བྷོར་ཧི་ཟིའི་སྙན་ངག་དང་བྷོར་ཧི་ཟི།

    ༡༩༦༡ལོར།བྷོར་ཧི་ཟི་དང་པེད་ཀི་ཐུ་གཉིས་ཀྱིས་རྒྱལ་སྤྱིའི་དཔེ་སྐྲུན་མཁན་པོའི་གཟེངས་རྟགས་སྟེ།ཧྥུ་མིན་ཐོ་གཟེངས་རྟགས་བླངས་པ་དེས་ཁོང་གི་མཚན་སྙན་བྱང་རླུང་ལྡངས་བ་ཇི་བཞིན་ཉིན་མཚན་གཅིག་གི་རིང་ལ་ཡོ་རོབ་ཁག་ཏུ་ཁྱབ་པར་གྱུར་ཅིང་།ལོ་དེའི་ཕྱི་ལོར་ཉིའུ་ཡོར་གྱི་དཔེ་སྐྲུན་ཁང་གཉིས་ནས་སོ་སོར་ཁོང་གི་<<གསང་བའི་ཕོ་བྲང>>དང་<<རྟོག་བཟོ་ཕྱོགས་བསྒྲིགས>>གཉིས་པར་དུ་བསྐྲུན་པས།སྟོང་བསམ་བརྩམས་སྒྲུང་མཁན་པོའི་མཚན་གྲགས་ཤིག་ཀྱང་མེ་གླིང་བྱང་མའི་ཡུལ་གྲུ་ཀུན་པོར་མེ་ལྟར་མཆེད་ཡོད།ཡིན་ནའང་བྷོར་ཧི་ཟི་ཡིས་ཁྱད་མཚར་བའི་སྟོང་བསམ་གྱི་བརྩམས་སྒྲུང་བརྩམས་ཡོད་པ་མ་ཟད།ཕུལ་དུ་བྱུང་བའི་སྙན་ངག་ཀྱང་གྲངས་ལས་འདས་པ་བརྩམས་ཡོད།
     ཨ་ཀིན་ཐེན་གྱི་སྙན་ངག་གྲུབ་མཐའི་མཐའ་འཚོལ་རིང་ལུགས་ཀྱི་ཡབ་ཆེན་དུ་འབོད་པའི་བྷོར་ཧི་ཟི་ལ་མཚོན་ན།དུས་རབས་སྔོན་མའི་ལོ་རབས་ཉི་ཤུ་བ་ནས་བཟུང་སྟེ་སྙན་ངག་པའི་མིང་ཐོག་ནས་རྩོམ་སྟེགས་སུ་གྲགས་རྒྱ་ཤིན་ཏུ་ཆེན་པོ་བཟོས་ཡོད་མོད།ལོ་རབས་ཉི་ཤུ་བའི་སྨད་ཙམ་ནས་ཁོང་རང་ལྷུག་རྩོམ་དང་བརྩམས་སྒྲུང་ཐུང་བའི་རྩོམ་ལུས་ཀྱི་ཕྱོགས་སུ་ཞུགས་ཏེ།དེའི་རྗེས་ཀྱི་ལོ་ཟླའི་ནང་ཁོས་དུས་དང་བར་སྐབས་གང་ཡིན་ལ་སྙན་ངག་ཐུང་ངུ་རེ་འབྲི་བཞིན་ཡོད་ནའང་།དེའི་མཇུག་གི་ལོ་རབས་ལྔ་བཅུ་བའི་བར་སྐབས་ཀྱི་དུས་ཏེ་ཁོང་གི་སྤྱན་མིག་གཉིས་ཡོངས་སུ་ལོང་བར་གྱུར་བའི་དུས་སུ།ད་གཟོད་བསྐྱར་དུ་སྙན་ངག་གི་ལམ་དུ་ཕྱིར་ཞུགས་པ་བཟློག་ཏུ་མེད་པར་གྱུར་ལ།མི་རབས་གཅིག་གི་རླབས་ཆེན་གྱི་མི་སྣར་གྱུར་བའང་དེ་ཙམ་ནས་མགོ་ཚུགས་པ་ཡིན་ནོ།
  བྷོར་ཧི་ཟི་ཡིས་གཞོན་ནུའི་སྐབས་ཐོག་ཏུ་སྙན་ངག་འབྲི་མགོ་ཚུགས་དུས།ཁོང་དང་ཁོང་གི་ཁྱིམ་མི་རྣམས་ཡོ་རོབ་ཏུ་འཚོ་བཞིན་ཡོད་ལ།ཁོང་གི་ན་གཞོན་གྱི་འཚོ་བ་ནི་སུད་སེ་རུ་ལྷིང་འཇགས་ཀྱིས་སྐྱེལ་ཞིང་རྗེས་སུ་སུར་པན་ཡ་རུ་ཕེབས།༡༩༡༤ནས་༡༩༡༨གྱི་ལོའི་འཛམ་གླིང་འཁྲུག་ཆེན་དང་པོ་ཡིས་ཁོང་གི་འཚོ་བར་ཐད་ཀར་གྱི་ཤུགས་རྐྱེན་ཅི་ཡང་བཞག་མེད་ནའང་།ཁོང་གི་རྩོམ་འབྲིའི་ཤུགས་རྐྱེན་ནི་དེང་རབས་རིང་ལུགས་དང་ཁྱད་པར་དུ་མངོན་མཚོན་རིང་ལུགས་ཀྱི་རྒྱབ་ལྗོངས་འོག་མགོ་བརྩམས་པ་ཡིན་ཏེ།ཁོས་སུར་པན་ཡའི་མཐའ་འཚོལ་རིང་ལུགས་ཀྱི་རྩོམ་སྟངས་དེ་ཨ་ཀིན་ཐེན་དུ་སྤེལ་མགོ་ཚུགས།མཐའ་འཚོལ་རིང་ལུགས་ཀྱི་རྩོམ་སྟངས་ཁྲོད་ཀྱི་ཁྱད་ཆོས་གཙོ་བོ་ནི་དཔེ་རྒྱན་ལ་ཤུགས་སྣོན་བྱེད་པ་དེ་ཡིན་ཞིང་།ཁྱད་ཆོས་འདི་བྷོར་ཧི་ཟིའི་སྔོན་དུས་ཀྱི་བརྩམས་ཆོས་དག་གི་ཁྲོད་ན་མངོན་གསལ་གྱིས་འབུར་དུ་ཐོན་ཡོད་ལ།དེ་དང་མཉམ་པོར་དེ་ནི་ན་གཞོན་སྙན་ངག་པའི་བློ་སྤོབས་མཚོན་པའི་ཏན་རྟགས་ཉག་གཅིག་ཏུའང་གྱུར་ཡོད།
  ལོ་རབས་སུམ་ཅུ་བ་དང་བཞི་ཅུ་བའི་སྐབས་སུ་ལྷུག་རྩོམ་དང་བརྩམས་སྒྲུང་གི་གསར་རྩོམ་བརྒྱུད་དེ།ཁོས་ཕུལ་དུ་བྱུང་བའི་བརྩམས་སྒྲུང་ཐུང་བ་དང་ལྷུག་རྩོམ་འབོར་ཆེན་བརྩམས་ཡོད་ལ།ལོ་རབས་ལྔ་བཅུ་བར་ཕྱིར་སྙན་ངག་གི་ལམ་དུ་ཞུགས་པ་དེ་ཁོང་གི་ཉིན་བཞིན་མག་མོག་ཏུ་འགྱུར་བཞིན་པའི་མིག་དབང་དེ་དང་འབྲེལ་བ་དམ་པོ་ཡོད་པ་འདྲ་སྟེ།ཁོ་རང་ཉིད་ཀྱིས་གསུངས་བ་ནང་བཞིན།སྤྱན་མིག་ལོང་བར་གྱུར་བ་དེས་ཁོས་སྙན་ངག་བསྐྱར་དུ་འབྲི་མགོ་རྩོམ་པར་བྱེད་ནུས་བཏོན་ཡོད་པ་དེ་རེད།རྒྱུ་མཚན་ནི་སྙན་ངག་གི་མ་ཕྱི་གང་ཡིན་ཡང་བློ་ནས་འཆར་བཀོད་དང་བློས་བསླངས་བྱས་ཆོག་ཅིང་ལྷག་པར་དུ་སྙན་ངག་རྐང་བ་བཅུ་བཞི་མ་ནི་དྲན་སླ་བོ་ཡོད་པས་རེད།
  བྷོར་ཧི་ཟི་ཡིས་རང་གི་སྤྱན་མིག་ལྡོངས་བར་འགྱུར་བའི་ལས་དབང་དེ་སྔར་ནས་ཚོར་ཡོད་པ་སྟེ།ཁོའི་རིགས་རྒྱུད་ཀུན་ལའང་མིག་ལོང་བར་འགྱུར་བའི་ནད་རིགས་ཤིག་གི་རྒྱུན་འཛིན་ལོ་རྒྱུས་ཡོད་ཅིང་།ཁོའི་ཡབ་ཆེན་ནས་མེས་པོ་གོང་མ་དག་ཀྱང་དེ་འདྲ་ཡིན་པས་རེད།མིག་ལོང་བ་ནི་ས་སྲོད་ཅིག་དང་འདྲ་བར་རིམ་གྱིས་སླེབས་འོངས་ཞེས་བྷོར་ཧི་ཟི་ཡིས་ལྷིང་འཇགས་ཀྱིས་སྨྲས་བྱུང་མོད།ཡིན་ནའང་ཁོ་ལའང་དེའི་སླད་དུ་རང་གིས་རང་ལ་ཁྲེལ་དགོད་བྱེད་པའི་ལོ་རྒྱུས་ཡོད་དེ།༡༩༥༥ལོར་ཁོང་རང་ཨ་ཀིན་ཐེན་གྱི་རྒྱལ་ཁབ་དཔེ་མཛོད་ཁང་གི་གཙོ་བདག་ཏུ་བསྐོས་ཤིང་།དེ་ནི་ཁོང་རང་གི་མཚན་རྟགས་ཆེས་ཆེ་བ་ཞིག་ཡིན་ནའང་།ཁོང་གིས་འདི་ལྟའི་སྙན་ངག་ཅིག་བྲིས་པ་སྟེ།
  མི་སུས་ཀྱང་མིག་ཆུ་དང་བཀའ་བཀྱོན་བཀླགས་ཏེ

  གནམ་བདག་གི་དབང་ཤེད་མཚོན་པའི་བསྒྲགས་གཏམ་དག་དམའ་འབེབས་བྱེད་མི་ནུས

  གནམ་བདག་གིས་ཁྱད་མཚར་གྱི་ཟུར་ཟ་སྤྱད་ནས
  བདག་ལ་དཔེ་དེབ་དང་མཚན་དགོང་ལྷན་དུ་གནང
   ཞེས་པ་དེ་རེད།སྙན་ངག་དེའི་ཁྲོད་ཀྱི་མཚན་དགོང་ནི་སུར་པན་ཡའི་སྐད་ཀྱི་ཁྲོད་དུ་མུན་ནག་གི་གོ་དོན་དང་ལྡན་ལ།སྐབས་འདིར་ཁོས་བྲིས་པ་ནི་རང་གི་མིག་ལོང་བ་དེ་རེད།
  དེའང་ཡིན་ཏེ།མི་ཚེ་གཅིག་ཀློག་འདོན་ལ་བསྐྱལ་བའི་མི་ཞིག་གིས་ད་ནས་ཀློག་འདོན་བྱེད་མི་ནུས་སྐབས་རྒྱལ་ཁབ་དཔེ་མཛོད་ཁང་གི་གཙོ་གཉེར་ལ་བསྐོས་པ་འདི་དངོས་གནས་དོན་གྱིས་ཕྱུག་པ་ཞིག་ཀྱང་རེད་ཨང་།དེ་དང་མཉམ་པོར་སྙན་ངག་རྐང་བ་འདི་དག་གིས་བྷོར་ཧི་ཟིའི་དུས་སྐབས་མཇུག་གི་གཞུང་དྲང་གི་གཉུག་གཤིས་ཤིག་ཀྱང་མཚོན་ཡོད་དེ།དེའི་ཁྲོད་དུ་སྔོན་མའི་དུས་སྐབས་ནང་བཞིན་གྱི་ཚད་ལས་བརྒལ་བའི་རྟོག་བཟོ་དང་ཚིག་རྒྱན་སྤྲས་མེད་པ་དེ་རེད།དོན་དངོས་ཐོག།རྫོབ་མང་ལ་ཚིག་རྒྱན་གྱིས་གཏམས་པའི་གཤིས་ལུགས་དེ་བྷོར་ཧི་ཟིའི་སྔོན་མའི་དུས་ཀྱི་ལྷུག་རྩོམ་དང་བརྩམས་སྒྲུང་གི་བརྩམས་ཆོས་ཁྲོད་ནས་རིམ་པར་དམ་སྡོམ་བྱས་ཡོད་ཅིང་།གདམ་གསེས་དང་ལེགས་བཅོས་ཀྱང་བྱས་ཡོད་པ་རེད།
  བྷོར་ཧི་ཟི་ནི་ཐོས་པས་ཕྱུག་ཅིང་སྙན་ངག་པའི་ཞིབ་ཕྲའི་ཚོར་བ་སྐྱེན་པོ་ཡོད་པའི་མི་ཞིག་ཡིན།ཁོང་གི་དུས་སྐབས་མཇུག་གི་སྙན་ངག་བརྩམས་ཆོས་ཁྲོད་དུའང་ཁོས་སྔར་བཞིན་བརྩམས་སྒྲུང་དང་ལྷུག་རྩོམ་ཁྲོད་ཀྱི་ཁོའི་ཡིད་དབང་འཕྲོག་པའི་བརྗོད་བྱ་དག་བཀོལ་ཡོད་དེ།དཔེར་ན་མེ་ལོང་དང་གསང་བའི་ཕོ་བྲང་།རྨི་ལམ་ལ་སོགས་པ་ནི་ཁོང་གི་སྙན་ངག་གི་ཁྲོད་དུ་གང་སར་ཁྱབ་ཡོད་ཅིང་།ཁོང་གིས་བརྗོད་བྱ་དེ་དག་སྤྱད་ནས་སྙན་ངག་གི་ཡིད་འགྱུར་ཤུགས་དྲག་ཏུ་གཏོང་བཞིན་ཡོད།དཔེར་ན་ཁོང་གི་སྙན་ངག«མེ་ལོང»ཞེས་པའི་ཁྲོད་འདི་ལྟར་བྲིས་ཡོད་དེ།
དེ་བས་ཀྱང་མེ་ལོང་གི་ཆུའི་ངོས་སུ   ཁོའི
   གཏིང་ཟབ་པའི་ནམ་མཁས་མཐིང་མདོག་གཞན་ཞིག་ལ་ལད་ལྟོས་བྱེད་ཅིང
   སྐབས་རེར་ལྡོག་ཕྱོགས་སུ་འདབ་ཆགས་སྣང་འཕྲུལ་གྱི་སྒྲོ་གཤོག་གཡོབ་ལ
    ཡང་ན་འདར་ཡོམ་རིགས་ཤིག་རྒྱུན་མི་ཆད་དུ་སྣང
 ཞེས་པ་དེའོ།
" ཁོའི/གཏིང་ཟབ་པའི་ནམ་མཁས་མཐིང་མདོག་གཞན་ཞིག་ལ་ལད་ལྟོས་བྱེད "འདི་ནི་ཇི་ལྟ་བུའི་མཐིང་མདོག་ཅིག་ཡིན་ནམ།སྙན་ངག་ཚིག་རྐང་འདི་ལ་བྲོ་མངར་གཞན་ཞིག་སྣང་བ་འདྲ་སྟེ།སྙན་ངག་གཞན་ཞིག་གི་ཁྲོད་དུའང་ཁོང་གིས་མེ་ལོང་ལ་གཟུགས་འདས་རིག་པའི་བྲོ་བ་བསྣན་ཏེ།"ཞི་ལའི་མི་དེ་དང་འདྲ་བར/ཁོས་ཤེས་ཡོད་དེ/དུས་སྐར་གྱི་ལོ་ཟླ་ནི་རྟག་བརྟན་གྱི་མེ་ལོང་ཞིག་ཡིན"ཞེས་བྲིས་ཤིང་།མེ་ལོང་ནི་ཁོང་གི་བསྡུས་བརྗོད་དང་མཛེས་སྡུག་རིག་པའི་རིགས་རྟོག་ཤིག་ཏུ་གྱུར་ཡོད།
   སྐབས་ལན་རེར་ས་སྲོད་ཀྱི་དུས་སུ  ངོ་གདོང་གཞན་ཞིག་གིས
   བདག་ཅག་ལ་བལྟས་ཡོད་དེ  གཏིང་ཟབ་པའི་མེ་ལོང་དེ་ལས
   སྒྱུ་རྩལ་ནི་ངེས་པར་དུ་མེ་ལོང་དེ་དང་མཚུངས་པར
   བདག་ཅག་རང་ཉིད་ཀྱི་ངོ་གདོང་གསལ་བོར་མངོན་ཐུབ་དགོས  ཞེས་པའང་དེ་དང་འདྲ།
  བྷོར་ཧི་ཟི་ཡིས་གསང་བའི་ཕོ་བྲང་བྱ་བར་རྙིངས་བ་མེད་པའི་དུངས་མོས་བཅངས་ཡོད་དེ།གསང་བའི་ཕོ་བྲང་ལ་ཡིད་འཁྲེང་བ་ནི་གནའ་བོའི་ཞི་ལ་ལ་ཡིད་འཁྲེང་བ་ཡིན་ཞིང་།ཡོ་རོབ་རིག་གནས་ཀྱི་འབྱུང་ཁུངས་རྨ་མེད་པ་འདི་ཉིད་ལ་ཁོང་རང་ཤིན་ཏུ་རྒྱུས་མངའ་ཆེ།དེའི་རྩོམ་རིག་ཡིན་ན་འདྲ་ལ།དེའི་མཚན་ཉིད་རིག་པ་དང་དེའི་ལྷ་སྒྲུང་དག་ཡིན་ཀྱང་འདྲ་སྟེ།ཁོང་གི་སྙན་ངག་མང་ཤོས་ལས་མངོན་པར་མཚོན་ཡོད་པའང་གནའ་བོའི་ཞི་ལའི་རིག་གནས་ཀྱི་གྲུབ་ཆ་དག་ཡིན་པ་རེད།ཁོང་གི་སྙན་ངག«གསང་བའི་ཕོ་བྲང»བྱ་བའི་ཁྲོད་དུ།ཁོས་གསང་བའི་ཕོ་བྲང་བྲིས་པ་ཤིན་ཏུ་རྣམ་དག་ཡིན་ལ།གསོན་ཉམས་ལྡན་ཞིང་གབ་དོན་གསར་བ་ཡིན་འདུག
    ཀྲི་སིས་ཀྱང་བདག་རང་ཡོངས་སུ་བཅངས་པའི
    རྡོ་བའི་དྲ་ཐག་འདི་བཤིག་མི་ནུས  བདག་གིས་ཡོངས་སུ་བརྗེད་ཟིན་ཏེ
    བདག་རང་ཡར་སྔོན་ཡིན་པའི་མི་རྣམས   བདག་རང་ཁེར་རྐྱང་གི
    རྩིག་གྱང་གསེབ་ཀྱི་ཞེ་ལོག་པའི་ལམ་འཕྲང་བརྒྱུད་ནས་འགྲོ་བཞིན་ཡོད
    དེ་ནི་བདག་གི་ལས་དབང་ལགས་སོ  དྲང་ཤད་དུ་བསྲིངས་པའི་ལམ་འཕྲང
    འཁྱོག་པོར་གྱུར་ཏེ་གསང་བའི་སྒོར་དབྱིབས་ཀྱི་ཚུལ་དུ
    ལོ་ཟླའི་མཐའ་སྣེ་ལ་བརྐྱངས་འདུག
   སྙན་ངག་འདི་འབྲི་སྐབས་ཀྱི་བྷོར་ཧི་ཟི་ནི་དགུང་གྲངས་བདུན་ཅུ་ལ་ཉེ་བས།མི་ཚེ་ཡི་དོན་སྙིང་རྟོགས་ཡོད་ཅེས་ནའང་ཤོད་དུ་རུང་བ་ཞིག་ཏུ་མཐོང་ལ།ཁོས་རང་ཉིད་ནི་གསང་བའི་ཕོ་བྲང་འདིའི་བདག་པོ་རུ་བལྟས་ཏེ།གདོན་འདྲེ་ཡང་ཡིན་ལ་དཔའ་བོ་ཡང་ཡིན་པའི་གབ་དོན་ཞིག་ཏུ་བཟོས་ཡོད།
  མི་ཚེའམ་དུས་ཚོད་དག་གསང་བའི་ཕོ་བྲང་གི་དཔེ་མཚོན་དུ་འགོད་པ་ནི་རྩོམ་རིག་གི་སྲོལ་རྒྱུན་ཞིག་ཏུ་སྣང་མོད།དེའི་སྣང་བརྙན་ལ་གསོན་ཉམས་ལྡན་པའི་མཚོན་སྟངས་དང་ཚོར་རྟོག་སྣོན་ཞིང་།དེའི་སྣང་བརྙན་ལ་རང་གི་ཐུན་མོང་མིན་པའི་རྣམ་པ་འགོད་རྒྱུ་ནི་དུས་རབས་སོ་སོའི་སྙན་ངག་པ་དག་གི་རེ་དོན་ཅི་ལ་མིན།བྷོར་ཧི་ཟི་ཡིས་གསང་བའི་ཕོ་བྲང་གི་ལྷ་སྒྲུང་དེ་རང་ཉིད་ཀྱི་བརྗོད་བྱར་བསྒྱུར་ཅིང་སླར་ཡང་གསང་བའི་ཕོ་བྲང་ཉིད་ཁོང་རང་གི་ལྷ་སྒྲུང་དུ་བསྒྱུར་ཏེ།ཤིང་ལས་བྱས་པའི་སེང་གེ་དེ་ཉིད་སྲོག་ལྡན་གྱི་གཅན་གཟན་ཞིག་ཏུ་བསྒྱུར་བ་དང་གཉིས་སུ་མེད་དོ།
  གསང་བའི་ཕོ་བྲང་ལ་མཚོན་ན།ཁོང་གི་སྙན་ངག་གྲངས་མེད་པའི་ཁྲོད་དུ་ཡང་ཡང་མཐོང་ཐུབ་སྟེ།"ཁྱེད་ནི་གཞན་ཞིག་མིན་ཏེ/ཁྱེད་ཉིད་སྐབས་འདི་ལ/ཁྱེད་ཀྱི་གོམ་སྟབས་ཀྱིས་བསླེས་པའི་གསང་བའི་ཕོ་བྲང་དུ་གནས/"ཞེས་པ་དང་།"མི་ལ་དགའ་བ་སྦྱིན་པའི་ཉིང་མེང་ལྗོན་པའི་ཁྲོད་ཀྱི/ཆུ་ཡི་རྨད་བྱུང་གི་གསང་བའི་ཕོ་བྲང་དེ"ཞེས་པ་དང་།"རྒྱལ་སྤྱིའི་མིག་མངས་ཀྱིས་མིག་མངས་གཞོང་བ་རུ་བསླེས་པའི/བ་སོ་ཡི་གསང་བའི་ཕོ་བྲང/"ལ་སོགས་པ་ལྟ་བུའི་ཚིག་རྐང་རྨ་མེད་པ་མང་དུ་ཡོད་ཅིང་།གསང་བའི་ཕོ་བྲང་བྱ་བའི་ཐ་སྙད་འདི་བྷོར་ཧི་ཟིའི་སྙན་ངག་ཁྲོད་ཀྱི་སྒྱུ་འཕྲུལ་དབྱུག་པ་ཞིག་ཏུ་གྱུར་ཏེ།ཁོིང་གིས་གང་ལ་གཏད་པ་དེ་ཀར་བློ་ཡིད་ལས་འདས་པའི་སྣང་བརྙན་སྣ་ཚོགས་འབྱུང་བཞིན་ཡོད་འདུག།
  ཕུལ་བྱུང་གི་སྙན་ངག་ཅིག་ཡིན་ན་བཀླགས་ཡུན་ཅི་ཙམ་གྱིས་རིང་བ་དེ་སྲིད་གཤིས་ལུགས་གསར་བ་རེའང་ངེས་པར་སྦྲུམ་གྱིན་ཡོད་དེ།ཐེངས་རེ་རེའི་ཀློག་འདོན་གྱིས་ཀྱང་མི་ལ་ཅུང་རྒྱུས་མངའ་ཡོད་ཡོད་འདྲ་ལ་གོ་བབས་གསར་བ་ཞིག་ཀྱང་དབང་མེད་དུ་སྟེར་བའི་ཚོར་བ་བསྐྱེད་སྲིད།བྷོར་ཧི་ཟིའི་ཚེ་མཇུག་གི་སྙན་ངག་དག་ལ་མཚོན་ན་གཉུག་གཤིས་འདི་ལྷག་པར་སྣང་སྟེ།འབབ་རྒྱུན་མཚམས་མི་ཆད་པའི་ཆུ་མིག་ཅིག་དང་འདྲ་བར་ཚོར་རྟོག་གིས་བཟོས་པའི་སྙན་ངག་གི་ཚིག་འབྲུའི་ཀློང་ན་ལྷོག་ལྷོག་ཏུ་འཕྱོ་བཞིན་འདུག་གོ།
  རྨི་ལམ་ནི་བྷོར་ཧི་ཟི་ཡི་རྩོམ་རིག་གསར་རྩོམ་ཁྲོད་རྒྱུན་ཏུ་འབྱུང་བཞིན་པའི་བརྗོད་སྙིང་ཞིག་གམ་རྟོག་བརྙན་ཞིག་རེད།ཁོང་གིས་རྨི་ལམ་དེ་བརྩམས་སྒྲུང་དང་ལྷུག་རྩོམ་ཁྲོད་བྲིས་ཡོད་པ་མ་ཟད།སྙན་ངག་གི་ཁྲོད་དུའང་བར་མེད་དུ་སྤྱོད་བཞིན་ཡོད།ཁོང་གི་སྙན་ངག་བཅུ་ཕྲག་ཅིག་གིས་རྨི་ལམ་བརྗོད་བྱར་གདམས་ཡོད་པས་ན།སྙན་ངག་ཁྲོད་རྨི་ལམ་ཞེས་པའི་ཡིག་འབྲུ་གཉིས་འཐོན་སྲིད་པའང་སྨོས་མ་དགོས་པ་ཞིག་སྟེ།རྨི་ལམ་བརྗོད་བྱ་རུ་བྱས་པའི་སྙན་ངག་དེ་དག་ནི་ཁོང་གི་ལོ་རབས་ལྔ་བཅུ་བའི་རྗེས་སུ་བྲིས་པ་ཤ་སྟག་རེད་འདུགཁ་བྱང་ལ<<རྨི་ལམ>>ཞེས་པའི་སྙན་ངག་ཅིག་ཏུ།
མཚན་གུང་གི་དུས་སྐར་གྱིས
  ཕུན་སུམ་ཚོགས་པའི་དུས་ཚོད་དག་འཛད་གྲོན་བྱེད་བཞིན་པའི་དུས་ན
  བདག་རང་ཡོའུ་ལི་ཞི་སི་ཡི་གྲུ་བ་དག་ལས་ཀྱང་རྒྱད་ཐག་རིང་བོར་ཆས་ཏེ
  རྨི་ལམ་གྱི་ས་ཁོངས་སུ་སླེབས་པ་སྟེ  མིའི་རིགས་ཀྱི
  དྲན་འཛིན་གྱི་ཁྱབ་ཁོངས་ལས་ཀྱང་བླ་ནས་བརྒལ་བའི
  ཞེས་བྲིས་ཡོད།
    སྙན་ངག་ཚིག་རྐང་འདི་དག་ཀློག་བཞིན་པར་སྙན་ངག་པར་བསྟོད་བསྔགས་མི་བྱེད་ཐབས་མེད་དེ།རྨི་ལམ་གྱིས་བློ་རིག་བྱ་བར་ངོ་རྒོལ་དང་གསང་བའི་གནས་སྟངས་འདིས།རྨི་ལམ་གྱི་མཛེས་བ་དང་་རྨི་ལམ་གྱི་བདེ་སྐྱིད།གསོན་ཤུགས་ལ་སོགས་པ་དངོས་ཡོད་ལས་ཆེས་ཆེར་འགོངས་ཏེ།རྨི་ལམ་གྱིས་སྙེགས་ཐུབ་པའི་སྒྱུ་རྩལ་གྱི་ཞིང་ཁམས་ཤིག་ཏུ་སླེབས་པས།ཧྥུ་ལོ་དབྱི་དྷི་ཡི་གཞུང་ལུགས་ཀྱིས་འགྲེལ་སྐྱོན་ནུས་པ་ཞིག་གཞར་ཡང་མིན་པ་དེ་རེད།རྨི་ལམ་ནི་སྨོས་མ་དགོས་པར་རྟོག་འཆར་དང་དངོས་ཡོད་དང་ལྐོག་གྱུར་གྱི་བསམ་ཡིད་ལས་འདས་པའི་གསར་རྩོམ་ཞིག་རེད།དེ་ནི་སྙན་ངག་རང་སྟེང་གི་གྲུབ་ཚུལ་དང་ཤིན་ཏུ་མཉམ་པས།བྷོར་ཧི་ཟིས་རྨི་ལམ་ནི་འཇིག་རྟེན་ལ་མྱོང་ཚོར་བྱེད་སྤྱད་ཀྱི་ཡོ་བྱད་ལྟ་བུ་ཞིག་ཏུ་བསྒྱུར་ཡོད།
    ཁ་བྱང་ལ་<<མེ་ལོང>>ཞེས་པའི་སྙན་ངག་གཞན་ཞིག་གི་ཁྲོད་ནས་ཁོང་གིས་འདི་འདྲའི་དྲི་བ་གནང་ཡོད་དེ།"གལ་སྲིད་རྨི་ལམ་ནི་དངོས་གནས(མི་རྣམས་ཀྱིས་བསྒྲགས་པ་ནང་ལྟར)/འཁྲུག་མཚམས་བཞག་པ་ཞིག་དང/ནང་སེམས་རྐྱང་མའི་ངལ་གསོ་ཐེངས་ཤིག་ཡིན་ན/དེ་ན་ཅིའི་ཕྱིར་དུ/གལ་སྲིད་ཁྱེད་རང་གློ་བུར་དུ་གཉིད་ལས་དཀྲོགས་དུས/ཁྱེད་ཀྱིས་རང་ཉིད་ཀྱི་ལས་རླུང་འཕྲོག་སོང་བའི་ཚོར་སྣང་སྐྱེས་པ་ཡིན་ནམ/"ཞེས་པ་ལྟར།བྷོར་ཧི་ཟི་ཡིས་སྙན་ངག་འདིའི་ཁྲོད་ནས་མཚོན་པར་བྱས་པ་ནི་ཁོང་རང་རྨི་ལམ་གྱི་རིན་ཐང་དང་རྨི་ལམ་གྱི་ལྐོག་གྱུར་ལ་ཡིད་ཆེས་སྐྱེས་པ་དེ་རེད།
   གོང་གི་ངོ་སྤྲོད་ཁྲོད་དུ་བྷོར་ཧི་ཟི་ཡི་མིག་ལོང་བ་གླེང་བ་བཞིན་དུ།བྷོར་ཧི་ཟི་ཉིད་རང་གི་མིག་ལོང་བའི་དོན་རྐྱེན་འདི་ལ་གབ་སྦས་དང་དོགས་ཚོམ་གཏན་མི་བྱེད་དེ།མིག་ལོང་དང་མིག་ལོང་གིས་འཁྱེར་འོངས་པའི་ཚོར་རྟོག་ཡོད་ཚད་ཀྱང་ཁོའི་གསར་རྩོམ་གྱི་བརྗོད་བྱར་ཕབས་ཡོད།མིག་ལོང་བརྗོད་བྱ་བྱས་པའི་སྙན་ངག་བཞི་ཙམ་ཡོད་ལ།དེའི་ཁྲོད་ཀྱི་<<ལོང་བ>>ཞེས་པའི་སྙན་ངག་ཅིག་ཏུ་འདི་ལྟར་བྲིས་ཡོད་དེ།
  མཐིང་མདོག་དང་ཚ་ལུ་སེར་པོ་ནི་ད་ལྟ་སྨུག་ལོང་ཞིག་དང
  མཁོ་མེད་ཀྱི་སྐད་སྒྲ་གཉིས་རེད  མེ་ལོང་དེར་བལྟས་འོངས་དུས
  ཐལ་མདོག་ལེབ་མོ་ཞིག་ཏུ་སྣང
  མེ་ཏོག་གླིང་ཀ་རུ   གྲོགས་པོ་ལགས
  བདག་གིས་ཅི་ཡང་མི་རྟོགས་པའི་སྨག་མུན་གྱི་རྒྱ་སེ་མེ་ཏོག་ཅིག་སྣོམ་ཐུབ་སྟེ
  ད་ལྟ་བར་མི་ཆད་པའི་སེར་མདོག་གི་དབྱིབས་གཟུགས་འབའ་ཞིག་སྣང་བ་ལས
  བདག་གིས་ཁ་སྤྲོད་ཀྱི་སྐྱི་གཡའ་བའི་རྨི་ལམ་དེ་དག་མཐོང་ནུས་པ་ཙམ
ཞེས་པའོ།
  གོང་གི་སྙན་ངག་འདི་ལས་ང་ཚོས་མཐོང་ཐུབ་པ་ནི་བྷོར་ཧི་ཟི་ཡིས་རང་གི་གནས་སྐབས་ཀྱི་སྣང་ཚུལ་དེ་དག་སྙན་ངག་གི་རྣམ་པས་མཚོན་པར་བྱས་ལ།ཚོར་སྣང་དེ་དག་ནི་དྲང་བདེན་ཞིབ་ཚགས་དང་བབ་ཡང་བ།སྐྱོ་སྣང་ལྡན་ཡང་སྡུག་བསྔལ་མེད་པར།ཁོས་ལོང་བ་ནི་མིའི་ལས་དབང་རིགས་ཤིག་ཏུ་བཀོད་ནས་གླུ་རུ་བླངས་ཡོད།ཁོང་གི་སྙན་ངག་གྲགས་ཅན་<<མུན་ནག་ལ་བསྔགས་པ>>ཞེས་པའི་ཁྲོད་དུ།དྷི་མོར་ཁུ་ལེ་ཐི་ཡིས་མནོ་བསམ་གྱི་ཕྱིར་དུ་རང་གི་མིག་ཟུང་གྲི་ཡིས་ལོང་བར་བཟོས་ཞེས་བྲིས་ཤིང་།འདིས་ཀྱང་ལོང་བ་ནི་ཁོ་ལ་མཚོན་ན་སྐྱོ་གར་ཞིག་ཡིན་པ་གསལ་བོར་བསྟན་ཡོད།
  ཡང་ན།ཁོང་གིས་གཙང་བོ་ཞིག་གི་ཕར་ངོགས་ནས་ཡར་སྔོན་རྒྱུས་མངའ་ཡོད་པའི་སྣང་བརྙན་གྱི་འཇིག་རྟེན་ཞིག་ལ་གཟིགས་པས།མཐོང་ལམ་ཤིན་ཏུ་ཁོད་ཡངས་བ་ཞིག་ཏུ་གྱུར་ཅིང་།འུར་ཟིང་ཡོད་ཚད་ཀྱང་གཟུགས་འདས་རིག་པའི་བྲོ་བ་ཅན་ཞིག་ཏུ་གྱུར་ཡོད་མོད།ཁོང་རང་མི་ཚེ་འདིའི་ཁྲོད་ངོ་གནོང་དགོས་པ་ཞིག་ནི་རང་གི་ཡབ་མེས་ནང་བཞིན་གྱི་དམག་མིའི་དཔའ་ངར་ལྡན་པའི་མི་ཞིག་བྱེད་མ་ཐུབ་པ་དེས་ཡིན་འདུག་ལ།དེ་བས་མིག་ལོང་དང་འབྲེལ་བའི་སྙན་ངག་མང་དག་གི་ཁྲོད་དུ་ཁོས་སྙན་ངག་པ་ཞིག་གི་དཔའ་ངར་གྱིས་སྤོབས་པ་དགུང་ལ་བསྟད་ཡོད།
  ལོ་རབས་ལྔ་བཅུ་བའི་རྗེས་སུ།བྷོར་ཧི་ཟི་ཡིས་སྙན་ངག་རྐང་བ་བཅུ་བཞི་མ་མང་དུ་བརྩམས་ཤིང་།སྙན་ངག་གི་རྩོམ་ལུས་སྤྱད་ཏེ་ཁོང་གི་སེམས་ཁོངས་དཀྱིལ་གྱི་དཔའ་བོ་དག་གི་སྣང་བརྙན་ལ་བསྔགས་བརྗོད་སྤེལ་ཡོད་དེ།དཔེར་ན་མེའར་ཏུན་དང་ཨེ་མོ་ཧྲིན།ཨེ་ལུན་པོར།ཧེ་ཐུ་མན།ཧའེ་ནེ་དང་སི་པེན་ནོ་ཧྲ་ལ་སོགས་ལྟ་བུ།བྷོར་ཧི་ཟི་ཡི་གསར་རྩོམ་ཁྲོད་དུ་དགའ་སྣང་གི་རེ་འབོད་ཀྱིས་ཡོངས་སུ་གཏམས་ཤིང་།རྩོམ་ལུས་ཀྱི་བར་ཁྱད་གཏོར་བ་དེས་ཁོའི་བརྩམས་ཆོས་དག་སྐབས་རེར་ང་ཚོའི་ཉམ་ཆུང་བའི་རྒྱུན་ཤེས་ཀྱིས་རིགས་དགར་མི་ནུས་པའི་ཞིང་ཁམས་ཤིག་ཏུ་སླེབས་ཡོད།ཁོང་གིས་རིག་བྱེད་གཏམ་རྒྱུད་ཐུང་ངུ?དག་གམ་ཐོལ་རྩོམ་གྱི་རྣམ་པས་བྲིས་པའི་ལྷུག་རྩོམ་དག་སྙན་ངག་དེབ་དུ་བཀོད་ཅིང་།དེ་དང་མཉམ་པོར་ལྷུག་རྩོམ་དག་བརྩམས་སྒྲུང་གི་རིགས་སུ་གདགས་བཞིན་ཡོད།
  རྩོམ་ལུས་ཀྱི་ཕྱོགས་ནས་བཤད་ན།བྷོར་ཧི་ཟི་ལ་རང་ཉིད་ཐུན་མིན་གྱི་གོ་བ་ཡོད་དེ།ཁོང་གིས་རྗེས་དཔག་གི་ཁོངས་སུ་གཏོགས་པ་དག་ནི་ལྷུག་རྩོམ་དང་།འཆར་རྟོག་གི་ཁོངས་སུ་འདུས་པ་དག་ནི་སྙན་ངག་ཡིན་པར་བསྟན་ཡོད།འཆར་རྟོག་ཕུན་སུམ་ཚོགས་པ་ནི་སྙན་ངག་གི་གཤིས་ལུགས་འགངས་ཆེན་ཞིག་ཡིན་པར་བཤད་པ་དེས་དེང་གི་བོད་པའི་སྙན་ངག་གི་ཞིང་ས་འདི་རུའང་གདམས་ངག་རྨ་མེད་པ་ཞིག་གི་ས་བོན་བཏབས་ཡོད།
  སྨོས་མ་དགོས་པ་ཞིག་ལ།ཚེ་མཇུག་སྐབས་ཀྱི་བྷོར་ཧི་ཟི་ཉིད་མེ་ལོང་དང་གསང་བའི་ཕོ་བྲང་དང་།རྨི་ལམ་དང་མིག་ལོང་ལ་སོགས་པའི་ཡིད་བརྙན་དང་བརྗོད་བྱར་ལྷག་པར་དགའ་བོ་བྱེད་པ་ལས་གཞན།སྙན་ངག་འབྲི་བའི་ཁྱབ་ཁོངས་ཀྱང་ཤིན་ཏུ་ཀློང་ཡངས་སྟེ།"ལག་པ་བསྲིངས་ཙམ་གྱིས་རེག་ནུས་པའི་བརྗོད་བྱའི་རིགས་ལ་དགའ་བོ་ཡོད"ཅིང་།"སྙན་ངག་པ་ངོ་མ་ཞིག་ལ་མཚོན་ན།ཚེ་སྲོག་ཁྲོད་ཀྱི་སྐད་ཅིག་མའི་དུས་ཚོད་རེ་རེ་དང་།དོན་རྐྱེན་རེ་རེ་ཡང་སྙན་ངག་གི་ཚོར་བས་གཏམས་པ་ཞིག་ཡིན"པར་བསྟན་ཡོད་ལ།དེའི་ཐད་ནས་བལྟས་ན་ནི།ཁོང་ནི་བོད་པའི་གྲུབ་ཐོབ་པའམ་རྣལ་འབྱོར་བ་ཞིག་དང་འདྲ་བར་གནས་དང་དུས་ཚོད་ངེས་མེད་དུ་མགུར་དུ་བཞེངས་ཆོག་པ་ཞིག་རེད་འདུག
    དེ་ནི་བྷོར་ཧི་ཟི་སྟེ།ཁབ་ལེན་རྡོ་ཡིས་ལྕགས་རིགས་གཞིབ་པ་ཇི་བཞིན་ཁོང་གི་སྒྱུ་རྩལ་གྱི་ཚོར་རྟོག་རེ་རེ་ལས་རླབས་ཆེན་གྱི་སྐྱེས་བུ་གྲངས་མེད་པ་ཚེ་ཚེ་རབས་རབས་སུ་བསྐྱེད་པའི་ཡིད་ཆེས་དང་བཅས་ངོ་སྤྲོད་བསྡུས་པ་འདི་མེ་སྟག་ཏུ་འབོད་པས་སྦྱར་རོ།
 ཀྲི་སི་ནི་གནའ་བོའི་ཞི་ལའི་ལྷ་སྒྲུང་ཁྲོད་ཀྱི་ལྷ་ཆེན་ཡིན་ཞིང་།ཨེར་ཕེ་སི་རི་བརྒྱུད་དུ་གནས་གནས་པར་གྲགས།

                                   ༼ སྐྱོ་གླུ
 ཀྱེ་མ  བྷོར་ཧི་ཟིའི་ལས་དབང་ཨ
སྔོན་ཆད་ཁོ་རང་འཛམ་གླིང་གི་རྒྱ་མཚོ་རིགས་མི་འདྲ་བ་དག་ལས
འགྲུལ་བསྐྱོད་བྱས་པའམ  ཡང་ན་མིང་བཏགས་མི་འདྲ་བའི 
གཉིས་སུ་མེད་ཅིང་ཁེར་རྐྱང་གི་རྒྱ་མཚོ་དག་ལས་སོ
སྔོན་ཆད་ཁོ་རང་ཨེ་ཏིན་བྷོད་དང  སུའུ་ལེར་ཧྲི  
ཁྰོར་ཏོ་ཝ་གཉིས་ཀ   ཁུ་རུན་པིས་ཡ་དང
དྷི་ཁུ་སན་སི་ཡི་ཕྱེད་ཙམ་ལ་སླེབས་ཤིང
གོ་བརྗེས་པའི་དུས་རབས་ཀྱི་མཚམས་སུ 
ཁོ་རང་སླར་ཡང   ཡབ་མེས་བགྲེས་རྒུད་ཀྱི་སྐམ་ས་འདི་རུ་ལོག
ཨན་ཏ་ལོ་ཞི་ཨ་དང་ཕུ་ཐོ་ཡ  པོ་རིམ་པ་དག་གི་ས་ཁོངས་སུ་ལོག
ས་ཁུ་ཞོན་མི་དང་ཏེན་མག་མི་ཡིས
ཡར་སྔོན་གནས་དེ་ཀར་ཁྲག་འཛིང་དྲག་པོ་བརྒྱབ་མྱོང
སྔོན་ཆད་ཁོ་རང་ལོན་ཊོན་གྱི་དམར་ཞིང་ལྷིང་འཇགས་ཀྱི
གསང་བའི་ཕོ་བྲང་དུ  འགྲོ་འོང་གྲངས་མང་བྱས་ཤིང
མེ་ལོང་གྲངས་མེད་པ་དག་ལས་ཁོ་རང་རྒས་པར་གྱུར
སྔོན་ཆད་ཁོས་ངལ་བ་དོན་མེད་ཀྱིས
འཛིང་རྡོའི་བརྐོས་རིས་ཀྱི་མིག་མདངས་བཙལ་ཞིང
སྔོན་ཆད་ཁོས་དཔར་སྐྲུན་ལག་རྩལ་དང  རིག་བརྒྱའི་དཔེ་མཛོད
ས་བཀྲའི་ལག་དེབ་བཅས་ལ་ཞིབ་འཇུག་བྱས
སྔོན་ཆད་ཁོས་མི་རྣམས་ཀྱིས་རྒྱུན་དུ་མཐོང་བའི་བྱ་དངོས་ཏེ
འཆི་འདས་དང  རྩིང་རགས་ཀྱི་ཐོ་རེངས 
བདེ་ཐང་དང་ཡིད་དབང་འགུགས་པའི་སྐར་ཚོམ་མཐོང་མྱོང
ཁོས་ཅི་ཞིག་གམ་ཕལ་ཆེར་གང་ཡང་མཐོང་མ་མྱོང་བ་འདྲ་སྟེ
པུ་དབྱི་ནོ་སི་ཨེ་ལིས་སིའི་བུ་མོ་ཞིག་གི་ངོ་གདོང་ལས་གཞན
ཁོས་བསྐྱར་དུ་དྲན་མི་འདོད་པའི་ངོ་གདོང་ཞིག་ལས་གཞན
ཀྱེ་མ  བྷོར་ཧི་ཟིའི་ལས་དབང་ཨ
ཡང་ན་ཁྱེད་ཀྱི་དེ་ལས་ཁྱད་དུ་འཕགས་པ་ཞིག་མིན་ཀྱང་སྲིད
                                                       པོར་ཀི་ཏ་ནས ༡༩༦༣ལོར།

                                   ༼ འདས་མཆོད

པར་ཟིག་གི་དབྱངས་འགྲོས་ཉིད་བདག་གི་སྙན་ངག་ཁྲོད་བསྐྱར་དུ་མངོན་པར་བྱོས
ཞིབ་མདང་ཁྲོད་ཡོད་ཚད་ནི་དུས་ཚོད་ཀྱིས་བསླེས་པའི་བརྒྱུད་རིམ་འབའ་ཞིག་སྟེ
ལྐོག་གྱུར་གྱི་རྨི་ལམ་རྨི་མཁན་གྱིས་རྨི་ལམ་རྨོན་འདེབས་བྱ་ངེས
ང་ཚོ་ནི་ཏག་ཏག་འདོད་རྔམ་འགྱུར་ལྡོག་མང་པའི་རྨི་ལམ་དེ་དག་རེད
 
ཡང་བསྐྱར་ཐེངས་ཤིག་ལ་མེ་ལྕེ་ནི་ཐལ་སྙིགས་ཡིན་ཞིང
སྒྱུ་ལུས་ནི་རྡུལ་ཕྲན་དང  བཞུར་སླ་བའི་གཙང་ཆུ་ནི
ཁྱེད་དང་ངའི་ཚེ་སྲོག་གི་སྣང་བརྙན་ཏེ
དེ་དག་ང་ཚོ་དང་ཁ་གྱེས་པ་འགྲོས་དལ་ཡང་བྲེལ་མྱུར་དང་ལྡན་པ་གསལ་བར་བྱས
 
ཡང་བསྐྱར་ཐེངས་ཤིག་ལ་དྲན་གསོའི་རྡོ་རིང་དཀའ་ཐུབ་ཀྱིས་བསླངས་ཤིང
དེ་ཡི་མཐོ་སྙེམས་ནི་རླུང་བུ་ཞིག་ལྡང་བ་དང་འདྲ་བར
མི་ནུབ་པ་དག་གི་བསམ་དཔག་ལས་འདས་པའི་འོད་སྣང་དང་བསྡུར་ན
དུས་རབས་གཅིག་ནི་སྐད་ཅིག་མ་གཅིག་ལས་མེད་པའང་གསལ་བར་བྱས
 
ཡང་བསྐྱར་ཐེངས་ཤིག་ལ་གསེར་མདོག་གི་སྐད་སྙན་བྱེའུ་ཡི
གཉིས་སུ་མེད་པའི་ཡིད་འགུགས་ཀྱི་སྐད་གདངས་གྱ་གྱུ
མཚན་དགོང་མཐའ་མེད་ཀྱི་ཟབ་ས་རུ་འབྱམས་པར་གྲགས་ཤིང  བརྐམ་སྲེད་ཀྱི
རྒྱུ་སྐར་ཚོགས་ཀྱིས་རིན་ཆེན་བང་མཛོད་ཡོངས་གྲོན་མི་འདོད་པར་ཡིད་གཟབ་བྱས
 
ཡང་བསྐྱར་ཐེངས་ཤིག་ལ་ཟླ་བ་ཁྱེད་ཀྱི་སྙན་ངག་གི་ཀློང་དུ་བྱོན་པར་བྱས་ཏེ
ས་སྲོད་ཀྱི་འོད་མདངས་ཁྲོད་ཁྱེད་ཀྱི་མེ་ཏོག་གི་གླིང་ཀར་ཕྱིར་ལྡོག་བྱས་པ་བཞིན
མེ་ཏོག་གླིང་ཀ་དེའི་ཁྲོད་ཀྱི་གཅིག་མཐུན་གྱི་ཟླ་བས
དོན་མེད་དུ་ཁྱེད་ཀྱི་གཉིས་སུ་མེད་པའི་ངོ་གདོང་འཚོལ་བར་བྱས
 
མཉེན་འཇམ་ས་སྲོད་ཀྱི་ཟླ་བའི་འོག་ཏུ
ཆུ་གསོག་རྫིང་བུ་ནི་ཁྱེད་ཀྱི་གཅོམ་གུས་ཀྱི་དཔེ་མཚོན་ལགས་ཏེ
རྟག་བརྟན་གྱི་སྣང་བརྙན་ཉི་ཚེ་བ་དག
དེ་ཡི་ཆུའི་མེ་ལོང་གི་སྟེང་རིམ་དུ་ཡང་བསྐྱར་མངོན
 
པར་ཟིག་གི་ཟླ་བ་དང་ས་སྲོད་ཀྱི་བྱེ་ཐང་གིས
རབ་རིབ་གསེར་སེར་གྱི་ཁ་དོག་བསྐྱར་དུ་མངོན་པར་གྱིས
དེ་རིང་ནི་ཁ་སང་ཡིན་ལ  ཁྱེད་ནི་ངོ་གདོང་རྡུལ་ཕྲན་དུ་གྱུར་བའི
མི་ཚོགས་ཁྲོད་ཀྱི་གཅིག་སྟེ  ཁྱེད་ནི་སྔར་ནས་འདས་ཟིན་པ་དེ་ཡིན།

                                                                                      1968ལོའི་ཟླ6པ།

                                      ༼གསེར་མདོག་གི་ཕྱི་དྲོའམ
ལྷིང་འཇགས་ཀྱི་གསེར་མདོག་གི་ཕྱི་དྲོར
ཡོད་སྲིད་པའི་དཔེ་མཚོན་ཁྲོད
མི་ཞིག་གིས   དཔེ་སྒྲོམ་སྟེང་སྒུགས་བཞིན་པའི
དཔེ་དེབ་རྣམས་དག་སྒྲིག་བྱེད་བཞིན་འདུག
ལུག་ལྤགས་ཀྱིས་བཟོས་པའི་ཤོག་བུ་དང 
ཀོ་པགས་དང་རས་ཀྱིས་གྲུབ་པའི་མདུན་ཤོག་ལ་བྱིལ་བྱིལ་གཏོང་བཞིན
ངང་སྒུགས་ཀྱི་གོམས་སྲོལ་དང
སྒྲིག་སྲོལ་ཞིག་བཟོ་བའི་དབང་གིས
ཁོས་གཤོམ་སྒྲིག་གི་དགའ་སྣང་མྱོང་བཞིན་ཡོད
སི་དྷི་ཝིན་སི་དང་ཨན་དྷི་ལོ་ལན  སུར་ཀི་ལན་མི་གཞན་ཞིག་གིས
གནས་འདི་རུ་གསང་བའི་ངང་བསྐྱར་མཐུད་བྱེད་བཞིན་པ་ནི
རྒྱ་མཚོ་དང་འཆི་འདས་ཀྱིས་བར་མཚམས་ཡང་ཡང་བཅད་པའི
ཁོ་ཚོའི་དལ་ལྷོད་ཀྱི་བགྲོ་གླེང་དེ་ཡིན་ལ
ལོད་ཡེ་སིས་ཀྱང་ཝེ་ཅེའར་གྱི་ཁྱིམ་མཚེས་སུ་སྡོད་པར
མི་དགའ་བ་བྱེད་མི་སྲིད
(ཁེངས་སྐྱུང་དང་དབེན་སིམ་གྱི་རྣམ་པས
དཔེ་སྒྲོམ་སྟེང་གི་དཔེ་དེབ་བསྟར་སྒྲིག་བྱེད་པ་ནི
དགག་བཞག་གི་སྒྱུ་རྩལ་རིགས་ཤིག)
མི་དེ་སྔར་ནས་ལོང་བར་གྱུར་ཟིན
ཁོས་ཡིད་དུ་འོང་བའི  ཁོས་ད་ལྟ་སྒུལ་བཞིན་པའི་དཔེ་གླེགས་དག
སྦྱོར་ཀློག་བྱེད་མི་ནུས་པའང་ཤེས་ཟིན་ཏེ
དེ་དག་གིས་ཀྱང་མི་གཞན་གྱི་མིག་ལམ་དུ
ཁོའི་འཚོ་བར་དག་སེལ་གཏོང་ནུས་པའི་དཔེ་དེབ་ཞིག་རྩོམ་པར
ཁོ་ལ་རོགས་འདེགས་བྱེད་མི་སྲིད
ཡང་ན་ནི་གསེར་མདོག་ཡིན་པའི་ཕྱི་དྲོ་དེར
ཁོས་འཛུམ་དང་བཅས་ཁོའི་ཁྱད་མཚར་གྱི་ལས་དབང་ལ་གདོང་བསྟད་དེ
ཐུན་མོང་མིན་པའི་བདེ་སྐྱིད་དག
གཅེས་ཤིང་དགའ་བའི་འདས་ཟིན་གྱི་བྱ་དངོས་དག་ལས་བྱུང་བར
མྱོང་རོལ་བྱེད་བཞིན་ཡོད
                                      དཔེ་དེབ་ལྟ་སྲུང་མཁན  
གནས་དེ་ཀར་ཁོ་ཚོ་ནི་མེ་ཏོག་གི་གླིང་ཀ་ཡིན  ཆོས་ཁང་དང་ཆོས་ཁང་གི་རིགས་རྩོད
འོས་མཚམས་ཀྱི་རོལ་དབྱངས་དང་འོས་མཚམས་ཀྱི་ཚིག་འབྲུ
མོ་དོན་དྲུག་ཅུ་རེ་བཞི
གནམ་བདག་གིས་མི་རྣམས་ལ་བསྩལ་བའི
གཉིས་སུ་མེད་པའི་ཤེས་རབ——མཛད་སྒོ་སྟེ
གོང་མའི་མཛད་སྒོ་ཡིན
ཁོའི་ཞི་འཇགས་འཇིག་རྟེན་གྱིས་གསལ་བར་བྱས་ཤིང  ཁོའི་མེ་ལོང་གིས
ཞིང་ཐང་དུ་ཁོ་ཚོའི་སིལ་ཏོག་འཁྲུངས་པར་བྱས
གཙང་ཆུ་ཡིས་ཁོ་ཚོའི་འགྲམ་ངོགས་ལ་གུས་བསྲི་བྱེད་ཅིང
རྨས་ཤོར་ཏེ་ཕྱིར་ལོག་པའི་གཅན་གཟན་རྭ་གཅིག་མས
ལྐོག་གྱུར་རྟག་བརྟན་གྱི་ཁྲིམས་སྲོལ་དང  
ནམ་མཁའི་ཁམས་ཀྱི་འཆམ་མཐུན་མཇུག་རྫོགས་པ་གསལ་བཤད་བྱས
བྱ་དངོས་འདི་དག་གམ་ཁོ་ཚོའི་ཕྱིར་དྲན
བདག་གིས་ལྟ་སྲུང་བྱས་པའི་ཐོག་ཁང་གི་དཔེ་དེབ་ཁྲོད་དུ་གནས
 
ཀླ་ཀློ་བ་དག་རྔོག་ཟེ་རིང་བའི་རྟེའུ་ཆུང་ལ་བཅིབས་ཏེ
བྱང་ཕྱོགས་ནས་ཆས་བྱུང
ཁོ་ཚོས་གོང་མས་མངགས་པའི་དམག་སྡེ་ཚར་གཅོད་བྱས་ཤིང
དེ་དག་གིས་གུས་ལུགས་མི་རྟོགས་པར་ཉེས་ཆད་གཅོད་སླད
ཁོ་ཚོས་མེ་ཕུང་བརྩིགས་ཏེ  མིད་པ་རྩད་ནས་བཅད
ཁོ་ཚོས་ཉེས་ཅན་དང་དྲང་བདེན་བསད་ཅིང
ཁོ་ཚོས་སྒྲོག་ཟྭས་བཅིངས་པའི་སྒོ་སྲུང་བྲན་གཡོག་བསད
ཁོ་ཚོས་བུད་མེད་དག་བདག་འཛིན་དང་ཕྱིར་སྤྲོད་བྱེད་བཞིན
མུ་མཐུད་དུ་ལྷོ་ཕྱོགས་སུ་དམག་བསྐྱོད་བྱེད
ཉེས་མེད་ཀྱི་མི་རྣམས་ནི་ཤ་གཟན་གྱི་གཅན་གཟན་དང་འདྲ་བར
གདུག་རྩུབ་ཆེ་བ་རལ་གྲིའི་དོ་ཟླར་འོས
གཏན་འཇགས་མིན་པའི་ཐོ་རེངས་སུ
བདག་གི་ཡབ་ཆེན་གྱི་སྐྱེད་ཡབ་ཀྱིས་དཔེ་དེབ་འདི་དག་བསྐྱབས
སྐབས་འདི་ལ་ཁོ་ཚོ་བདག་རང་གནས་སའི་ཐོག་ཁང་དུ
མི་གཞན་ལ་དབང་བའི་དུས་རབས་དེར་ཕྱིར་དྲན་བྱེད་བཞིན་ཡོད་དེ
ཕྱིའི་རྒྱལ་ཁབ་ཀྱི་དང་བགྲེས་རྒུད་ཀྱི་དེ་དག
 
བདག་གི་མིག་ཁོངས་སུ་ཉིན་མོ་མི་སྣང་ངོ་།
དཔེ་སྒྲོམ་མཐོ་དྲགས་ཏེ་བདག་གི་ན་ཚོད་ཀྱིས་ཁོ་ཚོར་རེག་ཏུ་མི་གཏུབ་བོ
ལའེ་གའོ་བགྲང་བའི་རྡུལ་སྙིགས་དང་རྨི་འཕྲུལ་གྱིས་ཐོག་ཁང་ཡོངས་སུ་བཏུམས་ཟིན
བདག་གིས་རང་ཉིད་ལ་གཡོ་བྲིད་བྱེད་དོན་ཅི་ཡོད
དོན་དངོས་ཐོག་བདག་གིས་ཇི་ལྟར་ཀློག་རྒྱུ་གཞར་ཡང་རྟོགས་ཀིན་མེད
ཡིན་ནའང  བདག་གིས་རང་ཉིད་ལ་སེམས་གསོ་བྱེད་བཞིན
མཛེས་སྡུག་གི་དུས་རབས་ཤིག་སྔར་ནས་མཇུག་རྫོགས་ཟིན་ཏེ
གྲོང་ཁྱེར་དེ་ད་ལྟ་བྱེ་ཐང་དུ་འགྱུར་བཞིན་པར
བསམ་གཞིག་གཏོང་བཞིན་པའི་མིའི་འཆར་སྣང་དེ
འདས་ཟིན་པ་དང་རིགས་གཅིག་ཡིན་པའི་བསམ་བློ་བཏང
གང་ཞིག་གིས་བདག་གི་སྟོང་བསམ་དག་འགོག་ནུས་སམ
ནམ་ཞིག་བདག་གིས་ཤེས་རབ་འདི་དག་ཀློག་འགྲེལ་བྱེད་ཤེས་ཚེ
བྱང་ཆ་དོད་པའི་ལག་པས་བརྡ་རྟགས་དེ་དག་འབྲི་བར་བྱེད་དམ
བདག་གི་རུས་ཞང་ཡིན་ལ  བདག་ནི་དཔེ་དེབ་ལྟ་སྲུང་མཁན་ཡིན
ཁོ་ཚོ་ཡང་ན་ནི་མཐའ་མཇུག་གི་ཤུལ་རྫས་ཡིན་སྲིད་དེ
བདག་ཅག་གིས  བཙན་རྒྱལ་དང་གོང་མ་ལ་རྒྱུས་ལོན་བྱས་མེད་པས་སོ
གནས་དེ་ཀ་རུ་མཐོ་ཞིང་མཐོ་བའི་དཔེ་སྒྲོམ་དག་རེད
བར་ཐག་ཤིན་ཏུ་ཉེ་ལ་རྒྱང་ཁད་ཀྱང་རིང་བོར་སྣང་སྟེ
སྐར་མའི་ཚོམ་བུ་དག་ལྐོག་གྱུར་ཡིན་ལ་མངོན་པར་ཀྱང་གསལ་བ་ནང་བཞིན
གནས་དེ་ཀར་མེ་ཏོག་གི་གླིང་ཀ་ཡོད་ལ  ཆོས་ཁང་ཀྱང་ཡོད
                ལའེ་གའོ(league)རིང་ཚད་གཞལ་བའི་གྲངས་ཚད་ཅིག་སྟེ།རྒྱུན་པར་མཚོ་འགྲུལ་གྱི་སྐབས་སུ་སྤྱོད་ཅིང་།མཚོ་ལེ་3.18དང་།ལེ་དབར་4.8དང་མཚུངས།
                                       ༼ སྐད་སྙན་བྱེའུ  

ལྐོག་གྱུར་གྱི་ཨིན་ཀི་ལན་གྱི་མཚན་མོ་དེ་དག་དང
ཡང་ན་བགྲང་ལས་འདས་པའི་ལེ་དབྱིན་གཙང་བོའི་མཚན་མོ་དེ་དག་ལ
བཅོས་ཐབས་མེད་པའི་བདག་གི་མཚན་མོའི་མཚན་མོ་ཡོད་ཚད་ལ
ཝེ་ཅེར་དང་པར་ཟིག་མི་ཡི་སྐད་སྙན་བྱེའུ་ཨ
ཁྱེད་ཀྱི་ངོ་མཚར་གྱིས་གཏམས་པའི་གླུ་སྒྲ་དེ
བདག་གི་ཤེས་མེད་ཀྱི་སྒྲ་འཛིན་ཀློང་དུ་གྲགས་ངེས་སམ
ཡང་ན་བདག་གིས་གདོད་ནས་ཁྱེད་རང་ཐོས་མ་མྱོང་ཀྱང་སྲིད་མོད
བདག་གི་འཚོ་བ་དང་ཁྱེད་ཀྱི་འཚོ་བ་ལྷན་དུ་སྦྱར་བས  ད་ནི་གྱེས་ཐབས་བྲལ་སོང
ངོ་མཚར་གྱི་དཔེ་དེབ་ཅིག་གི་ཁྲོད་ན  ཁྱེད་ཉིད
འཁྱམས་ཉུལ་གྱི་བླ་བདུད་ཅིག་གི་དཔེ་མཚོན་དུ་འགོད་ཅིང
གྲུ་བས་ཁྱེད་ཉིད་ནགས་ཚལ་ཁྲོད་ཀྱི་སེ་རུན་དུ་འབོད
ཁྱེད་ཀྱིས་སྒྲོའུ་ལི་ཡེ་ཡི་མཚན་མོ་དང
གྲངས་རྫོབ་མང་པའི་ལ་ཏིན་གྱི་ས་བཅད་ཁྲོད་ནས་གླུ་དབྱངས་ལེན་ལ
སྒྲོས་ཏིས་ཡ་དང་འཇར་མན་ནས་སླེབས་པའི
སྐད་སྙན་བྱེའུ་གཞན་ཞིག་གིས་ཐང་ཤིང་ནགས་ཚལ་དུ་གླུ་དབྱངས་ལེན
དེ་ནི་ཁྲེལ་དགོད་དང་  མེ་ལྟར་ཚ་བ  སྐྱོ་གདུང་གི་ཧེ་ནའེ་རེད
ཇིས་ཟི་ཡིས་ཚོགས་པའི་སླད་དུ་ནམ་ཡང་ཁྱེད་ཀྱི་གླུ་སྒྲ་ལ་ཉན་ཡོད
འཇིག་རྟེན་སྟེང་གི་ས་གནས་སོ་སོའི་མི་ཚོགས་ཀྱིས་གནང་བའི
ཁྱེད་ཀྱི་གཟི་འོད་འབར་བའི་མཚན་སྙན་ཁྲོད
ཁྱེད་ཀྱི་རོལ་དབྱངས་དང་མི་འགྲིག་པ་གང་ཡང་མི་འདུག་ཨང
མུན་ནག་གི་སྐད་སྙན་བྱེའུ
མུ་སེ་ལམ་གྱིས་ཁྱེད་རང་རྨི་ལམ་དུ་མཐོང་སྟེ
བཟི་འཁྱོམ་ཚད་ལས་བརྒལ་བའི་ཀློང་དུ་བྱིངས
ཁྱེད་ཀྱི་བྲང་ཁོག་ནི་གླུ་རུ་ལེན་བཞིན་པའི  རྒྱ་སེ་མེ་ཏོག་གིས
ཧ་ཅང་སྐྱོ་སྡུག་གིས་རྨས་ཤིང  ཁྱེད་ཀྱི་མཇུག་མཐའི་ཁྲག་དམར་གྱིས
དེ་ཡང་དམར་པོར་བསྒྱུར
སྟོངས་དྲགས་པའི་ཕྱི་དྲོ་འདིར
བདག་གིས་ཧུར་བརྩོན་གྱིས་སྙན་ངག་འདི་གསར་རྩོམ་བྱེད་བཞིན་ཡོད་ལ
བྱེ་ཐང་དང་རྒྱ་མཚོའི་སྐད་སྙན་བྱེའུ་ཨ
དྲན་སྣང  སེམས་འགུལ་དང་ལྷ་སྒྲུང་གི་ཁྲོད་དུ
ཁྱེད་རང་བརྩེ་དུང་ལས་མེ་རུ་འབར་ཞིང 
ཁྱེད་རང་དྭངས་གཙང་གི་གླུ་དབྱངས་ལས་ཤི་སོང

སེ་རུན(siren)བྱ་བ་ནི་གནའ་བོའི་ཞི་ལའི་ལྷ་སྒྲུང་ལས་བྱུང་ཞིང་།ལྷ་སྒྲུང་གི་ཁྲོད་དུ་ཁོ་མོ་ནི་མིའི་གདོང་ལ་བྱའི་ལུས་པོ་ཅན་ཞིག་སྟེ།སྲིད་གསུམ་གྱི་ཁམས་ཀུན་འགུགས་པའི་སྐད་སྒྲ་སྙན་མོ་དང་ལྡན་ལ།རྒྱུན་པར་རྒྱ་མཚོའི་ཀློང་དུ་འཕུར་ནས་གླུ་སྐད་སྙན་མོས་མཚོ་འགྲུལ་བྱེད་ཀྱིན་པའི་གྲུ་བ་དག་གི་ཡིད་ཁམས་བསླུ་བྲིད་ཀྱིས་འགུགས་པར་བྱེད་ཅིང་།གྲུ་གཟིངས་རྡོ་བས་གཏོར་མཚམས་གྲུ་བ་དག་གི་བེམ་རོ་ལོངས་སུ་སྤྱོད་བཞིན་ཡོད་པས།མཚོ་བདུད་ཅེས་ཀྱང་ཟེར།
 
ཧེ་ནའེ་ནི་སྙན་ངག་པ་ཞིག་སྟེ海涅ཟེར།
ཇིས་ཟི་ནི་སྙན་ངག་པ་ཞིག་སྟེ济慈ཟེར།
                                     ༼ ཨ་ལི་ཧྲན་ཏ.A.D.641  
གདོད་ཐོག་མའི་ཡ་ཏིང་གིས་མཚན་མོ་དང
ཉིན་མོ་དང་ཁོའི་ལག་པའི་དབྱིབས་རིས་མཐོང་བ་ནས་བཟུང
མི་རྣམས་ཀྱིས་གཏམ་རྒྱུད་རྟོག་བཟོ་བྱས་ཏེ   རྡོ་བ་དང་ལྕགས་རིགས 
ལུག་ལྤགས་ཀྱིས་བཟོས་པའི་ཤོག་གུའི་སྟེང་ཐོ་འགོད་བྱས་པ་སྟེ
དེ་ནི་འཇིག་རྟེན་སྟེང་གི་ཡོད་ཚད་ཡིན་པའམ  ཡང་ན
སྟོང་བསམ་གྱི་གསར་རྩོམ་གང་ཡིན་ནའང་འདྲ
འདི་ནི་ཁོ་ཚོའི་གྲུབ་འབྲས་སྟེ  དཔེ་མཛོད་ཁང་ངོ
ཤོད་རྒྱུན་ལ  དེ་རུ་གཏོགས་པའི་དཔེ་གླེགས
རྒྱུ་སྐར་གྱི་གྲངས་སམ་བྱེ་ཐང་བྱེ་ཟེགས་ཀྱི་སྡོམ་ལས་ཀྱང་མང་པར་བཤད་དེ
མཇུག་རྫོགས་པར་ཀློག་འདོད་ཚེ
དེ་དག་གི་མི་རྣམས་ཀྱིས་བློ་རིག་དང
ཧོལ་རྒྱུག་གི་འདྲེན་བྱེད་ཀྱང་འདོར་བར་སྲིད་དོ
གནས་འདི་ཀ་རུ་དུས་རབས་གྲངས་མེད་པའི་རྔམ་མཐུག་པའི་དྲན་སྣང་ཡོད་ཅིང
རལ་གྲི་དང་དཔའ་རྟུལ་དེ་ཡོད་ལ
ཚབ་རྩིས་རིག་པའི་སྟབས་བདེ་ཡི་མཚོན་རྟགས་དང
ལས་དབང་བཀོད་འདོམས་ལ་འཚོལ་སྙེགས་བྱས་པའི   རྒྱུ་སྐར་གྱི་ཤེས་བྱ
སྨན་རྩྭའི་ཁྱད་གཤིས་དང་བ་སོའི་སྲུང་འཁོར
བརྩེ་གཤིན་བསྐལ་བར་མི་རྙིངས་པའི་སྙན་ངག
གནམ་བདག་གི་ཁེར་རྐྱང་མཆན་དུ་འགྲེལ་བའི   གསང་བའི་ཕོ་བྲང་གི་ཤེས་བྱ 
ལྷའི་རིག་པ
ས་འདམ་བཙལ་ནས་གསེར་དུ་བསྒྱུར་བའི་གསེར་སྦྱངས་ཐབས་རྩལ་དང
འདྲ་སྐུར་དད་གུས་ཀྱི་འཆར་རྟོག་ཡོད་དེ
ཡེ་ཤུ་ལ་མི་དད་པའི་མིས   གལ་སྲིད་དེ་དག་མེ་རུ་བསྲེགས་ན
ལོ་རྒྱུས་ཀྱང་མེ་རུ་བསྲེགས་ངེས་པའི་འབོད་སྐུལ་སྒྲོགས་བཞིན་ཡོད་ནའང
ཁོ་ཚོ་འཁྲུལ་སོང་སྟེ  མིག་ལོང་བའི་མིས
ད་དུང་གྲངས་ལས་འདས་པའི་དཔེ་དེབ་གསར་བསྐྲུན་བྱེད་ངེས
དཔེ་གླེགས་ཡོད་ཚད་ལས་དཔེ་དེབ་གཅིག་ཀྱང་མ་ལྷག་ནའང
མིའི་རིགས་ཀྱིས་ཤོག་གྲངས་རེ་རེ་ནས་ཚིག་རྐང་རེ་རེ་དང
ཧེ་ཀིར་ལ་ཟི་ཡི་ལས་དོན་རེ་རེ་ནས་བརྩེ་བ་རེ་རེ་སྟེ
ལག་དེབ་རེ་རེིའི་ཁྲོད་ཀྱི་གཞུང་ལུགས་རེ་རེའང་བསྐྱར་དུ་བསྐྲུན་ངེས
ཡེ་སི་ལམ་གྱི་ཆོས་ལོ་དུས་རབས་དང་པོར
བདག་སྟེ  པར་ཟིག་དབང་དུ་བསྡུས་ཏེ 
ཡེ་སི་ལམ་ཆོས་ལུགས་འཛམ་གླིང་ལ་བཙན་གྱིས་སྤེལ་བའི
ཨོ་མའར་དེས   བདག་གི་དམག་མི་ལ་མེ་བཀོལ་ཏེ
ཕུན་སུམ་ཚོགས་པའི་དཔེ་མཛོད་ཁང་དེ་མེ་རུ་བསྲེགས་དགོས་པའི
བཀའ་འབེབས་གནང་ནའང  དེ་ནམ་ཡང་ཡལ་མི་སྲིད་དེ
མཆོད་བསྟོད་ཡོད་ཚད
གཉིད་བོར་བའི་གནམ་བདག་དང  མ་ཧྰ་མུ་ཏི་དང
ཁོང་གི་དད་ལྡན་པ་དག་ལ་དབང་ངོ

                                      ༼ས་སྲོད

འོངས་པར་འགྱུར་བ་དང་འདས་ཟིན་པའི་ས་སྲོད་དག
བློ་ལས་འགོངས་པའི་ངང་ནས་གཞི་གཅིག་ཏུ་འདྲེས་སོང
དེ་ཚོ་ནི་དྭངས་གསལ་གྱི་ཆུ་ཤེལ་ཅིག   ཁེར་རྐྱང་ཡིན་ལ་སྐྱོ་ཤས་ཆེ་སྟེ
དུས་ཚོད་དང་དེའི་བརྗེད་ངེས་ཀྱི་ཀློང་དུ་ཞུགས་ཐབས་བྲལ
དེ་ཚོ་ནི་ལྐོག་གྱུར་གྱི་ནམ་མཁའི་ཀློང་དུ་སྦས་པའི
རྟག་བརྟན་ས་སྲོད་ཀྱི་མེ་ལོང་དེའོ
ནམ་མཁའི་ཀློང་རིམ་དུ་ཉ་མོ་ཡོད་ལ
ཐོ་རེངས  རྒྱ་སྲང  རལ་གྲི་དང་ཆུ་གསོག་རྫིང་བུ་ཡོད
བྱ་དངོས་ཡོད་ཚད་ཀྱི་གདོད་མའི་མ་གཟུགས་ཡོད   ཕུ་ལོ་ཏིས་ནོ་ཡིས
ཁོང་གི་བརྩམས་ཆོས«ལེའུ་དགུ་མ»ལས་བདག་ཅག་ལ་གདམས་པ་ནང་བཞིན
བདག་ཅག་ཡུན་ཐུང་གི་ཚེ་སྲོག་འདི
ཡང་ན་ལྷ་ཡི་སྐད་ཅིག་གཅིག་གི་སྣང་གཟུགས་ཤིག་རེད
ཀུན་གྱིས་རྟོགས་པའི་ས་སྲོད་ཀྱིས་ཁང་མིག་གི་མུ་མཐའ་བསྐོར་ཡོད
ཁ་སང་དང་དེ་རིང་གི་ས་སྲོད 
གཏན་དུ་གནས་དེ་ཀར་ཡོད
                                      པེ་པོར
 མེ་ལོང་གསལ་དྭངས་ཀྱི་ཤེལ་ངོས་སུ
དཀར་མདོག་ཁེར་རྐྱང་གི་བྱི་ལས་རང་ཉིད་ལ་བལྟས་འདུག
ཡིན་ནའང་ཁོས་དཀར་མདོག་དེ་དང
གསེར་མདོག་གི་འདྲེན་བྱེད་དེ་ནི 
ཁང་མིག་དབུས་སུ་གདོད་ནས་མཐོང་མ་མྱོང་བའི
རང་ཉིད་ཀྱི་སྣང་བརྙན་ཡིན་པ་ཤེས་མི་སྲིད
སུ་ཞིག་གིས་ཁོ་ལ  
རང་ཉིད་ལ་གཟིགས་ཞིབ་བྱེད་ཀྱིན་པའི   བྱི་ལ་གཞན་དེ་ནི
མེ་ལོང་ཁྲོད་ཀྱི་རྨི་ལམ་ཞིག་ཡིན་པ་གསལ་བོར་ཤོད་གཏུབ་བམ
འདིས་བདག་ལ  གཟུགས་རྣམ་དོ་མཉམ་གྱི་བྱི་ལ་དེ་གཉིས
ཤེལ་ངོས་ཀྱི་དང་ཁྲག་དྲོད་དང་ལྡན་པ་དེ་གཉིས
རྟག་བརྟན་གྱི་གདོད་མའི་མ་གཟུགས་ཀྱིས་གནང་བའི
དུས་ཚོད་ཀྱི་འཕྲུལ་སྣང་ཞིག་ཡིན་པར་བསམ་བློ་འཁོར་ཏུ་བཅུག
<<ལེའུ་དགུ་མ>>འི་ཁྲོད་གཟུགས་བརྙན་དུ་གྱུར་མྱོང་བའི
ཕུ་ལོ་ཏིས་ནོ་ཡིས་འདི་ལྟར་གསུངས་སྟེ
ལྷ་ཡུལ་སྔ་རོལ་གྱི་ཡ་ཏིང་གང་ཞིག
དབྱེ་འབྱེད་མི་ནུས་པའི་ལྷ་གང་ཞིག་ནི
བདག་ཅག་གི་ཆགས་གྲུམ་དུ་སོང་བའི་མེ་ལོང་དེ་ཡིན་ནམ
 པེ་པོར་ནི་བྷོར་ཧི་ཟིའི་བྱི་ལའི་མིང་ཡིན།
                                       ༼ སྙན་ངག་པ 
བདག་ཅག་ནི་ཁྱེད་ཀྱིས་བཤད་པའི་གཙང་བོ་དེ་ཡིན   ཧི་ར་ཀི་རེ་ཐུ
བདག་ཅག་ནི་དུས་ཚོད་སྟེ     དེ་ཡི་རྒོལ་ཐབས་མེད་པའི་བཞུར་རིམ་གྱིས
སེང་གེ་དང་རི་རྒྱུད་འཁུར་ཡོད་ལ  
བརྩེ་དུང་གི་མིག་ཆུ་དང       སྤྲོ་དགའི་ཐལ་རྡུལ
ཡིད་འགུགས་པའི་བར་དང་མཐའ་མེད་པའི་རེ་མདུན
རྡུལ་ཕྲན་དུ་གྱུར་བའི་བཙན་རྒྱལ་གྱི་ཕོངས་ཆེ་བའི་མཚན་སྙན
ཞི་ལ་དང་རོ་མའི་སྒྲ་འབྲུ་དྲུག་མའི་སྙན་ངག
ཐོ་རེངས་ཀྱི་དབང་ཤེད་འོག་གི་མུན་ནག་གི་རྒྱ་མཚོ
གཉིད་རྨུགས    སྔོན་མར་རོལ་མྱོང་བའི་འཆི་བ
དྲག་ཆས་དང་དམག་མི     དྲན་གསོའི་རྡོ་རིང
ཨ་ནོའུ་སི་ཡི་ཕན་ཚུན་མཐོང་མི་གཏུབ་པའི་ངོ་གདོང
རྒྱལ་སྤྱིའི་མིག་མངས་ཀྱིས་མིག་མངས་གཞོང་བ་རུ་བསླེས་པའི
བ་སོ་ཡི་གསང་བའི་ཕོ་བྲང་དང
ཟུངས་ཁྲག་གིས་རྒྱ་མཚོའང་དམར་བོར་བསྒྱུར་ནུས་པའི
མའེད་ཀི་པེད་ཀྱི་ཁྲག་དྲི་བྲོ་བའི་ལག་པ་དག་འཁུར་ཡོད
སྨག་རུམ་གྱི་ཁྲོད་དུ
ཆུ་ཚོད་ཀྱིས་གསང་བའི་ངང་ལས་དོན་རྩོམ་བཞིན་ཡོད
མེ་ལོང་གི་ངོས་གཞན་ཞིག་གི་ཀློང་ནས་རང་ལུས་མཐོང་བྱུང་བའི
འབྱམས་ཀླས་པའི་མེ་ལོང་གི་ངོས་ཞིག
སུས་ཀྱང་མཐོང་དཀའ་བ་ནི་ཁོ་ཚོའི
ངར་ལྕགས་ཀྱི་བར་བཅུག་རི་མོ་དང  ཀི་ཐིའི་ཡིག་གཟུགས
དཔེ་སྒྲོམ་གསེང་གི་མུ་ཟིའི་དབྱུག་པ
གཉིད་མེད་སེམས་མུག་གི་ཅོང་སྒྲ
ཐོ་རེངས་དང་ནུབ་ཕྱོགས་དང་ས་སྲོད
བྲག་ཅ  ལྡོག་རླབས  བྱེ་ཟེགས  སྤང་རྩི་དང  རྨི་ལམ་དག་ཡིན
བདག་ནི་སྟོང་བ་སྟེ  ཡིན་ནའང་སྣང་བརྙན་དེ་དག
སྟེས་དབང་གིས་ལྷན་དུ་འདྲེས་ཤིང་ཞེན་ལོག་གིས་མིང་བཏགས་བཀོད་ཡོད
ད་ལྟ་ཡིན་ནའང  མིག་ལོང་ཞིང་སྟོབས་ཉམས་པ་ཡིན་ནའང
བདག་གིས་ངེས་པར་དུ་རུལ་སུངས་སུ་འགྱུར་དཀའ་བའི
སྙན་ངག་གི་རྐང་བ་འདི་དག་སྦྱོར་སྡེབ་བྱེད་དགོས
དེ་དང་མཉམ་དུ(འདི་ནི་བདག་གི་འགན་འཁྲི་ཡིན)རང་ཉིད་ཀྱང་སྐྱོབས་དགོས།
                                      ༼མིང་གྲགས  
པུ་དབྱི་ནོ་སི་ཨེ་ལིས་སི་ཡི་འཚར་ལོངས   འཚར་ལོངས་དང་རྒས་ཉམས་མཐོང་མྱོང་ངོ
ས་གཞིའི་གཞིས་ར་དང་རྒུན་འབྲུམ་འཁྲི་ཤིང  སྒོ་ཁྱམས་དང་ཆུ་རྫིང་དྲན་བྱུང
ཨིན་སྐད་རྒྱུན་འཛིན་བྱས་ཤིང  ས་ཁུ་ཞོན་གྱི་སྐད་ལ་དོགས་སློང་བྱས་མྱོང་ངོ
འཇར་མན་གྱི་སྐད་ལ་དགའ་ཞིང  ར་ཏིན་གྱི་སྐད་ཕྱིར་དྲན་བྱས་མྱོང་ངོ
པ་ལིས་མོ་རུ་ལོ་ན་བགྲེས་པའི་ལག་དམར་བ་ཞིག་དང་བགྲོ་གླེང་བྱས་ལ
རྒྱལ་སྤྱིའི་མིག་མངས་དང་ས་འཛད་དཀར་པོ 
རྒྱ་སྟག་དང་སྒྲ་འབྲུ་དྲུག་མའི་སྙན་ངག་ལ་བཀའ་དྲིན་ཞུའོ
མར་ཟི་དྷོ་ནེ་ཨོ.ཧྥེར་ནན་དྷི་སི་གྱེར་འདོན་བྱས་པ་སྟེ
དྲན་བྱུང་བའི་ཁོང་གི་སྐད་གདངས་ཀྱིས་སོ
གཟུགས་འདས་རིག་པའི་དོགས་འཆར་གྲགས་ཅན་དེ་དག་བྱང་ཆུབ་པར་རྟོགས་ལ
ཡར་སྔོན་རལ་གྲི་ལ་བསྔགས་བརྗོད་བྱས་ནའང
རང་རྟོགས་ངང་ཞི་བདེ་ལ་དགའ་བོ་བྱུང་མྱོང་ངོ
གླིང་ཕྲན་ལ་འདོད་རྔམ་སྐྱེས་མ་མྱོང་ངོ
བདག་གི་དཔེ་མཛོད་ཁང་དང་གྱེས་མ་མྱོང་ངོ
ཨ་ལིང་ཟོ.ཇུ་ཧྭ་ནྰ་རུ་གྱུར་ནའང་ཐིའང་ཇུ་ཁུ་ཏི་རུ་འགྱུར་བར་མི་སྤོབས་སོ
བདག་ལས་རྟོགས་པ་མང་བའི་མི་ལ་བདག་གིས་མི་ཤེས་པའི་ཤེས་བྱ་སློབ་ཁྲིད་བྱས་མྱོང་ངོ
ཟླ་བའི་ལེགས་སྐྱེས་དང་བྷོར.ཝེར་ལན་ལ་བཀའ་དྲིན་ཞུའོ
ཚིག་རྐང་བཅུ་གཅིག་མའི་སྙན་ངག་གི་ཚིག་རྐང་དག་ལ་འབད་བརྩོན་བྱས་མྱོང་ངོ
གདོད་མའི་གཏམ་རྒྱུད་དག་བསྐྱར་དུ་ཞིབ་བརྗོད་བྱས་མྱོང་ངོ
བདག་ཅག་དུས་རབས་ཀྱི་སྐད་ཆ་བཀོལ་ནས་དཔེ་རྒྱན་ལྔ་དྲུག་ཅིག་བསྐྱར་དུ་བསྐྲུན་མྱོང་ངོ
ལྐོག་རྔན་དང་ལེན་བྱས་མ་མྱོང་ངོ
རི་ནེ་ཝ་དང་མང་དྷི་ཝེ་ཏིས་ཡ  ཨོ་ཟི་ཐིན་དང་(མི་ཡོད་ཚད་དང་འདྲ་བར)རོ་མའི་སྤྱི་དམངས་རེད་དོ
ཁང་ལྰ་དྷི་ལ་དགའ་འོ
མི་སུས་ཀྱང་སྡོམ་ཚིག་གསལ་བོར་འགོད་དཀའ་བའི་བྱ་དངོས་སྟེ  ཨ་ཀིན་ཐིན་གྱི་མི་རེད་དོ
ལོང་བ་ཞིག་རེད་དོ
བྱ་དངོས་འདི་དག་ལ་རེ་རེ་ནས་ཁྱད་ཆོས་ཅི་ཡང་མེད་ནའང
དེ་དག་སྤྱིའི་ཚོགས་པ་ཞིག་གིས་བདག་ལ་ད་དུང་གསལ་བོར་རྟོགས་མ་ནུས་པའི
མིང་གྲགས་ཤིག་གནང་སོང་ངོ
 
ས་འཛད་དཀར་པོ་སྟེ།རྒྱ་སྐད་དུ素馨花ཟེར་ལ།ཚ་བའི་ས་ཁུལ་དུ་བཞད་པའི་མེ་ཏོག་དཀར་པོ་འདབ་མ་གཡང་ཊིའི་མདངས་དང་ལྡན་པ་ཞིག་སྟེ།རྒྱུན་པར་བུད་མེད་དག་གིས་སྐྲ་རྒྱན་དུ་འདོགས་པ་ཞིག་ཡིན།དེ་ལ་བོད་སྐད་ཀྱི་མིང་འདོགས་སྟངས་མི་ཤེས་པས་ན་དབྱིབས་དང་ཁ་དོག་ཕལ་ཆེར་འདྲ་བའི་ས་འཛད་དཀར་པོའི་མིང་གིས་ཚབ་བྱས་པ་ཡིན།
                              ༼སྤྱི་གླིང་ཞིག་གི་སྐྱོ་གླུ  
གསང་བའི་ཕོ་བྲང་སྔར་ནས་ཡལ་ཟིན  ཡལ་ཟིན་པ་ནི་ད་དུང
བསྟར་ཕྲེང་འགྲིག་པའི་ལན་ཨན་ཡོད་ཚད་དེ
དབྱར་དུས་ཀྱི་ཚ་སྒྲིབ་ཡོལ་གུར་དེ་དག  རྟག་ཏུ
གཉིད་མི་ཁུགས་པའི་མེ་ལོང
མི་རེ་རེའི་ངོ་གདོང་དུ་བསྐྱར་བཟློས་བྱེད་ཀྱིན་པའི   རྣམ་འགྱུར་རེ་རེ
སྐད་ཅིག་གིས་ཡལ་གྱིན་པ་རེ་རེ
འགྲོ་མཚམས་བཞག་པའི་ཆུ་ཚོད་དང
ཕན་ཚུན་བསྣོལ་སྡེབ་ལྷན་འདྲེས་ཀྱི་གསེར་དངུལ་མེ་ཏོག
མེ་ཏོག་གླིང་ཀའི་བསིལ་ཁང་གྲང་མོ་དང  བག་ལྷོད་ཀྱི་འཇིམ་བརྙན
ས་སྲོད་ཀྱི་ཟུར་ངོས་གཞན་ཞིག  འདབ་ཆགས་ཀྱི་གཉོམ་སྐད
འོད་ཁྱམས་དང་བག་ལྷོད་ཀྱི་ཆུ་གསོག་རྫིང་བུ
ཡོད་ཚད་ནི་འདས་ཟིན་པའི་བྱ་དངོས་རེད  འདས་ཟིན་པའི་བྱ་དངོས?
མགོ་བརྩམས་པ་མེད་ན་མཇུག་བསྡུ་བའང་ཡོད་མི་སྲིད
བདག་ཅག་ལ་སྒུགས་བཞིན་པ་དེ་ཉིན་མོ་དང་མཚན་མུན་གྱི
འབྱམས་ཀླས་པའི་སྤྱི་སྙིང་ཞིག་ཡིན་ན
བདག་ཅག་གིས་ད་ལྟ་བརྒྱུད་བཞིན་པ་དག་ཀྱང་འདས་བར་འགྱུར་རོ
བདག་ཅག་ནི་དུས་ཚོད་དང  དབྱེ་ཐབས་མེད་པའི་གཙང་བོ་ཡིན
བདག་ཅག་ནི་ཝུ་སི་མར་དང  གྰ་ཐེད་ཇུ་དང་རྨེག་མེད་དུ་སོང་བའི
རོ་མའི་མཁར་གྱང་དེ་ཡིན  བདག་ཅག་ནི་སྙན་ངག་ཚིག་རྐང་འདི་དག་གིས
དྲན་གསོ་བྱས་པའི་ཡལ་ཟིན་པའི་སྤྱི་གླིང་ཡིན
 ཝུ་སི་མར་ནི་མྰ་ཡའི་གནའ་མཁར་གྱི་རྗེས་ཤུལ་ཡིན་ཞིང་།དེང་གི་མའོ་ཞི་ཀི་ཡོའུ་ཁ་ཏན་ཁུལ་མའེ་ལེ་ཏའི་ལྷོ་ཕྱོགས་སུ་ཨིན་ལེ་50འི་ས་རུ་ཡོད་ལ།ཕལ་ཆེར་སྤྱི་ལོ1450ལོར་དོར་བ་ཡིན།
                                ལྷས་གནང་བའི་སྙན་ངག

                                                                  ——མྰ་ལིས་ཡ.ཨེད་ཧྲིར.ཝ་སི་ཁེ་སི་ལ་ཕུལ་བ
མི་སུས་ཀྱང་མིག་ཆུ་དང་བཀའ་བཀྱོན་བཀླགས་ཏེ
གནམ་བདག་གི་དབང་ཤེད་མཚོན་པའི་བསྒྲགས་གཏམ་དག་ལ་དམའ་འབེབས་བྱེད་མི་ནུས
གནམ་བདག་གིས་ཁྱད་མཚར་གྱི་ཟུར་ཟ་སྤྱད་ནས
བདག་ལ་དཔེ་དེབ་དང་མཚན་དགོང་ལྷན་དུ་གནང
 
ཁོང་གིས་ལོང་བར་གྱུར་བའི་མིག་ཟུང
དཔེ་གྲོང་འདི་ཡི་བདག་པོར་བསྐོས་ཤིང   མིག་ཟུང་འདིས
རྨི་ལམ་གྱི་དཔེ་མཛོད་ཁང་དུ
དོན་སྙིང་མེད་པའི་ལེའུ་དག་ཀློག་ཅིང   དེ་དག་ཡོད་ཚད་ནི་ཐོ་རེངས་ཀྱིས
 
ཁོའི་འདོད་སྒུགས་ལ་ལམ་གཟུར་བ་ལགས་སོ     ཉི་མས
མིག་མདུན་ནས་ཁོའི་འབྱམས་ཀླས་པའི་ངལ་དུབ་དག་དོན་མེད་དུ་གྲོན་པར་བྱེད་དེ
ཁོ་ཚོའི་དཀའ་ངལ་ནི་ཨ་ལི་ཧྲན་ཏ་རུ
མེ་རུ་བསྲེགས་པའི་གཏིང་ཟབ་པའི་མ་ཕྱི་དག་དང་ཡང་དག་འདྲའོ
 
སྐོམ་གདུང་གི་དབང་གིསཞི་ལའི་ངག་རྒྱུན་ཞིག་གིས་བཤད་མྱོང་བ
རྒྱལ་བོ་ཞིག་ཆུ་མིག་དང་མེ་ཏོག་གླིང་ཀའི་བར་ནས་ཤི་སོང
བདག་རང་དམིགས་ཡུལ་གང་ཡང་མེད་པར་མུན་འཐོམས་ངང
དཔེ་མཛོད་ཁང་སྟེ   མཐོ་ཞིང་མུན་ཟབ་པའི་བཙོན་ར་འདི་རུ་བགྲོད་ཀྱིན་ཡོད
 
རིག་བརྒྱའི་ཚིག་མཛོད      ས་བཀྲའི་ལག་དེབ
ཤར་ཕྱོགས་དང་ནུབ་ཕྱོགས   དུས་རབས    རྒྱལ་རབས
བརྡ་རྟགས    འཇིག་རྟེན་དང་འཇིག་རྟེན་བྱུང་ལུགས་ཀྱི་གཞུང་ལུགས་དག
རྩིག་གྱང་གིས་མཁོ་འདོན་བྱེད་ནའང    མཁོ་ཐབས་གཞར་ཡང་མི་འདུག་གོ
 
བདག་རང་ཉིད་ཀྱི་མུན་ནག་ཁྲོད    འཕྱར་གཡེང་བྱེད་ཀྱིན་པའི་སྨག་མདོག་ལ
བདག་གིས་ཐེ་ཚོམ་གྱི་ལག་རྟེན་བཀོལ་ཏེ་འཚོལ་སྙེགས་བྱེད་བཞིན
བདག་གིས་རྟག་ཏུ      ལྷ་ཡུལ་ནི
དཔེ་མཛོད་ཁང་ཞིག་གི་དབྱིབས་གཟུགས་ཡིན་པར་འཆར་རྟོག་བྱས
 
བྱ་དངོས་གང་ཞིག་ལའང    ལས་དབང་ཞེས་པའི
མིང་བཏགས་འདི་འགོད་མི་སྲིད་དེ     འདི་ཡོད་ཚད་བཀོད་སྒྲིག་བྱས་རྗེས
མི་གཞན་ཞིག་གིས་ཀྱང་སྨུག་མུན་གྱི་མཚན་མོ་གཞན་ཞིག་ལ
བགྲང་གིས་མི་ལངས་པའི་དཔེ་དེབ་དང་མུན་ནག་འདི་དག་ལོངས་སུ་སྤྱད་མྱོང
 
དལ་མོའི་ངང་འགྲེམས་སྟོན་ཁང་དུ་ཉུལ་བཞིན
བླ་མེད་ཀྱི་མིང་མེད་པའི་དངངས་སྐྲག་ཅིག་སེམས་ལ་ཉར་དུས    བདག་གིས་རྟག་ཏུ
བདག་ནི་གཞན་ཞིག་སྟེ     འདས་པོ་དེ་ཡིན་པར་སྙམ་སྟེ
གཅིག་མཐུན་གྱི་ཉིན་མོར་གཅིག་མཐུན་གྱི་གོམ་པ་སྤོས་མྱོང་བ་དེའོ
 
དེ་གཉིས་ཀྱི་ཁྲོད་ནས     སུ་ཞིག་གིས་སྙན་ངག་འདི་བརྩམས་ཡོད་དམ
མང་ཚིག་གི་དབུས་སུ་བདག་ནི་ཁེར་རྐྱང་གི་གྲིབ་བརྙན་དེ་ཡིན་ནམ
དེ་ན་བདག་ལ་མིང་བཏགས་བྱས་པའི་ཡིག་འབྲུ་དེ་ཅི་ཡིན་ནམ
གལ་སྲིད་སྡིགས་དམོད་འདི་དག་ནི་ཐུན་མོང་གི     གཅིག་མཐུན་གྱི་དེ་ཡིན་ཚེ
 
ཀི་ལུའུ་ས་ཁུའམ་བྷོར་ཧི་ཟི    བདག་གིས
སྙིང་ཉེ་བའི་འཇིག་རྟེན་འདིའི་གཟུགས་འགྱུར་དང་རྨེག་མེད
ཉམ་ཐག་པའི་ཕུང་བོ་དང    མག་མོག་གི་རྡུལ་སྙིགས་ཤིག་ཏུ་འགྱུར་བར་ཅེར་བ་ནི
རྨི་ལམ་ཞིག་དང་འདྲ་བའམ    བརྗེད་ངེས་ཤིག་དང་ཇི་འདྲས་འདྲ་ཨང
                                ༼ རྒྱ་སེ་མེ་ཏོག་དང་མུས་ཨེར་ཏུན 

དུས་ཚོད་ཀྱི་མཐའ་སྣེ་རུ་འཐོར་བའི
ཚེ་ཚེ་རབས་རབས་ཀྱི་རྒྱ་སེ་མེ་ཏོག་ལས     བདག་གིས་འདིའི་ཁྲོད་དུ
བདག་ཅག་གིས་བརྗེད་ངེས་སུ་མ་སོང་བའི
མཚོན་རྟགས་དང་བརྡ་རྟགས་ཅི་ཡང་མེད་པའི་རྒྱ་སེ་མེ་ཏོག་ཅིག
ཡར་སྔོན་ཡོད་མྱོང་བའི་བྱ་དངོས་ཁྲོད་གནས་པར་སྨོན་འདུན་ཞུ
ལས་དབང་གིས་བདག་ལ    བདག་གིས་ཐོག་དང་པོར
ཁུ་སིམ་པའི་རྒྱ་སེ་མེ་ཏོག་འདི་གླེང་བའི་ཁྱད་དབང་གནང་ཞིང
མཐའ་མཇུག་གི་རྒྱ་སེ་མེ་ཏོག     མུས་ཨེར་ཏུན་གྱིས་དེ་མིག་མདུན་དུ་གཏད་ནའང
མཐོང་མི་གཏུབ་པ་ལགས་སོ     ཨེ་མ
ཁྱེད་ཀྱི་དམར་ཤ་དང     ཚ་ལུ་སེར་པོ
ཡང་ན་དཀར་རྐྱང་གི་མེ་ཏོག་དག་ནི    ཡལ་ཟིན་པའི་མེ་ཏོག་གླིང་ཀ་ལས་བྱུང་སྟེ
ཁྱེད་ཀྱི་གནའ་བོའི་འདས་དོན་དག་སྒྱུ་འཕྲུལ་བཞིན་དུ
སྙན་ངག་འདིའི་དབུས་སུ་སྣང་བས
གསེར་སེར་པོ་དང    ཁྲག    བ་སོའམ་གྲིབ་བརྙན་དག
ཁོའི་ལག་དབུས་ཀྱི     མཐོང་མི་གཏུབ་པའི་རྒྱ་སེ་མེ་ཏོག་དང་ཤིན་ཏུ་འདྲའོ
                               ན་གཞོན་མིན་པའི་མི་ཞིག་ལ་ཕུལ་བ
ཁྱེད་ཀྱིས་སྐྱོ་འོས་པའི་རྒྱབ་ལྗོངས་དེ་དང
གང་ལ་གང་འབབ་ཀྱི་བྱ་དངོས་དག་མཐོང་ཐུབ་སྟེ
དྷ་ཨེད་དྷོ་ལ་བྱིན་པའི་རལ་གྲི་དང་རྡུལ་སྙིགས་དང
པེ་ལེ་ས་ལ་བཞག་པའི་དངུལ་སྒོར་དེ་དག་གོ
ཅིའི་ཕྱིར་དུ   ཁྱེད་ཀྱིས་སྒྲ་འབྲུ་དྲུག་མའི་སྙན་ངག་གི
མག་མོག་གི་ལི་སྐྱའི་ཁྲོད་ནས     མཐའ་དང་མཇུག་མེད་པར
འཐབ་འཛིང་དེ་དག་འཚོལ་དོན་ཅི་ཡིན་ནམ
ས་ཆེན་གྱི་རྐང་བ་དྲུག་དང     འཕྱུར་བཞིན་པའི་ཁྲག
རྒྱ་བཤིགས་པའི་བང་སོ་དག་གནས་འདི་རུ་ཡོད་ན
གནས་འདི་རུ་གཏིང་དཔག་དཀའ་བའི་མེ་ལོང་གིས་ཁྱེད་ལ་སྒུགས་ཡོད་དེ
དེས་རྨི་ལམ་དུ་རྨི་སྲིད་ཅིང    སླར་ཡང་ཁྱེད་ཀྱི
ཚེ་ལྷག་དང་སྐྱོ་གདུང་གི་ལྡོག་བརྙན་དག་བརྗེད་ངེས་སུ་འགྱུར་སྲིད
ཆེས་མཐའ་མཇུག་དེས་ཁྱེད་རང་ཡོངས་སུ་བསྐོར་ཟིན་ནོ
ཁང་མིག་འདི      ཁྱེད་ཀྱིས་འགྲོས་དལ་ཞིང་ཡུན་ཐུང་བའི
མཚན་མོ་སྐྱེལ་བའི་གནས་སྟེ
ཁྲོམ་སྲང་འདིར      ཁྱེད་ཀྱིས་ཉིན་རྒྱུན་དུ་ཅེར་བཞིན་ཡོད
                                   མཚམས་ཐིག
ཝེར་ལུན་གྱི་སྙན་ངག་ཚིག་རྐང་ཞིག     བདག་གི་དྲན་ཡུལ་ན་མི་འདུག་གོ
ཉེ་འགྲམ་གྱི་ཁྲོམ་སྲང་ཞིག      བདག་གི་རྐང་བ་ཟུང་གི་སྡོམ་གནས་ཡིན་ནོ
མེ་ལོང་གི་ངོས་ཞིག་གིས      མཐའ་མཇུག་ཐེངས་ཤིག་ལ་བདག་རང་མཐོང་ངོ
སྒོ་གླེགས་ཤིག      བདག་གིས་འཇིག་རྟེན་གྱི་ཕ་མཐའ་ནས་བརྒྱབ་ཟིན་ནོ
བདག་གི་དཔེ་མཛོད་ཁང་གི་དཔེ་ཆའི་ཀློང་ནས
བདག་གིས་དེ་དག་ལ་བལྟ་བཞིན་ཡོད
དཔེ་དེབ་འགའ་ཤས་ཤིག་བདག་གིས་ཅིས་ཀྱང་ཀློག་མི་སྲིད་དོ
ད་ལོའི་དབྱར་ཁར      བདག་རང་ལོ་ན་ལྔ་བཅུར་སོན་ངེས་དེ
འཆི་བས་བདག་རང་ཡོངས་སུ་འཛད་པ    བར་དང་མཐའ་མེད་དོ།
——ཧི་ལེ་ཨོ·ཕུ་ལ་ཐེད་ལོ·ཨེད་ཧྲི་ཡི<<ཡི་གེ་ལྕགས་བསྐོས་མ>>ལས་གདམས་སོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྷོར་ཧི་ཟིའི་སྙན་ངག་དང་བྷོར་ཧི་ཟི།

2010-06-17 གཅན་མེ་སྟག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།