང་དེའི་མཚོན་དོན་རྩེད་ཆས་ཤིག་གཏན་ནས་མ་ཡིན། མཚོན་གཞི་བརྗེ་བསྒྱུར་བྱ་ཆོག་པ་ཞིག་ཀྱང་མ་ཡིན་པས། ཨུ་ཚུགས་ཀྱིས་ཡར་འཛུལ་མཁན་ཚོས་རང་ཉིད་ལ་མི་རབས་གསུམ་པའི་སྙན་ངག་ལ་འཛིན་པའི་རྣམ་འགྱུར་དང་སྙན་ངག་གི་མི་རབས་གསུམ་པ་ཞེས་པའི་མིང་ཚིགའདིའི་ཤུགས་སུ་བསྟན་པའི་སྙན་ངག་གི་རྩ་དོན་ལངས་ཕྱོགས་ཤིག་ཡོད་མེད་ལ་མནོ་བསམ་རེ་གཏོང་རོགས་ཞུ་རྒྱུ་དང་། ཡང་སྙན་ངག་གི་མི་རབས་གསུམ་པ་ཞེས་པའི་ཐོག་མའི་ཚབ་མཚོན་་མི་སྣ་དེ་ཚོས་ཀྱང་ཀུ་རེ་ཐེངས་གཅིག་རྩེེད་པ་བཞིན་འགན་འཁྲི་མེད་པའི་ཀུན་སྤྱོད་དེ་དོར་རོགས་ཞུ་རྒྱུ་ཡིན། འདི་ནི་སྒེར་གྱི་སྡང་སྡུག་ཙམ་མ་ཡིན་པར་འདི་ནི་རིག་གནས་ཤིག་གི་འཕེལ་རིམ་དང་དཀྱོགས་མཚམས་ལ་ངོས་འཛིན་སྟངས་ཤིག་རེད།
༡ སྙན་ངག་གི་མི་རབས་གསུམ་པའི་བྱུང་བ།
མི་རབས་གསུམ་པ་དེ་མི་ཁ་དང་འཕྱ་སྨོད་ཀྱི་ཁྲོད་ནས་དབུ་བརྙེས་པ་དང་མི་ཁ་དང་འཕྱ་སྨོད་ཀྱི་བར་ནས་ཧུར་བརྩོན་གྱིས་བསྒྲགས་གཏམ་དེ་དག་དང་གཏན་ནས་མ་བྲལ་བར་མདུན་དུ་བསྐྱོད་བཞིན་པའི་སྐབས་འདིར་མི་རབས་གསུམ་པའི་སྲ་ཞིང་རྣོ་བའི་ལྟ་བ་དང་ལངས་ཕྱོགས་ཀྱང་ག་ལེར་འཁྱགས་པ་ཉི་མས་བཞུས་པ་ལྟར་བཞུ་འགྲོ་གིན་འདུག ང་རང་ཐོག་མར་མི་རབས་གསུམ་པར་ཞུགས་པའི་སྐབས་དེར་མི་རབས་གསུམ་པའི་ནང་དུ་ཚད་མཐོ་ཞིང་བཀུར་བར་འོས་པའི་སྙན་ངག་པ་ཡོད་མེད་གང་ལྟར་རུང་སྙན་ངག་པ་དེ་དག་གིས་ང་ཚོ་ནི་པདྨར་ཆགས་པའི་བུང་བ་དེ་མིན། ང་ཚོ་ནི་མཛེས་མར་སྐེད་པ་ཡོད་མེད་ལ་དཔྱད་མཁན་དེ་མིན། ང་ཚོ་ནི་“རྒྱུགས་ཤིག”དང་“མཆོངས་ཤིག”ཟེར་མཁན་དེའང་མིན། ང་ཚོ་ནི་“མེ་ལོང་མའི་”དཔེ་མཚམས་གཅོད་བྱེད་དུ་བཞག་པའི་ཕྱེ་མ་ལེབ་ཤི་བོ་དེའང་མིན་ནོ་ཞེས་པའི་བསྒྲགས་གཏམ་སྤེལ་ཏེ། རང་ཚུགས་ཡོད་པ་དང་སྙན་ངག་ལ་འཛིན་པའི་རྣམ་འགྱུར་ཐད་ནས་དཀའ་ལས་རྒྱག་ཐུབ་མཁན། སྤྱི་ཚོགས་ཀྱི་མི་ཁར་གདོང་ལེན་བྱ་ཕོད་ཅིང་། སྣེ་མང་རྙོག་འཛིང་གི་བཤད་ཡམས་ལ་རང་ཚུགས་ཀྱིས་ཞི་འཇོག་གཏོང་ཤེས་པའི་གཞོན་སྐྱེས་རྣམ་དཔྱོད་ཅན་ཁ་ཤས་ཤིག་གིས་གྲུབ་པའི་སྙན་ངག་གི་མི་རབས་གསུམ་པ་ཞིག་ཡིན་པས་ཡིན་ལ། ཁོང་ཚོའི་སྙན་ཚིག་གི་ཁྲོད་དུ་གཞོན་སྐྱེས་མི་རབས་ཤིག་གི་ཁྲག་རྩ་འཕྱུར་ཞིང་། མི་རབས་གསར་བ་ཁྱུ་ཞིག་གིས་སྙན་ངག་གི་བཀུར་བསྟི་དང་སྙན་ངག་ལ་འཛིན་པའི་རྣམ་འགྱུར་སོགས་ཀྱི་ཐད་ནས་སྙིང་གསོན་པོ་འཕར་ལྡིང་བྱེད་པ་མཚོན་ཐུབ། མི་རབས་གསུམ་པའི་ཁྲོད་དུ་མི་རབས་གསུམ་པའི་ཚོགས་མིར་གྱུར་བར་ཕ་མ་དང་བཟའ་ཟླའི་ངོ་རྒོལ་གྱི་མནར་གཅོད་མྱོང་མཁན་རྒྱལ་སྲས་སྐྱོ་གདུང་མཁན་ཡོད་ལ།མི་རབས་གསུམ་པའི་ཚོགས་མིའི་ཁྲོད་དུ་རང་ཉིད་སྡོད་སའི་མི་སྡེ་སྤྱི་ཚོགས་ཀྱིས་ཁེར་རྐྱང་དུ་ཕུད་པའི་རྒྱལ་སྲས་སུན་སྣང་ཅན་ཡང་ཡོད། ད་དུང་མི་རབས་གསུམ་པའི་ཁྲོད་དུ་སྟོབས་ལྡན་པའི་མིག་ནང་གི་ཚེར་མར་གྱུར་བའི་རྒྱལ་སྲས་ཉེས་ཅན་པ་ཡང་ཡོད། ཡིན་ན་ཡང་མི་རབས་གསུམ་པར་བསྟོད་བསྔགས་རྐྱང་རྐྱང་གི་ཆོ་ལོ་མི་དགོས་ལ་མི་རབས་གསུམ་པས་སྡང་མིག་སྡུག་སྨྲེ་ལ་ཞེ་མེར་མི་སྐྱེས། མི་རབས་གསུམ་པས་མཐོ་དམའ་མཐའ་མགོ་ཡི་སྣང་ཚུལ་མི་དབྱེ་ལ་མི་རབས་གསུམ་པར་སྐྱིད་སྡུག་འདྲེས་མ་ཡི་རྣམ་ཐར་ཡོད་་པ་སོགས་མདོར་ན་མི་རབས་གསུམ་པས་བོད་ཀྱི་སྙན་ངག་གི་བཀག་རྒྱ་གཏོར་ནས་སྙན་ངག་གི་ལམ་བུ་རྒྱ་ཆེན་པོར་བཏང་ཡོད། མི་རབས་གསུམ་པས་བོད་ཀྱི་སྙན་ངག་པའི་ལོ་རབས་དང་དཀྱོགས་མཚམས་ཤིག་མཚོན་ཡོད་ལ། མི་རབས་གསུམ་པས་དུས་རབས་ཤིག་དང་མི་རབས་ཤིག་གིས་སྙན་ངག་ལ་བཟུང་བའི་ལྟ་ཚུལ་གྱི་ཕུགས་རྒྱང་མཚོན་ཡོད། འདི་ནི་ང་ཡིས་མི་རབས་གསུམ་པ་ཤེས་པའི་རྒྱུད་རིམ་ཡིན་ལ་འདི་ནི་ང་རང་མི་རབས་གསུམ་པར་ཞུགས་པའི་དམིགས་ཡུལ་ཡང་ཡིན།
སྙན་ངག་གི་མི་རབས་གསུམ་པ་ནི་སྙན་ངག་གི་མི་རབས་གསུམ་པའི་སྙན་ངག་གི་སྡེ་འདི་ཡི་བསྒྲགས་གཏམ་ལས་བཀུར་པའི་སྙན་ངག་གི་སྒྲིག་འཛུགས་ཤིག་རེད། སྒྲིག་འཛུགས་དེ་ནི་སྙན་ངག་ལ་རྣམ་འགྱུར་འཛིན་སྟངས་དང་སྙན་ངག་གི་རྩ་འཛིན་ལངས་ཕྱོགས་གཅིག་པའི་སྟག་ཤར་འགས་གཙོ་སྒྲུབ་བྱས་པ་རེད་ལ། སྙན་ངག་གི་མི་རབས་གསུམ་པ་ནི་ཆབ་སྲིད་ཚོགས་པ་ཞིག་མིན་པས་འདིར་དབང་ཆ་འཐབ་རྩོད་དང་སུ་ལ་འཇོན་ཐང་ཡོད་ན་དེ་ཡིས་བདག་འཛིན་བྱ་རྒྱུ་ཞིག་མ་རེད། དེ་ནི་སྙན་ངག་པའི་སྡེ་འདི་ཡི་བསྒྲགས་གཏམ་དང་རྣམ་པ་ཐ་མ་དད་པའི་སྙན་ངག་ལ་རྣམ་འགྱུར་འཛིན་སྟངས་དང་སྙན་ངག་གི་རྩ་འཛིན་ལངས་ཕྱོགས་ཐད་ནས་བོད་ཀྱི་སྙན་ངག་གི་མི་རབས་ཁྲོད་ནས་སྙན་ངག་གི་མི་རབས་གསུམ་པ་ཞིང་བྱུང་བ་དེ་ཡིན།
༢ མི་རབས་གསུམ་པ་སུ་ལ་དབང་ངམ།
དེ་རིང་གསར་འགྱུར་རྒྱུད་ལམ་ཁག་དང་ལྷག་དོན་མི་རབས་གསུམ་པ་རྣམས་ཀྱི་ངག་ལས་གོ་བ་ལྟར་ན། མི་རབས་གསུམ་པའི་ནང་དུ་གཅན་མེ་སྟག་ལ་སོགས་པ་ཡར་ཞུགས་ཏེ་སྔོན་གྱི་མི་རབས་གསུམ་པའི་སྙན་ངག་གི་རྩ་འཛིན་བསྒྲགས་གཏམ་སྤེལ་མཁན་དང་བོད་ཀྱི་སྙན་ངག་གི་མི་རབས་གསུམ་པའི་ཚབ་མཚོན་མི་སྣ་ཁྱུ་གཅིག་ཕྱི་ལ་བུད་པ་རེད་ཟེར། ད་དུང་གྲོགས་པོའི་འདུ་ཤེས་སྔར་བཞིན་རེད་ཟེར། ལོས་ཡིན་ཏེ་རིག་གནས་ཁོར་ཡུག་གི་བགྲོ་གླེང་སྐབས་སུ་ལྟ་ཚུལ་མ་མཐུན་པ་དང་རྣམ་འགྱུར་འཛིན་སྟངས་མ་འདྲ་བ་དེ་ཡིས་མི་སྒེར་གྱི་མཛའ་མཐུན་ལ་གནོད་པར་མི་འགྱུར་བ་ནི་རིག་གནས་ཁོར་ཡུག་གི་མི་བུ་ཚོའི་མ་མཐའི་ཀུན་སྤྱོད་ཅིག་རེད། ཡིན་ན་ཡང་མི་རབས་གསུམ་པའི་བགྲོ་གླེང་ཚོགས་འདུ་སྐབས་སུ་ལྟ་ཚུལ་མ་མཐུན་པར་ཡར་འཛུལ་མར་འབུད་བྱེད་པ་ནི་ཇི་འདྲའི་རྒོད་བྲོ་བ་ཞིག་རེད་ཨང་། དེ་ནི་ཨང་རྩིས་ནང་བཞིན་རྙོག་འཛིང་ཅན་ཞིག་གཏན་ནས་མ་རེད་ལ། དེ་ནི་མི་རབས་གསུམ་པའི་སྙན་ངག་ལ་འཛིན་པའི་རྣམ་འགྱུར་དང་སྙན་ངག་གི་རྩ་འཛིན་ལངས་ཕྱོགས་སོགས་ལ་འགྱུར་བ་གཏོང་ཆོག་པའི་རྩེད་མོ་ཞིག་ཀྱང་གཏན་ནས་མ་རེད། མི་རབས་གསུམ་པའི་རྒྱུད་རིམ་དང་ལྷག་པར་དུ་བོད་ཀྱི་སྙན་ངག་གི་མི་རབས་གསུམ་པ་ནི་སྙན་ངག་ལ་བཟུང་བའི་རྣམ་འགྱུར་དང་སྙན་ངག་གི་སྤྱོད་སྒོ་དང་ལོངས་སྤྱོད་ཀྱི་རྩ་འཛིན་ལངས་ཕྱོགས་གཞི་ལ་འཇོག་དགོས་པ་དང་དེ་གཞི་ལ་བཞག་པའི་སྒྲིག་འཛུགས་དེ་ལ་སྙན་ངག་གི་མི་རབས་གསུམ་པ་ཞེས་འབོད་ཆོག་གིན་ཡོད། སྐབས་འདི་དང་བསྟུན་ནས་རྒན་མེ་སྟག་ལགས་ཁྱེད་རང་སྙན་ངག་གི་ལམ་བུ་རྒྱུད་པའི་རྨུ་ཐག་ཇི་ལྟར་རིང་ཡང་། ཁྱེད་ཀྱི་སྙན་ངག་ལ་བཟུང་བའི་རྣམ་འགྱུར་གང་འདྲ་བཟང་ཡང་། ཁྱེད་ཀྱི་སྙན་ངག་ལ་བཅོལ་བའི་བརྩེ་དུང་ཇི་འདྲ་ཟབ་ཀྱང་། ཁྱེད་ཀྱི་སྙན་ངག་གི་བླ་སྲོག་ཅི་ཙམ་བརྗིད་ཀྱང་། ཁྱེད་ཉིད་ཀྱིས། སྙན་ངག་ལ་བཟུང་བའི་རྣམ་འགྱུར་དང་མི་རབས་གསུམ་པའི་སྙན་ངག་གི་བསྒྲགས་གཏམ་ལས་བཀུག་པའི་རྩ་འཛིན་ལངས་ཕྱོགས་སོགས་ཀྱི་བར་དུ་ཁྱེད་ཀྱི་གཟུགས་བརྙན་བརྗིད་པོ་དེ་གཏན་ནས་རྙེད་ཐབས་མེད། དེ་ནི་ངས་ཁྱེད་ཉིད་ལ་མཐོང་ཆེན་བྱེད་པ་མིན་ལ་མཐོང་ཆུང་བྱེད་པ་ཡང་མིན། དེ་ནི་ཁྱེད་དང་མི་རབས་གསུམ་པ་ཞེས་པའི་བརྡ་ཚིག་གི་གོ་དོན་དང་དེའི་བསྟན་དོན་ལ་སོགས་པར་འབྲེལ་བ་གཏན་ནས་ཆགས་ཐུབ་ཀྱིན་མེད་པས་ཡིན། བོད་ཀྱི་རྩོམ་སྟེགས་སྟེང་ནས་མ་རྒས་མ་སོང་བར་རྒས་རྒྱུ་མེད་པའི་སྙན་ངག་པ་ཁྱེད་དང་ཁྱེད་ཀྱི་སྙན་ངག་ལ་ངས་སྔར་ནས་བཟུང་བཀུར་གྱིན་ཡོད་ལ་ཁྱེད་ལ་ཁྱེད་ཀྱི་གཤིས་ཀ་དང་རྣམ་ཐར་ཞིག་ཡོད་ལ་ད་དུང་ཡང་དེ་ལྟར་ཡིན། ཡིན་ན་ཡང་ཁྱེད་རང་མི་རབས་གསུམ་པ་དང་འབྲེལ་བ་མི་ཆགས་དོན་ནི་མི་རབས་གསུམ་པའི་སྙན་ངག་གི་ཚད་གཞི་མཐོ་དྲག་པས་མ་རེད་ལ་རྒན་ལགས་ཀྱི་སྙན་ངག་ཚད་མཐོ་བས་ཀྱང་མ་རེད། རྒན་ལགས་ཁྱེད་ཉིད་ཀྱི་སྙན་ངག་ལ་འབྲི་ཐབས་དང་མཚོན་དོན་སོགས་ཁྱེད་རང་ཉིད་ཀྱི་ཁྱད་ཆོས་ཡོད། དེ་ལྟར་རུང་སྙན་ངག་གི་མི་རབས་གསུམ་པས་སྙན་ངག་ལ་བཟུང་བའི་ས་བཅད་དང་སྙན་ངག་ལ་བཟུང་བའི་རྣམ་འགྱུར་དེ་ཁྱེད་དང་ཧ་ཅང་གིས་ཐ་དད་པས་ཡིན། དེ་བས་རྒན་ལགས་ཀྱིས་ཨུ་ཚུགས་དོར་ནས། མི་རབས་གསུམ་པ་ལ་མི་རབས་གསུམ་པའི་བརྡ་རྟགས་དེ་སྤྲོད་རོགས།
སྐྱབས་ཆེན་བདེ་གྲོལ་དང་། མཚོ་བུ་དགའ་བདེ། ལྡོང་བུ། རྨོག་རུ་ཤེས་རབ་རྡོ་རྗེ། ཨ་རྡོར། བསྒྲལ་རྡོ་ཁྱེད་ཅག་གིས་ཐོག་མར་མི་རབས་གསུམ་པའི་སྙན་ངག་ལ་འཛིན་པའི་རྣམ་འགྱུར་དང་སྙན་ངག་གི་མི་རབས་གསུམ་པའི་སྙན་ངག་གི་རྩ་དོན་ལངས་ཕྱོགས་སོགས་ཀྱི་བསྒྲགས་གཏམ་སྤེལ་ཏེ་སྙན་ངག་གི་སྒྲིག་འཛུགས་དེ་སྲ་བརྟན་དུ་བཏང་བ་མ་ཡིན་ནམ། གལ་ཏེ་དེ་རིང་ཁྱེད་ཅག་སུ་དང་སུ་ཡིན་ཡང་རྒྱུ་རྐྱེན་གཞན་ཞིག་གི་དབང་གིས་མི་རབས་གསུམ་པ་ལས་བུད་པ་ཡིན་ན། ང་ལ་ཐག་གཅོད་ཀྱི་རྟིང་ཐག་གཅོད་པའི་ཁེ་དབང་དེ་མེད་ཀྱང་། ཁྱེད་ཚོས་མི་རབས་གསུམ་པའི་མིང་དང་གོ་བ་གཞན་ལ་བཙོང་བ་ལྟ་བུས་སྙན་ངག་གི་མི་རབས་གསུམ་པ་ཞེས་པའི་སྙན་ངག་གི་སྒྲིག་འཛུགས་འདི་ཡིས་སྙན་ངག་ལ་བཟུང་བའི་རྣམ་འགྱུར་དང་རྩ་དོན་ལངས་ཕྱོགས་ལ་ཁ་ཡ་མེད་པར་བསྐྱོད་པ་ནི་ཇི་འདྲའི་འགན་མེད་པའི་ལས་དོན་ཞིག་རེད་ཨང་། གཅིག་བྱེད་ན་ཁྱེད་ཚོས་དཀྱེལ་ཡངས་ཆེན་པོས་བློས་གཏོང་བྱེད་པའམ་ཡང་ན་ཁྱེད་ཚོས་བློ་ཁོག་ཆེན་པོའི་བྲང་གཞུང་གཞན་ལ་སྐོར་བ་ཡིན་སྲིད་མོད། ཡིན་ན་ཡང་ཁྱེད་ཅག་གི་བྱེད་སྤྱོད་ནི་བདེན་དོན་ཞིག་གཞན་ལ་བཙོང་བའི་འགན་འཁྲི་མེད་པའི་བྱ་སྤྱོད་ཐ་ཤལ་ཞིག་རེད་དོ།
མི་རབས་གསུམ་པ་ནི་སྙན་ངག་གི་ཁ་གྲངས་མང་མཁན་དང་སྙན་ངག་གི་ཚིག་རིས་མཛེས་པོ། སྙན་ངག་གི་ཀློག་མཁན་མང་པོ་དང་སྙན་ངག་ལ་བརྩེ་དུང་ཟབ་པ་ཙམ་གྱི་མི་སུ་དང་གང་ཞིག་ལ་མི་དབང་བ་མ་ཟད། སྙན་ངག་གི་མི་རབས་གསུམ་པ་ཞེས་པའི་མིང་དེ་ནི། སྙན་ངག་གི་མི་རབས་གོང་མ་སུ་དང་མ་འབྲེལ་ཞིང་སྙན་ངག་གི་སྤྱོད་སྒོ་དང་སྙན་ངག་གི་བཀག་རྒྱ། སྙན་ངག་གི་མཚོན་དོན་དང་སྙན་ངག་གི་ཁ་ཕྱོགས ཐ་ན་སྙན་ངག་ལ་འཛིན་པའི་རྣམ་འགྱུར་སོགས་དུས་རབས་འདི་ཡི་མི་རབས་འདིའི་ཁྲོད་ཀྱི་སྙན་ངག་པ་ཁ་ཤས་ཀྱིས་རྩ་དོན་ག་གེ་མོ་ཞིག་ལ་ངོས་འཛིན་གྱིས་བཙུགས་པའི་སྙན་ངག་གི་སྒྲིག་འཛུགས་དེ་ཁོ་ན་ལ་དབང་ངོ། དེའི་རྐྱེན་གྱིས་ཁྱེད་ཚོས་རིག་གནས་ཤིག་གི་དཀྱོགས་མཚམས་དང་འཕེལ་རིམ་ལ་སོགས་པར་འགན་གང་ཡང་མི་ལེན་ཡང་། མ་མཐར་ཡང་ཁྱེད་ཚོས་མིང་དེ་ཇི་ལྟར་བཏགས་པ་དང་མིང་དེའི་རྩ་འཛིན་ག་རེ་ཡིན་མིན་ལ་བརྩི་བཀུར་བྱ་དགོས་པར་འདོད་ཀྱིན་ཡོད།
དེ་བཞིན་སྙན་ངག་གི་མི་རབས་གསུམ་པར་ཞུགས་འདོད་མཁན་ཡོད་ན་ཐོག་མར་སྙན་ངག་གི་མི་རབས་གསུམ་པ་ཞེས་པའིབསྒྲགས་གཏམ་འདུས་པའི་་སྒྲིག་འཛུགས་འདི་ཡི་རྩ་དོན་དང་ལངས་ཕྱོགས་ལ་ངེས་པར་དུ་གུས་བཀུར་དང་སྲུང་སྐྱོབས་བྱ་བའི་ལས་འགན་ལྕི་བོ་ཞིག་ཡོད་པར་འདོད། དེའི་རྐྱེན་གྱིས། སྔོན་མི་རབས་གསུམ་པའི་སྙན་ངག་ལ་བཟུང་བའི་རྣམ་འགྱུར་གྱིས་རྩོམ་པ་པོ་མང་པོ ཞིག་ལ་ཕོག་ཐུག་བཟོས་ཏེ་སྤྱི་ཚོགས་ཀྱི་ཟ་ཟུར་མང་པོ་ནས་རྒན་པ་ཚོས་འཕྱ་སྨོད་བྱེད་དུས་དང་ན་གཞོན་ཚོས་ཁྲེལ་རྒོད་བྱེད་སྐབས་ཏེ། མི་རབས་གསུམ་པ་འདམ་ནང་ལ་གཡུག་ཅིང་མི་རབས་གསུམ་པ་ཕྲུ་གུ་དམར་རྗེན་ལྟ་བུའི་ངོས་འཛིན་བྱ་སྐབས་དེ་ལ། རྒན་པོ་བསམ་ཤེས་ཡིན་པའི་རྣམ་འགྱུར་གྱིས་ཁུ་སུམ་སུམ་སྡོད་མཁན་གྱི་རྒན་མེ་སྟག་ལགས་ཁྱེད་ཉིད་ཡིན་ཡང་གལ་ཏེ་རང་གི་བརྩམས་ཆོས་དང་སྙན་ངག་ལ་འཛིན་པའི་རྣམ་འགྱུར་དེ་མི་རབས་གསུམ་པའི་བསྒྲགས་གཏམ་དང་འདྲ་མཚུངས་ཤིག་ཏུ་མཐོང་གིན་ཡོད་ན་དཀའ་སྡུག་གི་ལོ་ཟླ་དེ་ལ་སྙན་ངག་གི་མི་རབས་གསུམ་པར་མི་ཞུགས་དོན་ཅི་ཞིག་གི་ཕྱིར་དུ་ཡིན་ནམ། གལ་ཏེ་ཁྱེད་ཀྱིས་རང་ཉིད་ཀྱང་ངེས་པར་དུ་སྙན་ངག་གི་ལོ་རྒྱུས་ནང་དུ་དཀྱོགས་མཚམས་གང་ཞིག་གི་མི་རབས་ལ་འགྱུར་དགོས་པར་འདོད་ན། ངས་ནི་རྒན་ལགས་ཁྱེད་ཉིད་མི་རབས་ཚང་མའི་བར་གྱི་འབྲེལ་ཐག་ལྟ་བུའི་བོད་ཀྱི་སྙན་ངག་པ་ཡག་པོ་ཞིག་ལ་ངོས་འཛིན་བྱ་བ་ལས། ཁྱེད་ཉིད་སྙན་ངག་གི་མི་རབས་གསུམ་པ་དང་འབྲེལ་བ་གཏན་ནས་མི་འདུག་ཅེས་བརྗོད་རྒྱུ་ཡིན།
ཡང་ང་ཚོས་མི་གཞི་ཡི་ཆ་ནས་བཤད་ཀྱང་དཀའ་སྡུག་གི་ངལ་རྩོལ་གཞན་གྱིས་བྱེད་རྗེས་འབྲས་བུ་རང་གིས་བཟའ་རྒྱུ་ཡིན་ཟེར་ན་དེ་ཡང་མིའི་མ་མཐའི་ཀུན་སྤྱོད་ལ་ལྟོས་ནས་བཤད་ན་འཚམ་པོ་ཞིག་ཁྱོན་ནས་མི་འདུག ཡིན་ན་ཡང་ངས་རྒན་ལགས་ཀྱི་ཀུན་སློང་ལ་སྐྱོན་བརྗོད་བྱེད་ཀྱིན་མེད་ཀྱང་བྱེད་སྟངས་དང་རྣམ་འགྱུར་དེ་ཡིས་བསྟན་ཡོང་བ་དེ་འདྲ་རང་ཞིག་རེད་འདུག་སྟེ། རྒྱུ་མཚན་ངས་མི་རབས་གསུམ་པའི་སྙན་ངག་པ་རྣམས་མི་རབས་གསུམ་པ་ལས་འབུད་དོན་ག་རེ་ཡིན་མིན་གསལ་བོར་ཤེས་ཡོད་པས་ཡིན།
༣ འགྲོ་ཞོར་དུ་ཅོལ་ཆུང་ཚོ་ལ་ཤོད་རྒྱུར།
སྙན་ངག་གི་མི་རབས་ནི་ལོ་ན་རྒན་གཞོན་དང་སྙན་ངག་གི་ཡག་བཙོག སྙན་ངག་གི་ཁ་གྲངས་སོགས་ལས་དབྱེ་བ་འགར་རྒྱུའི་གནད་དོན་ཞིག་གཏན་ནས་མ་ཡིན་པར། བརྩམས་ཆོས་དང་སྙན་ངག་པ་དེ་ཡིས་སྙན་ངག་ལ་འཛིན་པའི་རྣམ་འགྱུར་ཁོ་ནས་སྙན་ངག་གི་མི་རབས་འགར་གྱིན་ཡོད། དེ་བཞིན་སྙན་ངག་གི་མི་རབས་གསུམ་པ་ནི་བོད་སྤྱིའི་སྙན་ངག་པ་ཡོངས་ལས་རྣམ་པར་རྒྱལ་བ་དེ་མ་ཡིན་པར། དེ་ནི་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་དུས་རབས་འདིའི་སྙན་ངག་གི་འཕེལ་རིམ་གྱི་དཀྱོགས་མཚམས་ཤིག་གི་བརྡ་རྟགས་ལ་ངོས་འཛིན་བྱེད་སྤྱད་ཅིག་ཡིན་པས། ང་ཚོས་རིག་གནས་ཤིག་གི་འཕེལ་རིམ་གྱི་ལོ་རྒྱུས་ལ་ངེས་པར་དུ་འགན་ལེན་དགོས་པས། སྒེར་གྱི་སྡང་སྡུག་ཙམ་དང་སྒེར་གྱི་ལྟ་ཚུལ་ཙམ་ལས་ཐེངས་འདིའི་མི་རབས་གསུམ་པའི་སྙན་ངག་གི་ཚོགས་པ་འདི་ཡི་གནད་དོན་ལ་ཧམ་བཤད་དང་ཧམ་འབྲེལ་མ་བྱ་རོགས་གནང་། ད་དུང་ཞུ་རྒྱུ་ཞིག་ལ་ང་རང་མི་རབས་གསུམ་པའི་སྒོ་བྱང་ཡང་མ་ཡིན་ལ་ང་རང་མི་རབས་གསུམ་པའི་བདག་མོ་ཡང་མིན། ཡིན་ན་ཡང་ལས་དོན་ཞིག་གི་མགོ་བཙུགས་པའི་ཕྱིན་ཆད་ལ་ལས་དོན་དེའི་མཇུག་བསྡུ་ཐུབ་པའི་འགན་ཡང་ལེན་དགོས་པ་མ་ཟད། དེ་ཡང་གནས་ལུགས་ཤིག་གི་སྒང་ནས་མཇུག་བསྡུ་ཐུབ་དགོས་པས། མ་གཞི་ནས་མི་རབས་གསུམ་པར་སྡང་སྡུག་ཡོད་མཁན་ཚོས་གོ་སྐབས་འདི་བཟུང་ནས་རྙོག་འགྲེལ་མ་བྱ་རོགས་གནོངས།
རྩོམ་ཁུངས། ངེད་དྲ་བ།