བྱང་སྒྲ་སྙན་གྱི་སྙན་ངག་རིང་མོ། མི་རབས་གསུམ་པ།
མི་རབས་གསུམ་པ
སྙན་ངག་རྐྱང་རྐྱང་གིས་བཟི་བའི་སྒྱུ་རྩལ་གྱི་མཉེན་པ་ཞིག
མཚོ་ཞབས་སུ་ལྷུང་བའི་ནོར་བུ་དེའི་ཆེད་དུ
སྲིན་མོ་དག་ལ་གཉེན་སྒྲིག་ཅིང
གདོན་འདྲེ་ཡི་རིགས་ལ་གྲོགས་བསྒྲིགས་ནས་ཡོད
འཁྲབ་ཚན་གྱི་ཡོལ་རས་བརྒྱབ་དུས དུས་མ་ཡིན་པའི་གློག་ཞགས་གང་སར་མཆེད་དེ
མི་ཡི་སེམས་ངོར་ཆགས་པའི་ཟོལ་བཅོས་ཀྱི་གཤིས་ཀ་དག་ལ་བྱི་དོར་བྱས
མི་རབས་གསུམ་པ དངོས་སུ་ལམ་ལ་བུད་དུས་ནི
མུན་ནག་གི་ལྟོ་བར་གྲི་ཡིས་བརྒྱབ་ནས
བདེན་དོན་གྱི་དཀར་ངོགས་ཤིག་འཇིག་རྟེན་དུ་གཏམས་པའི
སྐྱ་རེངས་ཀྱི་འཛུམ་ཟེར་ཐོག་མ་ཡིན་ལ
འོད་ཀྱི་སྣང་བ་མཐའ་དག་ལོ་རྒྱུས་ཀྱི་རྩ་ལམ་ནས
མི་ཡི་སེམས་ངོར་འབབ་པའི་རང་དབང་གི་དུས་རབས་ཤིག་ཀྱང་ཡིན
གཅིག
ཡབ་མེས་ཀྱིས་དུར་ཁུང་ནས་སྨྲེ་ངག་འདོན་པ
ཁྭ་ཏའི་ཐན་སྐད་དུ་འཁྲུལ་ནས་ཡོད་ཅིང
དུག་སྦྲུལ་གྱི་ལྟོ་བས་གངས་རིའི་རུམ་ལ་ཤ་དྲོད་སྟེར་དུས་སུ
པོ་ཏ་ལའི་ཆགས་སྲེད་ཀྱི་མིག་དབང
བུད་མེད་གཅིག་ཁོ་ནས་བསླུས་པ་ག་ལ་ཡིན
སེམས་ཀྱི་མེ་ལོང་ལ་སེར་ཁ་ཤོར་ཉིན་ནས
སེམས་པའི་གཏིང་རིམ་ནས་རྒྱས་པའི་ལྗོན་ཤིང་གི་ཡལ་གར
བརྩེ་བའི་ཁྲག་རྒྱུན་གྱིས་བརྐྱངས་པའི་ལ་རྒྱའི་མྱུ་གུ་འབུ་འགོ་བརྩམས་ཤིང
གངས་རི་ཞིག་བྲང་ཁར་སྦྱར་ནས
མགྲིན་པ་བརྣངས་བརྣངས་ངང་ལེགས་བཤད་ཅིག་གློར་སྐྱོར་ན
ཁ་རླངས་ཀྱི་ཚབ་ཏུ་གདུག་རྩུབ་ཀྱི་མེ་ལྕེ་འབར་དེ་འབྱུང
ཞེ་མེར་མེར་གྱིས་རང་གི་འདོད་དོན་མཐའ་དག་འཕྲིན་ཡིག་ཏུ་བྲིས་ནས
སེམས་པ་རལ་པའི་བརྩེ་གླུ་དེ་རང་བྱུང་མའི་མཁའ་དབྱིངས་སུ་བཏང་ན
འདབ་ཆགས་བྱ་ཡི་གཤོག་པའི་སྟེང་ལའང་སྙིང་རྗེའི་དྲི་རྟགས་ཤིག་བཀོད་ནས་ཡོད
རྨི་ལམ་གྱིས་བསྒུལ་མི་ཚུགས་པའི་སེམས་ཀྱི་གཤེད་མ
དངོས་ཡོད་ཀྱིས་བརླག་མི་གཏུབ་པའི་འཇིག་རྟེན་གྱི་བདག་པོ
མི་རབས་གསུམ་པ་ནི་འདྲེ་སྟེ རྣམ་ཤེས་དགུ་འགྱུར་གྱི་འདྲེ་ཡིན
མི་ཡི་སྡང་སེམས་འཕྲོག་ནས་བྱམས་པའི་སེམས་འཛུག་ཅིང
འདྲེ་ཡི་དབང་ཤེད་བཀོལ་ནས་བཙན་པོའི་གླུ་ལེན
གངས་རིའི་ལྭ་བ་རླུང་གིས་བཅད་ནས་བརླ་ཤ་ཕྱིར་མངོན་དུས་སུ
སྙན་ངག་གི་ཁ་བ་མཚམས་མེད་དུ་འབབ་པ་དེ
མི་རབས་གསུམ་པའི་བདེན་དོན་གྱི་སེམས་པར
དཀར་ངོགས་ཀྱི་འོད་ཟེར་འབར་བའི་རྟེན་འབྲེལ་ཡིན་ལ
རེ་སྙེགས་ལ་ཆར་ཤ་ཆེ་བའི་ལོ་ཟླ་དག་ཏུ
མི་རབས་གསུམ་པས་མཐོ་སྒང་གི་ནམ་ཟླ་བདེ་སྐྱིད་དུ་སྒུམ
རྩྭ་ཐང་གི་ཉམས་རྒུད་འབྲི་བའི་རི་མཐོ་གཡང་གཟར་གྱི་ཤོམ་ན
འཇའ་ཚོན་བཞིན་ཡལ་གྱིན་པས་གཞོན་ཤ་དེ
བདེ་སྐྱིད་ཀྱི་རྨི་ལམ་སྒྱེ་མོ་གང་ལ་བརྗེ་རྗེས
སྨྱུ་གུར་ཞོན་ནས་འཕུར་བསྐྱོད་ལ་བྲེལ་མཁན
མི་རབས་གསུམ་པ་འབའ་ཞིག
གཉིས
ངོ་ལོག་གི་རི་མོ་གདོང་ལ་བརྐོས་པ་ནས
ལྷ་མོ་རེ་རེ་གྲོགས་སུ་བཀུག་ཅིང
འཇིག་རྟེན་དང་རྒྱང་ཐག་གིས་བཅད་པའི་ས་ཞིག་ན
མི་རབས་གསུམ་པའི་གསེར་གྱི་མཁར་རྫོང་སྐོར་ནས་ཡོད
ཨ་རག་གི་རྒྱ་མཚོ་ཆེན་པོ་ཞིག་གི་ཀློང་དུ
ཐ་མག་གི་གླིང་ཕྲན་ཆུང་ཆུང་ཞིག་གྲུབ་ནས་ཡོད་ཅིང
སྣང་བ་འཁྲལ་བའི་ངོ་ལོག་གི་ལྷ་ཚོགས་ཤིག་མགྲོན་དུ་བཀུག་ནས
རླུང་དམར་གྱི་ཟིལ་ཤུགས་ལ་འགྲམ་ལྕག་གཞུ་ཞིང
རླབས་རྒྱུན་གྱི་སྟོབས་ཤུགས་ལ་རྡོག་ཐོས་གཞུ་བའི་སྙན་ངག་ཅིག་འབྲི་གིན་ཡོད
མི་རབས་གསུམ་པས
ཁ་དེ་ཁ་ཡི་ཚུལ་དུ་མི་འཇོག་པར
སྣ་དང་མིག་གི་ཚབ་ཏུ་འཇོག་གིན་ཡོད་ལ
རྒྱུ་འབྲས་ཀྱི་ལག་པ་ཆད་པའི་རེ་ཆད་ཀྱི་སྟོང་སྣང་དེས
གློ་དང་མཆིན་པའི་ངོས་ལའང
ནག་ཉིག་ཉིག་གི་ཡི་གེ་མང་པོ་ཞིག་འབྲི་གིན་ཡོད
སྐད་ཅིག་ཏུ་འགྱུ་བའི་གློག་དམར་གྱིས་ཀྱང
མགོ་བོ་སྒུར་དེ་གུས་འདུད་ཞུ་ཞིང
སྒང་ཁ་ན་རྩེན་པའི་ཉི་མ་དེས་ཀྱང
ངོ་ཚས་སེང་རས་གདོང་ལ་གྱོན་དུས་སུ
མི་རབས་གསུམ་པས
ལོག་སྤྱོད་གྱི་མདུང་མོ་སྙིང་ལ་བཙུགས་ནས
ཁྱི་ལ་དྲི་ཞིམ་བྱུགས་ཆུ་ལྡག་ཏུ་འཇུག་ཅིང
མི་ལ་ཤོག་བུའི་ཐལ་བ་འགམ་དུ་འཇུག
བརྩེ་བ་ཁྲོམ་ཁྲོམ་གྱི་མི་རབས་གསུམ་པ
རྩྭ་མགོའི་ཟིལ་བ་བཅོམ་པའི་ཇག་པ་ཡིན
སེམས་ཀྱི་བརྩེ་བ་བརྐུ་བའི་རྐུན་པོ་ཡིན
དམར་དྲི་འཐིལ་བའི་ལག་པ བྲང་ལ་བཞག་ཉིན་ནས
གསོན་སྙིང་དེ་འབར་བའི་བར་དུ
མི་རབས་གསུམ་པ་བགྲོད་ལམ་གྱི་སྟེང་དུ་ཡོད་ལ
མུན་ནག་དང་ངོ་བོ་འདྲེས་ནས་ཡོད
གསུམ།
རྒོད་པོ་ལ་གཤོག་པ་མེད་དུས་དང
འབྲོང་རྒོད་ལ་རྭ་ཅོ་མེད་པའི་དུས་རིམ་ནི
མི་རབས་གསུམ་པ་མེད་པའི་དུས་རིམ་དེ
ཡོད་ཚད་ལྷང་འཇགས་ཀྱི་ལང་ཚོའི་རྦབ་ཆུ་ངོས་ལ་ཅེར་ནས
ཉག་ཕྲ་བའི་རྐ་ཆུ་ཆུང་ཆུང་ཞིག་གི་འབབ་རྒྱུན་གྱིས
ཡིད་གྱི་སྐོམ་པ་སེལ་བ་ནི སྒྱུ་རྩལ་གྱི་མིག་འབྲས་ཁྭ་ཏས་ཟོས་ཤིང
སྐོམ་གདུང་གི་རྣ་བ་འདམ་ཉོག་གིས་ཁེངས་པས་ཡིན་ལ
གླེགས་བམ་གྱི་གསེབ་ཏུ་ཐ་སྙད་ལ་བཙའ་ཆགས་པའི་དུས་རབས་ཏེ
འདས་ཟིན་པའི་སྙན་ངག་པ་ཤི་བོ་དག་གི་འོ་དོད་ཀྱི་སྐད་སྒྲ་གཟན་པོ་དེས
ཉམས་ཐག་གི་སྡུག་སྐད་འདོན་པའི་དུས་རབས་ཀྱང་ཡིན་པས
མི་རབས་གསུམ་པས ཤི་བོ་དག་གཉིད་ལས་བསླངས་ཤིང
གསོན་པོ་དག་དུར་དུ་བསྡུ་བའི་སྙན་ངག་གི་རྫུལ་འཕྲུལ་གྱིས
འཇིག་རྟེན་ལ་ཡུལ་ལྗོངས་གསར་བ་ཞིག་དང
ཚོར་བ་གསར་བ་ཞིག འདོད་འདུན་གསར་བ་ཞིག
མིག་དང་ཁ སྣ་དང་རྣ ལུས་དང་མཚན་མ
ཕུན་སུམ་ཚོགས་པའི་མི་ཞིག་དང བསམ་བློ་ཞིག
རོལ་མྱོང་གི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་བཅས་བསྩལ་ནས་ཡོད་པས
སྟོབས་ཀྱིས་ལག་པ་སྲོངས་ཤིག
མི་རབས་གསུམ་པས
སའི་གོ་ལ་གྲུ་བཞི་ཞིག་དང མུན་པ་སེལ་བའི་འོད་ནག་པོ་ཞིག
ཁྱེད་དང་ཁྱེད་ཀྱི་ཚོགས་ལ་སྟེར་ངེས་སོ
2011.5བར།
རྩོམ་ཁུངས། ངེད་དྲ་བ།