སྙན་ངག་རིང་མོ། མྱ་ངམ་ཐང་།

ཨེལ་ཐུ།༼ཨ་མེ་རི་ཁ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-10-30

མྱ་ངམ་ཐང་།༡

 ལྡོང་བུས་བསྒྱུར།

 “ངས་ཁུ་མེ་རུ་སེ་རྦེལ་གཟེབ་ཅིག་ཏུ་དཔྱང་འདུག་པ་དངོས་སུ་མཐོང༌། བྱིས་པ་ཚོས་མོ་ལ‘སེ་རྦེལ། ཁྱོད་ལ་ཅི་དགོས’ཞེས་འདྲི་སྐབས་མོས‘འཆི་བ’ཞེས་ལན་བཏབ།”༢
    རྩོམ་པའི་ཁྱུ་མཆོག ཨེ་ཟར་ཕིང་རྡི་ལ་ཕུལ། ༣

གཅིག    གཤིན་པོའི་འདས་མཆོད།
 
ཆེས་གདུག་རྩུབ་ཆེ་བའི་ཟླ་བཞི་བ
ཉམ་ངའི་ས་གཞི་ལས་ལི་ཤི་འཁྲུངས
ཕྱིར་དྲན་དང་འདོད་པ་མཉམ་དུ་བསྲེས་ཏེ
རྩད་པ་རྟུལ་བོ་དག་ལ་དཔྱིད་ཆར་གྱིས་གཡོ་སྐྱོམ་བྱེད
དགུན་འཁྱག་གིས་ང་ཚོར་དྲོད་ཁོལ་བསྩལ་ཞིང
ས་གཞི་བརྗེད་ངས་ཀྱི་ཁ་བས་བཀླུབས་ནས
སྐམ་རིད་ཀྱི་རྩ་བར་ཉག་ཕྲ་བའི་ཚེ་སྲོག་སྦྱིན
དབྱར་ཁ་བསམ་ཡུལ་ལས་འདས་པར་ལྷགས
དྲག་ཆར་ཞིག་དང་མཉམ་དུ་སི་ཏར་རྦི་རྒིར་སེ་ལ་ཐོན ༤
ང་ཚོ་ཁྱམས་འོག་ཏུ་གཞའ་ཞིང་ཉི་མ་དྲོ་རྗེས་ཧོབ་ཀར་ཐེན་ལ་སོང ༥                              10
ཁོ་ཧྥེ་འཐུང་ཞིང་ཆུ་ཚོད་གཅིག་རིང་ལ་ཁ་བརྡ་བྱས
ང་ཨུ་རུ་སུ་བ་མིན ལི་ཐི་ཝན་ཡ་ནས་འོངས ང་འཇར་མན་པ་རྣལ་མ་ཞིག་ཡིན ༦
ང་ཚོ་ཆུང་དུས་གུང་ཆེན་ཚང་དུ་བསྡད་མྱོང
དེ་ནི་ངའི་མ་སྤུན་གཅེན་པོ་སྟེ་ཁོས་ང་ཁྲིད་ནས་ཁང་ཤུད་རྒྱག་ཏུ་སོང
ང་དངོས་གནས་སྐྲག་ཐག་ཆོད་སོང   ཁོས་མཱ་རེ   མཱ་རེ
དམ་པོར་འཇུས་ཤིག་ཅེས་བཤད་རྗེས   ང་ཚོ་ངར་གྱིས་མར་ལ་ཤུད་གློད་བརྒྱབ
ཁྱོས་རི་ཁྲོད་དུ་རང་དབང་གི་ཚོར་བ་རྙེད་ངེས
མཚན་མོར་ནམ་སྨད་བར་དུ་དཔེ་ཆ་ཀློག་ཅིང་དགུན་ཁར་ང་རང་ལྷོ་ཕྱོགས་ལ་འགྲོ ༧
 
འདི་ནི་རྩ་བ་ཅི་འདྲ་ཞིག་གིས་འཛིན་ཅིང
ཡལ་ག་ཇི་ལྟ་བ་དག་མཁྲེགས་པའི་རྡོ་འཛིངས་ལས་མཆེད  མིའི་བུ་ལགས ༨                       20
ཁྱོས་སྨྲ་མི་ནུས་ལ་བསམ་པས་ཀྱང་མི་མཁྱེན་ཏེ  ཁྱོས་ཤེས་པ་ནི
ཉི་མས་རྡེག་གིན་པའི་སྣང་བརྙན་གྱི་ཆག་རོ་ཕོན་པོ་ལས་མ་འདས ༩
སྡོང་སྐམ་ལ་བསིལ་གྲིབ་དབེན    འཛིང་འབུས་སྐྱོ་ངལ་མི་སེལ ༡༠
རྡོ་སྐམ་པོས་གཙང་ཆབ་ཀྱི་སྒྲ་དབྱངས་མི་འབྱོན
བྲག་དམར་པོ་དེ་ཁོ་ནའི་འོག་ཏུ་གྲིབ་གཟུགས་གོན ༡༡
༼ཁྱོད་བྲག་དམར་པོ་དེའི་གྲིབ་གཟུགས་སུ་གབ་པར་འཚལ༽
ཁོས་ཁྱོད་ལ་དོན་ཅིག་སྟོན་དགོས་ཏེ
དེ་ནི་ཁྱོད་ཀྱི་ཞོགས་པའི་གྲིབ་མ་བཞིན་རྗེས་སུ་མི་འདེད་ལ
ས་སྲོས་ཀྱི་གཟུགས་རིས་བཞིན་ཡར་འགྲེང་སྟེ་བསུ་བའང་མི་བྱེད
ཁོས་ཁྱོད་ལ་འཇིགས་སྔངས་རྡུལ་གྱི་ཕུང་བོ་ཞིག་ཏུ་གནས་པ་སྟོན                                      30
 
བསིལ་རླུང་འཇམ་ལ་ཡང་བ།།
རང་ཡུལ་ཕྱོགས་སུ་འཁོར་སོང་།།
ཨེ་འར་ལན་གྱི་བུ་ཆུང་།།
ད་ལྟ་གང་དུ་བཞུགས་ཡོད།། ༡༢
 
“ལོ་གཅིག་གི་སྔོན་དུ་ཁྱོས་ཁོ་མོར་མེ་ཏོག་དྲིལ་བུ་ཐོག་མ་དེ་བྱིན་པས
ཁོ་ཚོས་ང་ལ་གཞོན་ནུ་མ་དྲིལ་བུ་མེ་ཏོག་ཏུ་བོས་པ་མིན་ནམ” ༡༣
འོན་ཏེ་འུ་ཅག་ལྡུམ་རྭ་ནས་ཕྱིར་ལོག་དུས་ཡོད་ཚད་འཕྱི་འདུག
ཁྱོས་པང་དུ་གང་བར་ཐོགས་ཤིང་སྐྲ་ལོ་རློན་པར་གྱུར
ངས་སྐད་ངག་མ་འཁྲོལ་ལ་མིག་གིས་ཀྱང་མ་མཐོང
ཤི་མ་གསོན་གྱིས་ཅི་ཡང་མ་ཤེས                                                                              40
དབེན་ཞིང་འཇགས་པའི་འོད་ཀྱི་ལྟེ་བ་མཐོང
རྒྱ་མཚོ་ཉམ་ཐག་ཅིང་སྟོང་བར་གྱུར་འདུག ༡༤
 
སོ་སོ་སི་ཁྲེ་སི་ལྕམ་མོ ༡༥  མིང་དུ་གྲགས་པའི་མངོན་ཤེས་མ
ཆམ་ནད་ལྕི་མོ་ཕོག་ནའང
ཡོ་རོབ་གླིང་གི་ཆེས་བློ་གྲོས་ལྡན་པའི་སྐྱེས་མ་ལགས
གདུག་རྩུབ་ཀྱིས་བསྡམས་པའི་ཏག་སེ་ཞིག་ཐོགས ༡༦
མོས་བཤད་རྒྱུར  ཆུ་ལ་བྱིང་ནས་འདས་པའི་ཧྥེ་ཉི་ཀིའི་ཆུ་བ ༡༧
འདི་ནི་ཁྱོད་ཀྱི་ཏག་སེ་སྟེ
༼ལྟོས་དང  མུ་ཏིག་དེ་དག་ནི་ཁོའི་མིག་ཟུང་ལགས༽ ༡༨
འདི་ནི་ལྕམ་མོ་རྦེལ་རྡིང་ནཱ ༡༩  བྲག་གི་བུ་མོ                                                            50
བབ་བསྟུན་ལ་མཁས་པའི་སྐྱེས་མ
འདི་ནི་དབྱུག་པ་གསུམ་ཐོགས་པའི་སྐྱེས་པ ༢༠  འདི་ནི་འཁོར་ལོ ༢༡
འདི་ནི་མིག་གཅིག་ཅན་གྱི་ཚོང་བ ༢༢ གཞན་ཡང་ཏག་སེ་སྟོང་བ་འདི
ཁོའི་རྒྱབ་ཏུ་བསྐུངས་པའི་དངོས་པོ་ཞིག་སྟེ་ང་ལ་ལྟ་རུ་མ་བཅུག
ངས་འགེགས་གསོད་བཏང་བའི་མི་དེ་མ་རྙེད ཆུའི་ནང་དུ་འཆི་བར་སྐྲག ༢༣
ངས་མི་ཚོགས་ཀྱིས་ཨ་ལོང་ཞིག་ལ་སྐོར་བ་རྒྱག་པ་མཐོང
ཐུགས་རྗེ་ཆེ་ཞུ་སྟེ གལ་ཏེ་ཉིད་ཀྱིས་སྙིང་ཉེ་བའི་ལྕམ་མོ་ཨེ་ཁེའུ་ཐོན་མཐོང་ན
སྐར་རྩིས་རི་མོ་དེ་ང་རང་ནས་ཁྱེར་ཡོང་ཞེས་ལབ་རོགས
ལོ་འདི་ཚོར་མི་ཚོས་དོན་གང་ལའང་བག་ཟོན་བྱ་དགོས
 
སྨིག་རྒྱུའི་གྲོང ༢༤                                                                                               60
དགུན་འཁྱག་གི་ཞོགས་པའི་སྨུག་པ་དམར་སེར་གྱི་འོག་ཏུ
མི་ཚོགས་ལོན་ཊོན་ཟམ་ཆེན་བརྒྱུད   ཀྱེ   འདི་འདྲའི་མང་པོ
ངས་འཆི་བས་མི་འདི་འདྲའི་མང་པོ་ཞིག་རྨེག་མེད་བཏང་བ་མ་རྟོགས ༢༥
དབུགས་རྒྱུན་དག་ཐུང་ལ་ངལ་བས་འབྱིན ༢༦
སོ་སྐྱེ་ཚང་མས་རང་གི་རྐང་མདུན་ལ་ཅེར་བཞིན
རིའི་སྟེང་ལ་ཞོགས་ཤིང་ཝེ་ལམ་གོང་མའི་སྲང་ལམ་ལ་ཞོགས་ཏེ
སིན་མ་རེ་ཝོལ་ནོ་སི་ཆོས་ཁང་ལ་སླེབས ༢༧
དེ་རུ་ཅོང་སྒྲོག་ཆུ་ཚོད་འཁོར་ལོ་ཆེན་པོས
ཆུ་ཚོད་དགུ་བའི་ཆེས་མཐའ་མཇུག་གི་ཅོང་བརྡ་ལྗིད་ཏིག་གེར་སྒྲོག ༢༨
དེ་རུ་ང་ངོ་ཤེས་ཤིག་དང་འཕྲད་ཅིང་ཁོ་བོས་ཏེ                                                           70
“སི་ཐེ་སན ༢༩ སྔོན་ཆད་འུ་གཉིས་མེ་ལི་མཚོ་གྲུའི་སྟེང་མཉམ་དུ་བསྡད་པ་དྲན་ནམ ༣༠
ན་ནིང་ཁྱོས་མེ་ཏོག་ལྡུམ་རྭར་བཏབ་པའི་བེམ་རོར་མྱུ་གུ་འབུས་སམ
ད་ལོར་དེ་ལ་མེ་ཏོག་རྒྱས་སྲིད་དམ ཡང་ན་གློ་བུར་བའི་བ་མོས་དེ་ཡི་མལ་ཁྲི་བཅོམ
 
ཀ་ཡེ སྒོ་ཁྱི་ཕྱིར་བསྐྲོད་ཅིག  དེ་ནི་མིའི་རིགས་ཀྱི་གྲོགས་པོ་ལགས ༣༡
དེ་མིན་ཚེ་སྡེར་མོ་དེས་ཡང་དང་བསྐྱར་དུ་བསློགས་སྲིད
ཁྱོད་དེ་ཚུལ་འཆོས་ཀྱི་ཀློག་པ་པོ—ངའི་རིགས་མཐུན—ངའི་སྤུན་ཟླ” ༣༢
 
གཉིས། མིག་མངས་རྩེ་བ།
 
མོ་སྡོད་སའི་རྐུབ་སྟེགས་གསེར་ཁྲི་དང་འདྲ་བར ༣༣
རྡོ་ཀ་མ་རུའི་སྟེང་འོད་དུ་འཚེར ཤེལ་སྒོའི་སྟེགས་བུའི་སྟེང
འབྲས་བུ་འཕྱུར་པའི་རྒུན་འབྲུམ་གྱི་འཁྲི་ཤིང་བརྐོས
གསེར་མདོག་གི་འདོད་ལྷ་ཆུང་ངུས་ལྐོག་ཏུ་ཕྱི་ལ་ལྟ                                                      80
༼གཞན་ཞིག་གིས་མིག་ཟུང་གཤོག་འོག་ཏུ་སྦས༽
སྒྲོན་སྟེགས་བདུན་པོའི་མེ་འོད་ལྡབ་ཀྱིས་སྒྲོག་ངོས་ལ་ལྡོག་པར་སྤྲོས
ཁོ་མོའི་མུ་ཏིག་ལས་མིག་ལ་གཟན་པའི་འོད་སྣང་གསེག་གེར་འཕྲོས་ཏེ
ཡར་ལངས་ཤིང་ལྡོག་འོད་དེ་དང་གཞི་གཅིག་ཏུ་འདྲེས
ཁ་ཕྱེ་བའི་བ་སོ་དང་ཁ་དོག་སྣ་ལྔའི་ཤེལ་གྱི་དམ་བི་རུ
མོའི་ཁྱད་མཚར་པའི་འདྲེས་སྦྱོར་བསུང་རྫས་གསང་བར་སྦ
ལྡེ་གུ་དང་ཕྱེ་མ ཡང་ན་གཤེར་རྫས་ཀྱིས་མགོ་བོ་འཐོམས་ཤིང
དབང་པོ་དྲི་ཞིམ་གྱི་ཀློང་དུ་སིམ་པར་འཇུག འོན་ཏེ
སྒེའུ་ཁུང་ཕྱི་རོལ་གྱི་མཁའ་དབུགས་གསར་པས་བསྒུལ་བས
ཡར་འཕགས་བཞིན་སྐམ་ལ་རིང་བའི་སྒྲོན་མེ་ཆེ་རུ་བསྒྱུར་ཅིང                                        90
སྒྲོན་དུད་བྱུར་རྫས་རྐོས་མའི་གདུང་བར་ལ་འཕངས་ནས ༣༤
ཁང་ཀླད་ཀྱི་རྒྱན་རིས་རབ་རིབ་ཏུ་བཏང
ཤིང་ཆས་ཆེན་པོ་ར་གན་གྱིས་ཡོངས་སུ་བརྒྱན
ལྗང་ནག་དང་དམར་སེར་སྤྲོ་ཞིང་ཚོན་རྡོས་བསྐོར་ཅིང
འབུར་བརྐོས་ཀྱི་མཚོ་ཕག་ཅིག་སྨྲེང་བའི་འོད་དུ་རྐྱལ
དྲ་མ་ཕྱེ་ནས་མཐོང་བའི་ཞིང་སྡེའི་ཡུལ་ལྗོངས་བཞིན ༣༥
གནའ་བོའི་རྩིག་ཐབ་ཀྱི་སྒྲོམ་བུར་བཤམས་པ་ནི
འགྱུར་ཟིན་པའི་ཧྥེལ་མེལ ༣༦
རྨོངས་པའི་རྒྱལ་པོ་ཡི་གཏུམ་སྤྱོད་ཐེབས་ནའང
དེ་རུ་ཀ་ལ་པིང་ཀའི་ཁྱད་དུ་འཕགས་པའི་སྐད་སྙན་གྱིས                                               100
བྱེ་ཐང་ཡོངས་སུ་ཁྱབ མོས་སྔར་བཞིན་སྐད་སྒྲོག་ཅིང
འཇིག་རྟེན་གྱིས་ཀྱང་སྔར་བཞིན་རྗེས་སུ་སྙེག
“རྗུག  རྗུག”ཅེས་སྦག་བཙོག་གི་རྣ་བར་ཉན་དུ་འཇུག ༣༧
ད་དུང་དུས་ཀྱི་རོ་མ་གཞན་དག་རྩིག་ལྡེབས་སུ་ལུས
འབུར་ཚུགས་སུ་ལྟ་བའི་སྐུ་བརྙན་ཡོ་བར་གནས
གསེག་གེར་བསྙེས་ཏེ་གཏན་ཟིན་པའི་ཁང་བའི་ངག་སྒོ་བསྡམས
གོམ་པ་སྐས་ཐེམ་དུ་དལ་གྱིས་སྤོ
མེ་འོད་དང་སྤུ་ཤད་ཀྱི་འོག་ཏུ ཁོ་མོའི་སྐྲ་ལོ
མེ་སྟག་གི་ཐིག་ལེ་ལྟ་བུར་འཐོར་ཅིང
ཚིག་འབྲུ་རུ་གྱུར་ཏེ་སླར་ཡང་ཐོལ་གྱིས་ཞི་བར་གྱུར                                                     110
 
“དོ་ནུབ་ངའི་སེམས་པ་སྐྱིད་པོ་མི་འདུག   ངོ་མ་སྐྱིད་པོ་མི་འདུག
ངའི་འདུག་རོགས་ཀྱིས  ཁ་བརྡ་ཤོད་དང ཁྱོས་ཅི་ཡང་མི་བཤད་པ་ཅི་རེད  ཤོད་ཡ
ཁྱོས་ཅི་ལ་འདང་རྒྱག་གིན་ཡོད  ཅི
ཁྱོས་ཅི་ལ་འདང་རྒྱག་གིན་པ་ངས་ངོ་མ་ཤེས་ཐབས་མི་འདུག འདང་ཞིག་རྒྱོབས་དང” ༣༨
 
ངས་བསམ་ན་ང་ཚོ་བྱི་ཁུང་དུ་བསྡད་ཡོད་ཤས་ཆེ ༣༩
གཤིན་པོས་རུས་པའང་འདི་རུ་སྟོར་ཟིན
 
“སྒྲ་དེ་ཅི”
          སྒོ་འོག་གི་རླུང་ངོ ༤༠
“སྒྲ་དེའང་ཅི  རླུང་གིས་ཅི་བྱེད”
          སྟོང་བ་ཉིད སྟོང་བ་ཉིད་དོ                                                120
“ཁྱོས
ཅི་ཡང་མི་ཤེས་ལ་ཅི་ཡང་མ་མཐོང་ངམ
ཅི་ཡང་དྲན་གྱི་མི་འདུག་གམ” ༤༡
ངས་མུ་ཏིག་དེ་དག་སྔོན་ཆད་ཁོའི་མིག་ཟུང་ཡིན་པ་དྲན
“ཁྱོད་ཤི་རོ་ཡིན་ནམ་གསོན་པོ་ཡིན  ཁྱོད་ལ་དྲན་པ
ཅི་ཡང་མི་འདུག་གམ”
 
འོན་ཀྱང   
ཨོ་ཨོ་ཨོ་ཨོ ༤༢ ཤིག་སེ་ཕེར་སེའི་གཞས་ཆུང་དེ ༤༣
འདི་འདྲའི་བབ་ཆགས་དང
འདི་འདྲའི་གྲུང་པོ                                                                                             130
“ད་ལྟ་ངས་ཅི་བྱ   ངས་ཅི་བྱ”
“ང་འདི་ལྟར་ཕྱི་རོལ་དུ་རྒྱུགས་དགོས
མགོ་སྐྲ་གཟེང་ངེར་སྲང་ལམ་དུ་བརྒྱུགས་ཏེ འདི་ལྟར སང་ཉིན་ང་ཚོས་ཅི་བྱ
དོན་དུ་ང་ཚོས་ཅི་ཞིག་བྱ་དགོས” ༤༤
                ཆུ་ཚོད་བཅུ་བར་ཆུ་ཁོལ་གདུ་དགོས
གལ་ཏེ་ཆར་བ་བབས་ཚེ་ཆུ་ཚོད་བཞི་བར་ཁེབས་ལྡན་རླངས་འཁོར་སླེབས་སྲིད
ང་ཚོ་མིག་མངས་རྩེ་ངེས་ཤིང ༤༥
ངལ་བའི་མིག་ཟུང་འཕུར་བཞིན་སྒོ་རྡུང་བའི་སྒྲ་དེ་ལ་སྒུག་དགོས
 
ལེལ་གྱི་སྐྱེས་པ་དམག་ལས་ཕྱིར་ལོག་དུས   ངས་མོ་ལ
ངས་སྦ་གསང་ཅི་ཡང་མེད་པར་མོ་ལ                                                                      140
མགྱོགས་པོར་གྱིས་དང   དུས་ལ་རན་སོང ༤༦
ཁྱོས་ཡག་ཅིག་ཐོད་དང ཨེ་རྦིར་ཐི་ཕྱིར་ལོག་དུས་ལ་རན
ཁོས་སོ་བརྒྱན་སྤྱད་ཀྱི་དངུལ་གྱིས་ཅི་བྱས་པ་འདྲི་ངེས
ཁོས་སྟེར་དུས་ངའང་དེ་རུ་ཡོད ཁོས་ཁྱོད་ལ  ལེལ  སོ་ཚང་མ་བོལ་ཅིག  
གསར་བ་གསར་རྐྱང་དུ་བརྗེ་རོགས
ཁྱོད་ཀྱི་ཚུགས་ཀ་དེ་དངོས་གནས་བཟོད་ཐབས་མི་འདུག་ཟེར ངས་མོ་ལ   
ངས་ཀྱང་བཟོད་ཐབས་མི་འདུག   ཁྱོས་ཨེ་རྦིར་ཐི་ལའང་འདང་ཞིག་རྒྱོབས་དང  
ཁོ་དམག་ལ་སོང་ནས་ལོ་བཞི་འགོར་སོང   ཁོས་ཀྱང་སྤྲོ་བ་ཞིག་འཚོལ་ན་འདོད་ངེས  
གལ་ཏེ་ཁྱོས་ཁོ་ལ་བདེ་བ་མ་སྦྱིན་ནའང་ད་དུང་མི་གཞན་པ་ཡོད་ཅེས་ལབ
མོས  ཨོ རེད་དམ་ཟེར  ངས་ཧ་ལམ་དེ་འདྲ་རེད་ཅེས་བཤད                             150
མོས་དེས་ན་ངས་སུ་ལ་བཀའ་དྲིན་ཞུ་དགོས་པ་ཤེས་སོང་ཞེས་སྨྲས་རྗེས
ང་ལ་སྡང་མིག་བགྲད
མགྱོགས་པོར་གྱིས་དང   དུས་ལ་རན་སོང
ངས་མོ་ལ   ཁྱོད་དོན་འདི་དག་ལ་མི་དགའ་ནའང་བསྟུན་ཐབས་བྱ་དགོས
གལ་ཏེ་ཁྱོས་མི་ནུས་ན་གཞན་པས་གདམ་གསེས་བྱ་ངེས
ཨེ་རྦིར་ཐི་བྲོས་སོང་ན་ངས་གསལ་མ་བཏབ་པར་ལེ་བདའ་མ་བྱེད
ངས་མོ་ལ  རྒས་ཉམས་ལྷང་ངེར་ཁྱོད་ལའང་ངོ་མ་འཛེམ་བག་མི་འདུག
༼མོ་ད་དུང་ལོ་སོ་གཅིག་ཡིན༽
མོས བཀོད་པ་མི་འདུག་ཟེར་བཞིན་གདོང་ལ་སྐྱོ་བོས་ཁེངས
མོས  མངལ་འབྱིན་བྱེད་ཀྱི་སྨན་དེ་བཏུང་བའི་སྐྱོན་རེད་ཟེར
༼མོ་ལ་བྱིས་པ་ལྔ་ཡོད   ཇོར་ཇི་ཆུང་བས་ཨེན་ཙམ་མིན་ན་མོའི་སྲོག་ཀྱང་འཕྲོག༽             160
སྨན་པས་སྐྱོན་མི་འདུག་ཟེར་མོད  ང་སྔོན་ཆད་དང་བསྡུར་ཐབས་མི་འདུག
ངས་མོ་ལ  ཁྱོད་དངོས་གནས་གླེན་པ་ཞིག་རེད་ཅེས་སྨྲས
ངས་མོ་ལ  གལ་ཏེ་ཨེ་རྦིར་ཐིས་ཁྱོད་མ་བཏང་ན་བྱ་བ་དེ་འདྲ་ཞིག་ཡིན་ངེས
ཁྱོད་ལ་བྱིས་པ་མི་དགོས་ན་གཉེན་བསྒྲིགས་ནས་ཅི་བྱ
མགྱོགས་པོར་གྱིས་དང   དུས་ལ་རན་སོང
རེད་ཡ གཟའ་ཉི་མའི་ཉིན་དེར་ཨེ་རྦིར་ཐིའི་ཁྱིམ་དུ་ཁོ་ཚོས་ཕག་ཉྭའི་བསྙལ་རྒྱུ་ཟོས ༤༧
ཁོ་ཚོས་ང་ལ་མགྲོན་བྱས་ཏེ་ཚན་དེར་དེའི་བྲོ་བར་རོལ་དུ་བཅུག
མགྱོགས་པོར་གྱིས་དང   དུས་ལ་རན་སོང
མགྱོགས་པོར་གྱིས་དང   དུས་ལ་རན་སོང
པེལ་མཚན་བདེ་ལེགས ལོའུ་མཚན་བདེ་ལེགས མེའུ་མཚན་བདེ་ལེགས                    170
མཚན་བདེ་ལེགས  བདེ་མོ  མཚན་བདེ་ལེགས  མཚན་བདེ་ལེགས
ལྕམ་ཚོ་མཚན་བདེ་ལེགས སྙིང་ཉེ་བའི་ལྕམ་ཚོ་མཚན་བདེ་ལེགས མཚན་བདེ་ལེགས   མཚན་བདེ་ལེགས ༤༨
 
གསུམ། མེའི་གདམས་པ། ༤༩
 
གཙང་བོའི་གུར་བརྡོལ   སྡོང་ལོའི་ཆེས་མཐའ་མཇུག་གི་སོར་མོས
ཅི་ཡང་མ་ཟིན་པར་བརླན་གཤེར་གྱི་གཙང་འགྲམ་དུ་ལྷུང   
རླུང་བུ་སེར་སྐྱའི་ས་གཞི་བརྒྱུད་ནས་ལྡང  སྒྲ་དབྱངས་ཀྱིས་སྟོང་བར་ལྷ་མོ་དག་བཞུད་ཟིན ༥༠
ངའི་གདངས་དབྱངས་རྫོགས་རག་བར་དུ་སྙིང་ཉེ་བའི་ཐམ་སི་གཙང་བོ་དལ་གྱིས་བཞུར ༥༡
གཙང་ངོས་སུ་དམ་སྟོང་མེད་ལ་ཤ་བག་ལེབ་གཅུད་བྱེད་ཀྱི་ཤོག་བུའང་མི་མཐོང
དར་གྱི་ལག་ཕྱིས་དང་ཤོག་སྒམ་སྲ་མོ  དུད་སྣེ་དང
དབྱར་ཁའི་མཚན་མོའི་བདེན་དཔང་གཞན་དག་ཀྱང་མི་མཐོང ལྷ་མོ་དག་བཞུད་ཟིན
ད་དུང་ཁོ་མོ་ཚོའི་གྲོགས་པོ  གྲོང་ཁྱེར་འདིའི་དབང་ཆེན་རྒྱུ་ཆེན་དག་གི་སྐུ་སྲས་ཚོའང            180
བཞུད་ཟིན   སྡོད་གནས་ཀྱང་བསྐྱུར་མི་འདུག
 
ལེ་མན་མཚོ་འགྲམ་དུ་ང་གཅིག་པུ་ཙོག་པུར་བསྡད་དེ་ངུས ༥༢
ངའི་གདངས་དབྱངས་རྫོགས་རག་བར་དུ་སྙིང་ཉེ་བའི་ཐམ་སི་གཙང་བོ་དལ་གྱིས་བཞུར
སྙིང་ཉེ་བའི་ཐམ་སི་གཙང་བོ་དལ་གྱིས་བཞུར ངའི་སྐད་མགོ་མི་མཐོ་ལ་སྐད་ཆའང་མི་མང
ཡིན་ནའང་ངའི་ལྟག་རྒྱབ་ཀྱི་རླུང་དམར་ཁྲོད་དུ
རུས་པ་རྡེག་པའི་སྒྲ་དབྱངས་ཐོས་ཐུབ་ལ ཡིད་ཚིམ་པའི་དགོད་སྒྲ
ཕྱོགས་དང་ཕྱོགས་སུ་རྒྱུ  བྱི་བ་ཞིག་འཇམ་ཅག་གེར་རྩྭ་རྫོབ་བརྒལ་ཅིང
གཙང་འགྲམ་དུ་རློན་ཤིག་ཤིག་གི་ཕོ་བ་འདྲུད་མོད
ང་དགུན་ཁའི་ས་སྲོས་སུ་སོལ་རླངས་བཟོ་གྲྭའི་ལྟག་རྒྱབ་ཏུ་ཙོག་སྟེ
གཙང་བོ་སྐམ་པོ་ལས་ཉ་མོ་འཛིན་ཅིང ༥༣                                                            190
ཁོ་བོའི་སྤུན་རྒྱལ་ལ་རྒྱ་མཚོར་རྐྱེན་གོད་བྱུང་བ་དང
དེའི་སྔོན་གྱི་ངའི་པཱ་ལགས་ཀྱི་འདས་པ་དྲན ༥༤
བརླན་ས་དམའ་མོར་བམ་རོ་དཀར་པོ་ཕྱི་ལ་མངོན ༥༥
རུས་པ་དག་དམའ་ལ་སྐམ་པའི་གནམ་ཁང་ཆུང་ངུར་བོར་ཏེ
ལོ་རེ་བཞིན་བྱི་བའི་རྐང་བས་ཕར་འདེད་ཚུར་འདེད་བྱེད
འོན་ཏེ་ངའི་ལྟག་རྒྱབ་ནས་རྒྱུན་དུ ༥༦
རླངས་འཁོར་དང་དུང་བརྡའི་སྐད་སྒྲ་ཐོས་འོངས ༥༧
དེས་དཔྱིད་ཀར་སི་ཝེ་ནེ་ལྕམ་མོ་ཕོ་ཐིར་ལ་འཕྲད་དུ་འཇུག ༥༨
ཨོ  ཟླ་འོད་ལྕམ་མོ་ཕོ་ཐིར་གྱི་ལུས་སྟེང་དུ་འཕྲོས 
མོའི་བུ་མོའི་སྟེང་དུའང་འཕྲོས                                                                               200
མོ་གཉིས་ཀས་བུལ་ཏོག་གི་ཆུ་ནང་དུ་རྐང་བ་འཁྲུད ༥༩
ཨོ  ཆོས་ཁང་ནང་གི་བྱིས་པ་ཚོའི་གླུ་སྐད་ལ་གསོན་དང ༦༠
 
ཐྲི་ཐྲི ཐྲི་ཐྲི ཐྲི་ཐྲི
རྗུག རྗུག རྗུག རྗུག རྗུག རྗུག
འདི་འདྲའི་གཏུམ་སྤྱོད་ཐེབས
ཐེ་རེའུ ༦༡
 
སྨིག་རྒྱུའི་གྲོང
དགུན་ཁའི་ཉིན་གུང་གི་སྨུག་པ་དམར་སེར་གྱི་འོག་ཏུ
སྐུ་ཞབས་ཡེ་ཇེན་རྡི ༦༢ སི་མེར་ནའི་ཚོང་བ ༦༣
ཁ་སྤུ་གཟེང་ངེར་རྒུན་འབྲུམ་སྐམ་པོ་ཁུག་མར་བཅུག ༦༤                                            210
ལོན་ཊོན་ལ་སྐྱེལ་ཡོན་མི་དགོས ཟོང་མཐོང་རྗེས་གླ་ཆ་སྟེར་པའི་འཛིན་བྱང    ཁོས་ཧྥ་རན་སིའི་སྐད་དཀྱུས་མ་ཞིག་བཤད་ཞོར
ཁན་ནོན་སྲང་ལམ་མགྲོན་ཁང་དུ་ང་ལ་གུང་ཇ་བླུད་རྗེས ༦༥
གྲོང་ཁྱེར་ལྟེ་བ་རུ་སོང་ནས་གཟའ་མཇུག་སྐྱེལ་བར་མགྲོན་བྱས ༦༦
 
སྨུག་མདོག་གི་ས་སྲོད་སླེབས་དུས
མིག་དང་སྒལ་བ་སྒྲོག་ངོས་ནས་དྲང་མོར་འགྲེང་དུས   མིའི་ཕུང་བོས
གླ་གཏོང་རླངས་འཁོར་དང་འདྲ་བར་གཡོ་འདར་བྱེད་བཞིན་སྒུག་དུས
ང་སྟེ་ཁྲུར་སེ་སི  ཕོ་མོ་གཉིས་ཀྱི་བར་དུ་གཡོ་འདར་བྱེད ༦༧
ནུ་མ་གཉེར་མས་ཁེབས་པའི་རྒད་པོ་ལོང་བར་གྱུར་ཀྱང 
   
སྨུག་མདོག་གི་ས་སྲོད་འདི་རུ་ཡོད་ཚད་ཡུལ་ཕྱོགས་སུ་འགྲོ་ཞིང                                      220
མཚན་མོ་ལོན་དུས་ཆུ་བ་རྒྱ་མཚོ་ལས་ཕ་ཡུལ་ལ་འདྲེན་པ་མཐོང ༦༨
ཡིག་གཏག་པ་ཇ་དུས་ལོན་ཏེ་ཡུལ་ལ་ལོག   ནངས་ཇའི་སྙིགས་རོ
གཙང་མར་བྱས་ཤིང་མེ་ཁ་གསོས་ཏེ་ཟས་ཀྲིན་ཁྱེར་ནས་ཐོན
དྲ་མའི་ཕྱི་རུ་མི་བརྟན་པར་བཀལ་བའི
ཁོ་མོའི་སྐམ་ལ་ཉེ་བའི་ནང་གོས་དག་ལ་ནུབ་ཁའི་འོད་རོས་རེག
འབོལ་ཁྲིའི་སྟེང་དུ༼མཚན་མོར་མོའི་མལ་ཁྲིའོ༽
རྐང་འབོབ་རིང་པོ་དང་འདྲུད་ལྷམ   རྔུལ་ལེན་དང་ནང་གོས་སྤུངས་འདུག
ང་སྟེ་ནུ་མ་གཉེར་མས་ཁེབས་པའི་རྒད་པོ  ཁྲུར་སེ་སི
སྣང་ཚུལ་འདི་མཐོང་ཤིང་ཕྱི་མ་དག་མངོན་པར་རྟོགས
ངས་ཀྱང་རེ་བཞིན་པའི་མགྲོན་པོར་སྒུག                                                                 230
ཁོ་སྟེ་གདོང་ཡོངས་ཡ་ཐོར་གྱིས་ཁེངས་པའི་གཞོན་ནུ་དེ་སླེབས་བྱུང
ལས་ཚབ་ཁང་ཆུང་ངུའི་ལས་ཚན་པ   མིག་ཟུང་དྲེགས་པས་བརྟས
ཕྱུག་བདག་སྦིར་ཧྥོར་རྡིའི་མགོ་ལ་དར་གོས་ཀྱི་ཞྭ་ཞིག་བསྐོན་པ་བཞིན ༦༩
མི་དཀྱུས་ཕལ་བ་འདི་དག་ང་རྒྱལ་གྱིས་བརླམས
སླེབས་དུས་ཏག་ཏག་རན་ཏེ་ཁོས་འཕྱུག་མི་འདུག
དགུང་ཇ་འཐུང་རྗེས་ཁོ་མོ་ཉོབ་ཅིང་ངལ་བ་སྐྱེས
ཁོས་ལག་པས་ཡུན་གྱིས་འཕུར་མཉེད་བྱས
དགའ་བསུ་མ་ཐོབ་ལ་སྤྱོ་བའང་མེད་པས
གདོང་དམར་པོར་གྱུར་ཏེ་ཆོད་སེམས་བརྟན་པོས་འཇུག
འདོད་པའི་ལག་པར་རྒོལ་བ་མ་ཐེབས                                                                      240
ཁོའི་ཁེངས་དྲེགས་ལ་བརྡ་ལན་མི་དགོས་ཏེ
སྣང་མེད་དུ་བསྐྱུར་པ་ནི་དགའ་བསུ་བྱེད་པ་ཉིད་དོ
༼ང་སྟེ་ཁྲུར་སེ་སིས
མལ་ཁྲིའམ་འབོལ་ཁྲིའི་སྟེང་འཁྲབ་བཞིན་པ་ཐམས་ཅད་མྱངས་ཚར
སེབ་ཟིའི་མཁར་གྱང་འོག་ཏུ་བསྡད་ཅིང
འདས་པོ་ཆེས་ཐ་ཤལ་བ་དག་ཀྱང་བརྒྱུད་མྱོང༽ ༧༠
མཇུག་མཐར་ཁོ་མོར་སྦྱིན་པ་ལྟ་བུའི་འོ་ཞིག་བྱས་རྗེས
རྐང་འཇབ་ལག་འཇབ་ཀྱིས་ཕྱི་རུ་བུད ཐེམ་སྐས་སུ་གློག་འོད་ཀྱིས་སྟོང
 
མོ་ཕྱིར་འཁོར་ནས་མེ་ལོང་ལ་ཅེར་ཞིང 
བུད་སོང་བའི་དགའ་རོགས་ཡིད་ལའང་མ་འཁོར                                                       250
ཁོ་མོས་འདི་ལྟར
“དོན་འདི་གཞི་ནས་མཇུག་རྫོགས་སོང་བས་ངོ་མ་དགའ་སྤྲོ་སྐྱེས་འོངས”བསམ
མཛེས་མ་རྨོངས་འཆལ་གྱི་ལས་ལ་ཞུགས་རྗེས ༧༡
ཁང་བ་རུ་ཁེར་རྐྱང་གིས་ཕར་འགྲོ་ཚུར་འགྲོ་བྱེད་ཅིང
ལག་པས་བསམ་བཞིན་མིན་པར་སྐྲ་ལོར་བྱིལ་བྱིལ་གཏོང་ཞོར
སྒྲ་ཆས་ཤིག་སྐད་པར་འཁོར་ལོར་བཞག ༧༢
 
“གླུ་དབྱངས་འདི་ཆུ་མོའི་སྟེང་ནས་ཁོའི་ལུས་འགྲམ་བརྒྱུད་དེ་བཞུར” ༧༣
སི་ཀྲན་རྡི་བརྒྱུད་ཅིང་རྒྱལ་མོ་བེ་ཁི་ཐོར་ཡ་སྲང་ལམ་དུ་ཐོན
 
ཀྱེ  གྲོང་ཁྱེར གྲོང་ཁྱེར 
ཁོས་ལན་རེར་ཐམ་སི་སྲང་ལམ་འོག་མའི་ཆང་ཁང་གི་འགྲམ་དུ                                      260
སྒྲ་སྙན་རྒྱུད་དྲུག་གི་རྣ་བར་འཇེབས་པའི་སྐྱོ་གདུང་གསན་ཐུབ་ཅིང
ཆང་ཁང་དུ་ཉིན་གུང་ངལ་གསོ་བྱེད་པའི་ཉ་བ་དག་གིས
ཀི་ཅོ་འདྲེས་མའི་འཛེར་སྒྲ་སྒྲོག་པའང་ཐོས་འོངས
བསྟན་དོན་ལ་རང་སྲོག་ཤོར་པའི་གདུང་མཆོད་ཁང་གི་གྱང་ལྡེབས་སུ ༧༤
བརྗོད་མི་བཏུབ་པའི་ཨེའོ་ནེན་གྱི་དཀར་པོ་དང་གསེར་མདོག་གི་འོད་སྟོང་འཕྲོ ༧༥
 
གཙང་བོ
སྣུམ་སྙིགས་ཀྱིས་ཁེངས ༧༦
མཚོ་གྲུ
རླབས་ངོགས་སུ་གཡོ
 
གཡོར་རས་དམར་པོ་ཆེ་རུ་བསྐྱེད་དེ                                                                        270
རླུང་དང་བསྡེབས་ནས་ཕྱིན
གཡོར་ཤིང་སྟེང་དུ་ཕར་ཡོ་ཚུར་ཡོ་བྱེད
གྲུ་རླབས་ཀྱིས
ཆུ་ཁར་གཡེང་བའི་སྡོང་བོ་ཆེན་པོ་དྲག་ཏུ་སྒུལ
རྒི་རན་སྒྲི་བརྒྱུད་དེ
ཁྱི་ཚོགས་གླིང་ཕྲན་ལ་བཞུར ༧༧
                  ཝེ་ཨ་ལ་ལ   ལེ་ལ
                  ཝོ་ལ་ལ   ལེ་ཨ་ལ་ལ
 
ཨེལ་ཟ་རྦེ་དང་ལེ་སི་ཐིར་གྱིས ༧༨
གྲུ་ཁེམ་དཀྲུགས                                                                                                280
དམར་སེར་གྱི་འོད་མདངས་སྤྲོ་བའི་གྲུ་མཇུག
གསེར་ཆུ་བྱུགས་པའི
ཉ་ལྩིབས་ཀྱི་ཕྱི་སྐོགས་འདྲ་བར་གྲུབ
ཆུ་རླབས་སྐྱེན་པོ
གཙང་འགྲམ་གཉིས་སུ་གྱེས
ལྷོ་ནུབ་ཀྱི་རླུང་བུས
ཅོང་བརྡའི་སྒྲ་དབྱངས་གསལ་པོ
གཙང་བོའི་སྨད་དུ་འཁྱེར
ལྕོག་མཁར་དཀར་པོ 
ཝེ་ཨ་ལ་ལ  ལེ་ཨ                                                                                          290
             ཝོ་ལ་ལ  ལེ་ཨ་ལ་ལ
 
“གློག་འཁོར་དང་ས་རྡུལ་གྱིས་བཏུམས་པའི་ཤིང་སྡོང
ཧེ་རྦོར་གྱིས་ང་བཙས་ཤིང  རེ་ཆི་མོན་རྡི་དང་ཁེའུ་ཡིས
ང་རང་བཅོམ  རེ་ཆི་མོན་རྡི་རུ་ངས་པུས་མོ་ཡར་ལ་བཏེགས་ཏེ
ཤིང་གྲུ་གདུང་གཅིག་མ་ཞིག་གི་གཏིང་ལ་གན་རྐྱལ་དུ་ཉལ” ༧༩
 
“ངའི་རྐང་བ་མོར་རྒེ་ཐི་རུ་ཡོད ༨༠ ངའི་སེམས་པ
རྐང་བའི་ཞབས་སུ་སྡོད དོན་དེའི་རྗེས་སུ་ཁོ་ངུས་བྱུང
ཁོས་བསྐྱར་དུ་མི་ཡག་པོ་ཞིག་བྱེད་པར་ཁས་འཆེས
ངས་ཅི་ཡང་མ་སྨྲས་ལ་འཁོན་དུ་འཛིན་པའི་དགོས་པ་ཅི”
“མར་རྒེ་ཐིའི་བྱེ་རགས་སུ ༨༡                                                                             300
ངས་སྟོང་བ་དང་སྟོང་བ
གཅིག་ཏུ་སྦྲེལ་ནུས
ལག་པ་བཙོག་པོའི་རལ་ཟིན་པའི་སེན་མོ
མི་ཐ་ཤལ་བ་ང་ཚོར
རེ་བས་སྟོང”
                
ལ་ལ
 
དེ་བས་ང་ཁར་ཟེ་སྒྲི་ལ་ཐོན ༨༢
 
སྲེགས་ཤིག སྲེགས་ཤིག སྲེགས་ཤིག སྲེགས་ཤིག ༨༣
དཀོན་མཆོག་ལགས ང་སྒྲོལ་ཅིག
དཀོན་མཆོག་ལགས  ང་སྐྱོབས་ཤིག                                                                    310
 
སྲེགས་ཤིག
 
བཞི། ཆུར་ཤི་བ། ༨༤
 
ཧྥེས་ཉི་ཀི་བ་ཧྥེལ་པ་སི ཚེའི་འཕེན་པ་རྫོགས་ནས་གཟའ་ཡི་འཁོར་མོ་གཉིས་འདས ༨༥
ཁོས་ངུར་བའི་མགྲིན་སྒྲ་དང་མཚོ་མཇིངས་ཀྱི་རྦ་རླབས་བརྗེད་ཟིན་ལ
ཁེ་སྤོགས་དང་གྱོང་གུན་ཀྱང་བརྗེད་ཚར
                 མཚོ་ཞབས་ཀྱི་རླུང་རྒྱུན་དྲག་པོས
སྐད་ཆ་ཤུབ་བུར་སྨྲ་བཞིན་ཁོའི་རུས་རྐང་གཙང་མར་བཟོས
འཕར་ཞིང་ལྟུང་བའི་དུས་དེ་ཉིད་དུ  ཁོས་རྒས་འཁོགས་དང
གཞོན་ནུའི་དུས་སྐབས་བརྒྱུད་དེ་ཀློང་འཁོར་ལ་འཛུལ ༨༦
                   ལྗེའུ་དང་ལྗེའུ་མ་ཡིན་པ
འཁོར་ལོར་ཁ་ལོ་བསྒྱུར་ཅིང་རླུང་གི་རྒྱུ་བར་ལྟ་བའི་མི ཧྥེལ་པ་སི་དྲན་པར་གྱིས་དང          320
དེ་དུས ཁོའང་ཁྱོད་ལྟར་བྱད་བཞིན་མཛེས་ལ་སྟོབས་ཀྱིས་ཆེ་བ་མ་ཡིན་ནམ
 
ལྔ། གློག་དམར་གྱི་གཏམ། ༨༧
 
གཞའ་བརླན་གྱི་ངོ་གདོང་དཔལ་འབར་གྱིས་གསལ་བར་མངོན་རྗེས
སྐྱེད་མོས་ཚལ་དུ་སད་ཀྱིས་བརླག་འདྲའི་དབེན་འཇགས་བརྒྱུད་རྗེས
བྲག་རྡོའི་གསེང་དུ་ཚད་མེད་པའི་སྡུག་བསྔལ་མྱངས་རྗེས
ཀི་ཅོ་དང་ངུ་འབོད   བཙོན་ཁང་དང་ཕོ་བྲང
དཔྱིད་ཀའི་གློག་དམར་དང
རྒྱང་རིང་གི་རི་ཚོགས་ལས་བྲག་ཅར་འཁོར
 
འཚོ་བཞིན་པ་གང་ད་ལྟ་ཤི་ཟིན
འུ་ཅག་དུས་དེ་ན་འཚོ་ཞིང
ད་ལྟ་བཟོད་པ་ཏོག་ཙམ་བསྣམས་ནས་འཆི་བར་ཉེ ༨༨                                                330
 
འདི་རུ་བྲག་རྡོ་ལས་གཙང་ཆུ་དཀོན
རྡོ་ལས་ཆུ་མེད་པར་བྱེ་མའི་ལམ་ཞིག་འདུག
བྱེ་ལམ་རིའི་ཁྲོད་དུ་བསྐོར་ནས་འཐེན་ཞིང
རི་བོ་བྲག་རྡོ་ཁོ་ན་ཡིན་པས་ཆུ་མོ་དབེན
གལ་ཏེ་ཆུ་ཡོད་ན་ང་ཚོས་འགྲོ་མཚམས་བཞག་སྟེ་འཐུང་བར་ངེས
འོན་ཏེ་བྲག་རྡོའི་གསེང་དུ་སྡོད་མི་འོས་ལ་སེམས་ཀྱང་མི་རིགས
རྔུལ་ཆུ་སྐམ་ཞིང་རྐང་བ་བྱེ་མར་ཟུག
གལ་ཏེ་བྲག་རྡོའི་གསེང་དུ་ཆུ་ཡོད་ན
ཡིན་ཡང་རི་སྒང་སྐྱ་བོའི་ཁ་ལས་སོ་སྲིན་མཆེད་དེ་ཆུ་མི་གཏོང
མི་དག་གནས་འདིར་ལངས་མི་འོས་ལ  ཉལ་བ་དང་ཙོག་མི་འོས                        340
རི་འདིའི་ཁྲོད་དུ་ཐ་ན་ལྷིང་འཇགས་ཀྱང་སྟོང
ཆར་བ་མེད་པའི་གློག་དམར་སྐམ་པོ་འཁྱུག་པ་ཙམ་ལས
རི་འདིའི་ཁྲོད་དུ་ཐ་ན་བག་ཡངས་ཀྱང་མི་འདུག
ཁྲོ་བའི་ངོ་གདོང་གི་ཧབ་དགོད་དང་སྡིག་དམོད་ཙམ
སྐམ་ཤིང་གས་པའི་ས་ཁང་གི་སྒོ་འགྲམ་ནས་མཆེད
                                   གལ་སྲིད་ཆུ་ཡོད་ཅིང
བྲག་རྡོ་མེད་ཚེ
གལ་སྲིད་བྲག་རྡོ་ཡོད་ལ
ཆུའང་བཞུར་ཚེ
ཆུ་དེ་ནི                                                                                                          350
རྫ་ཆུ་ཞིག་སྟེ
བྲག་རིའི་ཀློང་གི་རྫིང་བུ་ཞིག་ཏུ་ངེས
གལ་སྲིད་ཆུའི་སྒྲ་ཁོ་ན་ཡོད་ཚེ
དེ་ནི་འབུ་འཛིང་དང་རྩྭ་སྐྱས་བླངས་པ་མིན་པར
བྲག་རྡོའི་སྟེང་གི་ཆུ་རྒྱུན་གྱི་སྒྲ་དབྱངས་ཡིན་ཞིང
གསོམ་ཤིང་གི་ཚལ་དུ་འཇོལ་མོའི་གླུ་སྙན་གྱིས་ཁྱབ་པར་ངེས ༨༩
ཐིག་ཐིག་ཐིག་ཐིག་ཐིག
འོན་ཀྱང་ཆུ་མི་འདུག
 
ནམ་ཡང་ཁྱོད་དང་ཉེ་བར་རྒྱུ་བའི་ཕུང་གསུམ་པ་དེ་སུ ༩༠
ངས་གྲངས་ཀ་རྩི་དུས་ཁྱོད་དང་འུ་གཉིས་ལས་མེད་ནའང                                             360
ལམ་དཀར་པོ་དེད་ནས་མདུན་དུ་བལྟས་ཚེ
ནམ་ཡང་ཁྱོད་ཀྱི་ཉེ་འགྲམ་དུ་མི་ཞིག་འདུག་པ་མཐོང་འོངས
རྫ་མདོག་གི་བེར་ཞིག་གྱོན་ཏེ་མགོ་བོ་བཏུམས་ནས་རྒྱུ
ངས་དེ་སྐྱེས་པའམ་བུད་མེད་གང་ཡིན་རྟོགས་ཐབས་བྲལ
ཡིན་ནའང་ཁྱོད་དང་ཕྱོགས་གཞན་དུ་ཉེ་བར་རྒྱུ་བ་དེ་སུ
 
མཐོན་པོའི་དབྱིངས་སུ་གྲགས་པའི ༩༡
བྱམས་ལྡན་མའི་གདུང་གླུ་འདྲ་བའི་སྒྲ་དེ་ཅི
ངོ་གདོང་སེང་རས་ཀྱིས་བསྒྲིབས་པ་དེ་དག་སུ
མཐའ་ཡས་པའི་ཐང་ཆེན་དུ་ཞོགས་ཤིང་ས་གཞིའི་གས་ཁར་འགྲེད 
ཁོད་ཡངས་པའི་གནམ་ས་འབྲེལ་མཚམས་ཀྱིས་བསྐོར                                                  370
རི་དེའི་ཕ་རོལ་ནི་གྲོང་ཁྱེར་གང་ཡིན
གས་ཏེ་བསྐྱར་དུ་བརྩིགས་ཤིང་སླར་ཡང་དམར་སྨུག་གི་ནམ་མཁར་རལ་བའི
འཐོར་ཉེས་བྱུང་བའི་ལྕོག་མཁར
ལྗེར་ཟ་ལེམ  ཨ་སན་ཟི  ཨལ་ཟན་སྒྲེར
བེ་ན  ལོན་ཊོན ༩༢
སྨིག་རྒྱུའི་གྲོང
 
བུད་མེད་ཅིག་གིས་མོའི་རིང་ལ་ནག་པོའི་སྐྲ་ལོ་དམ་པོར་འཐེན་ཞིང
རྒྱུད་སྐུད་དེའི་སྟེང་ནས་གདངས་དམའ་བའི་རོལ་དབྱངས་དཀྲོལ
ཕ་ཝང་གིས་བྱིས་པའི་ངོ་གདོང་བསྣམས་ཏེ 
རྒྱ་སྨུག་གི་འོད་དུ་སྐད་ཀྲོག་ཀྲོག་གིས་གཤོག་རྡེབ་བྱེད                                                  380
མགོ་བོ་མར་འཁོར་ཏེ་དུད་དྲེག་གིས་ཁེངས་པའི་ལྡེབས་སུ་འགོས
ཅོང་ཁང་མགོ་མཇུག་ལྡོག་སྟེ་བར་སྣང་དུ་དཔྱངས་ཤིང
ཕྱིར་དྲན་གྱི་ཅོང་བརྡ་བསྒྲགས་ནས་དུས་ཚོད་སྟོན
ད་དུང་རྫིང་བུ་སྟོང་བ་དང་ཁྲོན་པ་སྐམ་པོ་ལས་རོལ་དབྱངས་འཁྱར ༩༣
 
རིའི་ཁྲོད་ཀྱི་རྡིབས་ཟིན་པའི་ཁུང་བུ་རུ
གསལ་མི་གསལ་གྱི་ཟླ་འོད་ཁྲོད་དུ   རྩྭ་ཕྲན་གྱིས
གས་ཟིན་པའི་དུར་ཁྲོད་དུ་གདུང་གླུ་ལེན
ཆོས་ཁང་ནི་སྟོང་བ་ཞིག་སྟེ ༩༤  རླུང་གི་ཕ་ས་ཁོ་ནར་ངེས
སྒེའུ་ཁུང་མེད་ལ་སྒོ་མོའང་འཁྱོམ 
ཀེང་རུས་སྐམ་པོས་གཙེ་བར་མི་ནུས                                                                        390
བྱ་ཕོ་ཁོ་ན་ཁང་ཀླད་དུ་འགྲེང་སྟེ
ཀག་ཀག་ཀག   ཀག་ཀག་ཀག
གློག་འོད་འཁྱུག་ཅིང་གཞའ་རླུང་ཅིག་གི་རྗེས་ལ
ཆར་བ་བབས
 
གང་གཱ་བྱིང་ཞིང་སྐམ་ལ་རྙིད་པའི་སྡོང་ལོས
གྲུ་ཆར་འབབ་པར་སྒུག   རྔམ་མཐུག་པའི་སྤྲིན་ནག
རྒྱང་རིང་ནས་འདུས    ཧི་མ་ཝན་རི་བོའི་སྟེང་དུ
མུ་མེད་པའི་ནགས་ཀླུང་དལ་ཅག་གེར་ཡན་ལག་འཁུམས
དེ་ནས་གློག་དམར་གྱིས་གཏམ་བཤད་བྱུང
ད ༩༥                                                                                                           400
ད་དཿ
ང་ཚོས་སྦྱིན་པ་ཅི་ཞིག་མཛད་མྱོང
ངའི་གྲོགས་པོ ཟུངས་ཁྲག་གིས་ཁོའི་སེམས་རྩ་འཁོལ་དུ་བཅུག
 
མི་ཚེ་གཅིག་གི་སེམས་ཆུང་ལ་བརྗེ་ཐབས་མེད་པའི
སྲོག་ཀྱང་དོར་ནུས་པའི་སྐད་ཅིག་གི་སྤོབས་པར་བརྟེན་ནས
འདི་ཁོ་ནར་བརྟེན་ནས་ང་ཚོ་འཚོ་བཞིན་ཡོད་མོད
ང་ཚོའི་གཤིན་ཡིག་ཏུ་དེ་གཏན་ནས་མི་མཐོང་ལ   སྡོམ་གྱི་དྲ་བས་བཀབས་པའི
དྲན་ཤེས་སུའམ ༩༦ ཁྲིམས་རྩོད་པ་རིད་པོ་དག་གིས་ཁ་ཕྱེ་བའི
གསང་བའི་ཡིག་ཤུབས་དང   འུ་ཅག་གི་ཁང་སྟོང་དག་ཏུའང 
ད                                                                                                                 410
ད་ཡཱ་ཏཾ ངས་ལྡེ་མིག་དེ་སྒོའི་སྟེང་དུ་ཐེངས་གཅིག་ལ་འཁོར་བ་ཐོས
ཐེངས་གཅིག་མ་གཏོགས་མ་འཁོར
འུ་ཅག་གིས་ལྡེ་མིག་དེ་དྲན་བྱུང སྐྱེ་བོ་ཐམས་ཅད་རང་ཉིད་ཀྱི་ལྕོག་མཁར་དུ ༩༧
ལྡེ་མིག་དེ་དྲན་བཞིན་བཙོན་ཁང་རེ་བསྲུངས་འདུག
ས་སྲོད་ཀྱི་ཁམས་གཞན་ལས་ལྷགས་པའི་སྒྲ་དབྱངས་ཁོ་ནས
ཉམས་ཟིན་པའི་ཁོར་ལེན་སི་ཡུད་ཙམ་ལ་བསྐྱར་དུ་གསོན་པར་བྱས ༩༨
ད་མ་ཐཿ  གྲུ་ཆུང་ཐུགས་ཉམས་སྤྲོ་བོས
གཡོར་གྲུ་དང་ཁེམ་ལ་བྱང་བའི་ལག་པར་བསྟུན
མཚོ་མོ་ཞི་ཞིང་འཇགས  གདན་ཞུ་ཐོབ་པའི་དུས་སུ                                                420
ཁྱོད་ཀྱི་སེམས་པའང་སྤྲོ་བ་འཕེར་ཏེ
ཚོད་འཛིན་པའི་ལག་པ་དང་བསྟུན་པར་ངེས
ཁོ་བོ་གཙང་འགྲམ་དུ་བསྡད་དེ ༩༩
ཉ་མོ་བཟུང  ལྟག་རྒྱབ་ནི་སྐམ་ཟིན་པའི་ཀླུང་ཐང་ལགས
མ་མཐའ་ཡང་ངས་རང་གི་ལྡུམ་རྭར་བདག་ཡག་པོ་ཞིག་བྱ་དགོས་སམ ༡༠༠
 
ལོན་ཊོན་ཟམ་པ་བརྡིབས་སོང་བརྡིབས་སོང་བརྡིབས་སོང ༡༠༡
 
དེ་བས་ཁོས་རང་ཉིད་ཁོ་ཚོ་བཙོ་སྦྱངས་མཛད་པའི་མེ་དཔུང་དུ་ཡིབ ༡༠༢
ང་ནམ་ཞིག་འཇོལ་མོ་བཞིན་དུ འཇོལ་མོ  འཇོལ་མོ ༡༠༣
ཨ་ཁེ་ཐེན་རྒྱལ་སྲས་གས་རལ་དུ་གྱུར་པའི་མཁར་དུ་གནས་དབྱུང་བཏང ༡༠༤
ངས་ཆག་རོ་འདི་དག་གིས་རང་གི་གྱང་གོག་བརྟན་པོར་བྱས                                          430
དེས་ན་ཁྱོད་དང་བསྟུན་པར་བྱ  ཧིར་ཉི་མོའང་སྨྱོས་ཚར ༡༠༥
ད་དཿ   ད་ཡཱ་ཏཾ   ད་མ་ཐཿ
 
བདེ་གྱུར  བདེ་གྱུར  བདེ་གྱུར ༡༠༦
 
༡༩༢༢
 
མཆན།
―――――――――
༡ སྙན་ངག་འདིའི་ཁ་བྱང་ལས་གཞན་སྒྲིག་བཀོད་དང་སྐབས་རེར་སྤྱད་པའི་མཚོན་ཐབས་ཀྱང་ཕལ་མོ་ཆེ་ ཞིག་སྐྱེས་མ་བེ་སི་ཐོན༼Miss Jessie L.Weston༽གྱི་ལྷའི་ཕོར་བའི་ངག་རྒྱུན་དང་འབྲེལ་བའི་བརྩམས་ཆོས«ཆོ་ག་ནས་སྒྲུང»
༼From Ritual toRomance༽ཞེས་པ་ལས་བློ་བསྐྱེད་ཐོབ་པ་ཡིན་ལ། དེས་ཁོ་བོའི་མཆན་འགྲེལ་ལས་ཀྱང་སྙན་ངག་ཁྲོད་ཀྱི་དཀའ་གནད་གསལ་བར་བྱ་ནུས་པས། གལ་སྲིད་སྙན་ངག་འདིར་གོ་བ་ཞིག་ཡོད་པར་སྙམ་ཚེ། ཁོ་བོས་དེབ་དེ་འོས་སྦྱོར་བྱ་རྒྱུ་ཡིན་ལ།དེབ་དེ་རང་ངོས་ནས་ཀྱང་སྤྲོ་བས་བརྟས། གཞན་དུ་འུ་ཅག་གི་དུས་རབས་འདི་ལ་ཤུགས་རྐྱེན་ཟབ་མོ་ཐེབས་མྱོང་བའི་མིའི་རིགས་རིག་པའི་བརྩམས་ཆོས«གསེར་གྱི་ཡལ་ག»༼Golden Bough༽ཡིས་ཀྱང་ཁོ་བོར་ཕན་ཆེན་པོ་ཐོགས་ལ་དམིགས་བསལ་གྱིས་ཨ་ཐི་སི་དང་ཨ་རྡོན་སི། ཨོ་སར་སི༼Atiis,Adonis,Osiris༽བམ་པོ་གཉིས་བཀོལ་ཡོད་པས། བརྩམས་ཆོས་འདི་ལ་ཆ་རྒྱུས་མངའ་བ་ཞིག་གིས་སྙན་ངག་འདིའི་ཆ་ཤས་ཤིག་རྒྱུད་འཕེལ་གྱི་གུས་སྲོལ་དང་འབྲེལ་མངའ་བ་རྟོགས་ངེས། ―མ་མཆན།«ཆོ་ག་ནས་སྒྲུང»ཞེས་པའི་རབ་བྱེད་དགུ་བར་མྱ་ངམ་ཐང་དུ་ཉ་བའི་དབང་བོ༼The Fisher King༽ལ་སྐྱེ་འཕེལ་གྱི་ནུས་པ་ཉམས་པས་རྒྱལ་པོའི་ཁབ་ཡོངས་སུ་ཆུ་མེད་པར་སྐོམ་པའི་སྡུག་བསྔལ་མྱངས་པའི་གཏམ་རྒྱུད་བྲིས་ཡོད།
༢ ཚིག་འདི་དུས་རབས་དང་པོའི་རོ་མའི་ཟུར་ཟའི་རྩོམ་པ་པོ་ཕེ་ཐིར་ནེའུ་སི༼Gaius Petronius༽ཡི་ཟུར་ཟའི་བརྩམས་ཆོས«ས་ཐེར་ཁོན»༼Satyricon༽ལས་བྱུང༌། སེ་རྦེལ་ནི་གནའ་བོའི་ཀེ་རི་སིའི་ལྷ་སྒྲུང་ཁྲོད་ལུང་སྟོན་པའི་ནུས་པ་ཁྱད་དུ་འཕགས་པའི་པྲ་མོ་ཞིག་སྟེ། མོས་ཨེ་ནེ་སི༼Aeneas༽ཁྲིད་ནས་ཕྱི་མའི་ཡུལ་དུ་བགྲོད་མྱོང་ལ་ཨ་ཕོ་ལོ༼Apollo༽འང་གང་དེར་ཆགས་ཏེ་ལག་མཐིལ་གྱི་རྡུལ་གྱི་ཟེགས་མའི་གྲངས་དང་དུས་མཉམ་པའི་བར་དུ་འཆི་བ་མེད་པར་ཁས་འཆེས་མོད། མོས་ལང་ཚོ་མི་ཉམས་པར་བྱེད་པ་བརྗེད་པས། ཕྱིས་སུ་ཚེ་ཡུན་རིང་ནའང་རྒས་ཤིང་འཁོགས་པར་གྱུར་པས་ཤི་མ་གསོན་གྱི་གནས་སུ་གྱར། སྡུག་བསྔལ་ཆེན་པོ་མྱངས་པས་ད་གཟོད“འཆི་བ”དགོས་པར་སྨྲས་པ་ཡིན་ལ། རྐང་བ་སུམ་ཅུ་བའི“ཁོ་བོས་ཁྱོད་ལ་འཇིགས་སྔངས་རྡུལ་གྱི་ཕུང་བོ་ཞིག་ཏུ་གནས་པ་སྟོན”ཞེས་པས་ཀྱང་དོན་འདི་སྟོན།
༣ ཚིག་འདི་མ་གཞི་ཏན་ཐེ༼Dante༽ཡིས་ཧྥ་རན་སེའི་སྙན་ངག་པ་རྡན་ནེལ༼Arnaut Daniel༽ལ་བསྔགས་པ་བརྗོད་པའི་ཚིག་ཅིག་ཡིན་ལ། འདིར་སྙན་ངག་པ་ཕེང་རྡིས་ཨེལ་ཐུའི་སྙན་རྩོམ་འདི་ལ་བཟོ་བཅོས་དང་བསམ་འཆར་བཏོན་པར་བསྟོད་པའི་ཆེ་བ་བརྗོད་ཕྱིར་དྲངས་པའོ།། 
༤ སི་ཏར་རྦི་རྒིར་སེ༼Starnbergersee༽ནི་འཇར་མན་གྱི་གྲོང་ཁྱེར་མེའུ་ནེག་ཉེ་འགྲམ་གྱི་མཚོ་ཞིག་ཡིན་ལ།ཨེལ་ཐུས་དེས་ཡོ་རོབ་གླིང་དཀྱིལ་གྱི་མྱ་ངམ་པའི་རྣམ་པ་མཚོན།
 ༥ ཧོབ་ཀར་ཐེན༼Hofgarten༽ནི་མེའུ་ནེག་གི་སྤྱི་གླིང་ཞིག
༦ ཚིག་རྐང་འདི་མ་རྩོམ་ནང་འཇར་མན་སྐད་དུ་འཁོད་ཅིང་།དོན་དུ་ལྕམ་མོ་མཱ་རེ་ནས་ཨེལ་ཐུ་ལ་སྨྲས་པའི་ཚིག་ཅིག་ཏུ་ངེས།
༧གོང་གི་བྱུང་རིམ་འདི་ལྕམ་མོ་མཱ་རེ་ལཱར་ཟི་ཆི༼Countess Marie Larisch༽ཡི་ཕྱིར་དྲན་རེག་ཟིག
«བདག་གི་འདས་ཟིན་པའི་ལོ་ཟླ»༼My Past༽ཞེས་པ། གཅིག་དགུ་བཅུ་གསུམ་ལོའི་པར་མ་ལས་
དྲངས་ཤིང་གསོབ་སྟོང་གི་མཐོ་རིམ་སྤྱི་ཚོགས་མཚོན་གྱི་ཡོད།
༨ «ཡེ་ཞི་ལྗེའི་བམ་པོ»རབ་བྱེད་གཉིས་པའི་ས་བཅད་དང་པོར་གཟིགས། ―མ་མཆན།
༩«ཡེ་ཞི་ལྗེའི་བམ་པོ»རབ་བྱེད་དྲུག་པའི་ས་བཅད་དྲུག་པར་གཟིགས།
༡༠«ཆོས་ཀྱི་བམ་པོ»རབ་བྱེད་བཅུ་གཉིས་པའི་ས་བཅད་ལྔ་བར་གཟིགས། ―མ་མཆན།
༡༡«ཡེ་སི་ཡཱའི་བམ་པོ»རབ་བྱེད་སོ་གཉིས་པའི་ས་བཅད་གཉིས་པར་གཟིགས། དེར་དཀོན་མཆོག་ལ་དད་པ་སྐྱེས་ཚེ་མྱ་ངམ་ཐང་གི་སྡུག་བསྔལ་དང་འབྲལ་བར་གསུངས་ཡོད།
༡༢ «ཁྲུར་སི་ཐན་དང་ཨེ་སོལ་རྡེ»༼Tristan and Isolde༽འཁྲབ་ཚན་དང་པོའི་རྐང་བ་ལྔ་བ་ནས་
བརྒྱད་པར་གཟིགས།   ―མ་མཆན།
གླུ་འདི་ཝ་རྒི་ནར༼RichardWagner༽གྱི་གླུ་དབྱངས་ཟློས་གར་འདིའི་འཁྲབ་ཚན་དང་པོར་ཁྲུར་སི་ ཐན་དང་ཨེ་སོལ་རྡེ་གཉིས་གྲུ་ལ་ཞུགས་ཏེ། ཨེར་ལན་དང་ཁ་འབྲལ་བའི་སྐབས་གྲུ་བས་བླངས་པ་ཡིན་ལ་དྭངས་ཤིང་གཙང་ལ་ཟོལ་མེད་པའི་བརྩེ་དུངས་མཚོན་གྱི་ཡོད།   མ་རྩོམ་དུ་ཝ་རྒི་ནར་གྱི་མ་ ཡིག་འཁོད་འདུག
༡༣ ཚིག་འདི་ཨེལ་ཐུའི་ཧྥ་རན་སིའི་ཡི་གེར་བཀོད་པའི་སྙན་ངག«གསོལ་ཁང་དུ»ཞེས་པར་ཟུར་ལྟ་ བྱས་ཆོག་ལ། རྩོམ་པ་པོས་རྒྱུན་དུ་མེ་ཏོག་དྲིལ་བུ་དང་པད་མས་དཔྱིད་ཀྱི་སྐྱེ་སྟོབས་མཚོན་ཞིང༌། མེ་ཏོག་དེ་གནའ་བོའི་ཀེ་རི་སིའི་ལྷ་སྒྲུང་ལས་ཀྱང་སྐྱེ་འཕེལ་དང་བསྐྱར་གསོན་གྱི་མཚོན་བྱེད་ཅིག་ཏུ་འཇོག
༡༤«ཁྲུར་སི་ཐན་དང་ཨེ་སོལ་རྡེ»འཁྲབ་ཚན་གསུམ་པའི་རྐང་བ་ཉེར་བཞི་ལ་གཟིགས།―མ་མཆན།
འཁྲབ་ཚན་འདིར་ཁྲུར་སི་ཐན་རྨས་ཕོག་སྟེ་ཁེར་རྐྱང་དང་རེ་ཐག་ཆད་པའི་ངང་ཕྱིར་ཡུལ་ལ་ལོག་དུས་ཨེ་སོལ་རྡེས་རྗེས་དེད་ཡོང་བར་བསྒུག་ནའང༌། མཚོ་འགྲམ་ལ་མངགས་པའི་མིས“རྒྱ་མཚོ་ཉམ་ཐག་ཅིང་སྟོང་བར་གྱུར་འདུག”ཅེས་པ་ལས་ལན་ལྡོན་རྒྱུ་མ་བྱུང་བའི་རྣམ་པ་བྲིས་ཡོད། ཚིག་རྗེས་མ་དེ་མ་རྩོམ་དུ་ཝ་རྒི་ནར་གྱི་མ་ཡིག་འཁོད་འདུག
༡༥སོ་སོ་སི་ཁྲེ་སི་ཞེས་པའི་མིང་དེ་ཧག་སི་ལེ༼AldousHuxley༽ཡི་བརྩམས་སྒྲུང«ཚོས་མདོག་སེར་པོ»༼Chrome Yellow,༡༩༢༡༽ཞེས་པ་ལས་དྲངས་པར་སྣང་ལ། དེའི་ཁྲོད་ཀྱི་ཕོ་ལུས་མོ་བྱད་དུ་སྤྲས་པའི་ཆ་ལུགས་དང་ཨེལ་ཐུའི་སྙན་ངག་ནང་གི་ཕོ་མོའི་དབྱེ་བ་གཅིག་ཏུ་བསྲེས་པ་གཉིས་གཞི་མཐུན་དུའང་འདོད།
༡༦ཁོ་བོ་ཐཱ་རོ༼Tarot༽ཏག་སེའི་གྲུབ་ཆ་དངོས་ལ་ཆ་རྒྱུས་བྲལ་ཡང་རང་ཉིད་ལ་སྟབས་བདེ་བཟོ་ཆེད་འདིར་བཀོད་པའོ། །ངག་རྒྱུན་དུ“འགེགས་གསོད་བཏང་བའི་མི”དེ་ཏག་སེ་དེའི་གྲུབ་ཆ་ཞིག་ཏུ་འདོད་ཅིང༌། ཁོ་བོས་ཕྱོགས་གཅིག་ནས་དེ་ཧྥོར་ཟར་གྱིས་བཤད་པའི“འགེགས་གསོད་བཏང་བའི་ལྷ”དང༌།ཚན་པ་ལྔ་བའི་ནང་དུ་ཨེམ་སི་ལ་འགྲོ་བའི་ལམ་དུ་འཕྲད་པའི་མི་བེར་གྱོན་དང་འབྲེལ་བ་ཆེ་སྙམ། ཧྥེ་ཉི་ཀིའི་ཆུ་བ་དང་ཚོང་བ་བྱུང་བ་ཅུང་འཕྱི་ཞིང༌།“མི་ཚོགས”དང“ཆུའི་ནང་གི་འཆི་བ”ཚན་པ་བཞི་བར་མཐོང༌། དབྱུག་པ་གསུམ་ཐོགས་པའི་སྐྱེས་པ༼ཐཱ་རོའི་ཏག་སེ་རུ་རྒྱུ་མཚན་འདྲེན་རྒྱུ་ཡོད་པའི་གྲུབ་ཆ་གཅིག༽ཡང་ངས་ཨུ་ཚུགས་སྒོས་ཉ་བའི་དབང་པོ་དང་སྦྲེལ་ཡོད།   ―མ་མཆན།
ཐཱ་རོའི་ཏག་སེར་བུམ་པ་དང་རལ་གྲི། ཕོར་བ་དང་མདུང་གི་གཟུགས་དབྱིབས་གཙོ་བོ་བཞི་ཡོད་ལ། དེ་དག་ལས་བུམ་པ་དང་ཕོར་བས་བུད་མེད་དང༌། རལ་གྲི་དང་མདུང་གིས་སྐྱེས་པ་མཚོན་ཞིང༌། གཉིས་ཀས་རྒྱུད་སྤེལ་པའི་ནུས་པ་སྟོན།    སྐྱེས་མ་བེ་སི་ཐོན་གྱིསཆོ་ག་ནས་སྒྲུངཞེས་པར་ཏག་སེ་དེའི་འབྱུང་ཁུངས་ལ་རྩད་གཅོད་གནངས་ཡོད་འདུག
༡༧ཨེལ་ཐུས་ཆུའམ་རྒྱ་མཚོས་མིའི་འདོད་སྲེད་མཚོན་པར་བྱེད་དེ། ཧྥེ་ཉི་ཀིའི་ཆུ་བ་དང་རྒྱལ་སྲས་ཧྥོ་རྡིན། ཚོང་བ་སི་མེ་ནཱ་བཅས་ནི་ཆུར་བྱིངས་པའི་མི་སྣ་དག་གོ །
༢༨ཤིག་སེ་ཕེར་གྱི«ཆར་རླུང་འཚུབ་མ»འཁྲབ་ཚན་དང་པོའི་མྱ་ངན་གྱི་གླུ་ལ་གཟིགས།
༡༩རྦེལ་རྡིང་ནཱ༼Belladonna༽ནི་དབྱི་ཐ་ལིའི་སྐད་དུ“མཛེས་སྡུག་ལྡན་པའི་སྐྱེས་མ”དང་དུག་གི་མེ་ཏོག་ཅེས་པར་གོ་ལ། བྲག་གི་བུ་མོ་ཞེས་པ་ཀེ་རི་སིའི་ལྷ་སྒྲུང་དུ་རྒྱ་མཚོའི་སྲིན་མོ་ཞིག་ཏུ་འབོད།
༢༠ ཨེལ་ཐུས་དབྱུག་པ་གསུམ་ཐོགས་པའི་སྐྱེས་པ་དང་ཉ་བའི་དབང་པོ་གཉིས་གཞི་གཅིག་ཏུ་ལྟ།
༢༡ འཁོར་ལོས་ལས་དང་ལྷའི་ནུས་པ་མཚོན་པ་དང་། འདིར་ནང་བ་སངས་རྒྱས་པའི་འཁོར་བའི་ལྟ་བའང་མངོན་པར་སྣང༌།
༢༢ ཚོང་བ་མིག་གཅིག་ནི་རྐང་བ༢༠༧ནས༢༡༤བར་གྱི་སི་མེར་ན་ཚོང་བར་གོ་སྙམ།
༢༣ «གསེར་གྱི་ཡལ་ག»དེབ་ལྔ་བར་གཟིགས། ཇེའུ་ཟའང་ཉ་བའི་དབང་པོ་ནང་བཞིན་སྐྱེ་འཕེལ་གྱི་ལྷ་སྟེ་དཔྱིད་ཀྱི་དཔལ་ཡོན་མཚོན།
༢༤རྦོ་རྡི་ལེར་གྱི་ཚིག་རྐང་འདི་ལ་ཟུར་ལྟ་གྱིས།འཚང་ཁ་ཤིག་ཤིག་གི་རྨོངས་པས་འཁྲིགས་པའི་གྲོང་ཁྱེར།སྲིན་པོའི་རྣམ་ཤེས་ཀྱིས་ཉིན་དཀར་ཡང་ལམ་འགྲོ་བ་གྲངས་མེད་འཛིན   ―མ་མཆན།
༢༥«དམྱལ་ཁམས»རབ་བྱེད་བཞི་བའི་རྐང་བ༥༥ནས༥༧བར་ལ་ཟུར་ལྟ་གྱིས།མི་འདི་འདྲའི་མང་པོ་ཞིག ངས་འཆི་བས་མི་འདི་འདྲའི་མང་པོ་ཞིག་རྨེག་མེད་བཏང་བ་མ་རྟོགས   ―མ་མཆན།
༢༦ «དམྱལ་ཁམས»རབ་བྱེད་བཞི་བའི་རྐང་བ༢༥ནས༢༧བར་ལ་ཟུར་ལྟ་གྱིས།
ཐོས་འོངས་པའི་སྒྲ་ལ་བརྟགས་ཚེ གནས་འདི་རུ
ཤུགས་རིང་འབྱིན་པ་ཁོ་ནས་རྟག་བརྟན་གྱི་མཁའ་རླུང་འདར་བར་བྱེད་པ་ཙམ་ལས
སྡུག་བསྔལ་གཞན་གྱི་མངོན་པ་ཅི་ཡང་མི་འདུག ―མ་མཆན།
༢༧ འདི་ནི་ལོན་ཏོན་ཝེ་ལམ་རྒྱལ་པོའི་སྲང་ལམ་གྱི་ཆོས་ཁང་ལ་གོ
༢༨ འདི་ནི་ངས་མཐོང་བའི་རྒྱུན་ལྡན་གྱི་སྣང་ཚུལ་རིགས་ཤིག་གོ ། ―མ་མཆན།
མཐའ་མཇུག་གི་ཅོང་སྒྲ་དེས་ཇེའུ་ཟ་འཆི་བའི་དུས་སྐབས་སྟོན་པར་སྙམ་ལ། སྤྱིར་བཏང་གི་
འཆི་བའང་མཚོན་པར་སྙམ།
༢༩ སི་ཐེ་སན་ཞེས་པ་ཞྭ་མོ་རིགས་ཤིག་སྟེ་འདིར་ཞྭ་མོ་དེ་རིགས་གྱོན་པའི་མི་སུའང་གོ་ཆོག་སྙམ།
༣༠འདིར་ཕྱི་ལོ་སྔོན་གྱི༢༦༤ནས་ཕྱི་ལོ་སྔོན་གྱི༡༤༦བར་རོམ་དང་ཁར་ཟེ་སྒྲིའི་བར་ལ་དཔལ་འབྱོར་
ཁེ་ཕན་གྱི་སླད་དུ་དམག་འཁྲུག་རེབ་གསུམ་ལ་བྱུང་ཞིང༌། ཐ་མར་ཁར་ཟེ་སྒྲི་ཤུལ་མེད་དུ་བཟོས་པའི་
ལོ་རྒྱུས་སྟོན་ལ།   མེ་ལི༼Mylae༽ནི་འཁྲུག་ཐེངས་དང་པོའི་ཡུལ་དེའོ། །ཤུགས་ལ་ཡུལ་དུས་བརྒལ་
བའི་འབྲེལ་བས་འཛམ་གླིང་འཁྲུག་ཆེན་དང་པོས་མིའི་རིགས་ཀྱི་སྐྱོ་གར་བསྐྱར་ཟློས་བྱེད་བཞིན་པར་ཟུར་ཟ་བྱས་ཡོད་པར་འདོད།
༣༡ཝེབ་སི་ཐར་གྱི«གདོན་དཀར»ཞེས་པའི་སྐྱོ་གླུ་ལ་གཟིགས། ―མ་མཆན།
དུས་རབས་བཅུ་བདུན་པའི་དབྱིན་ཇིའི་ཟློས་གར་མཁན་པོ་ཝེབ་སི་ཐར༼John Webster༽གྱི་འཁྲབ་ གཞུང་ནང་གི་སྐྱོ་གླུ་དེར། མི་འདས་རྗེས་ཕུང་བོ་ས་འོག་ཏུ་བཅུག་ནའང་མིའི་རིགས་ཀྱི་དགྲ་བོ་ སྤྱང་ཀིས་ཕྱིར་བསློགས་པར་བསྟན་ཡོད་ལ། ཨེལ་ཐུས་སྤྱང་ཀི་སྒོ་ཁྱི་དང་དགྲ་བོ་གྲོགས་པོར་བསྒྱུར་ཏེ་དེང་དགྲ་གྲོགས་མེད་པར་ཟུར་ཟ་མཛད་ཡོད།
༣༢ རྦོ་རྡི་ལེར་གྱི«མི་དགེ་མེ་ཏོག»ལས«ཀློག་པ་པོར་སྤྲིངས་པ»ཞེས་པའི་སྙན་ངག་ལ་གཟིགས།
༣༣ཤིག་སེ་ཕེར་གྱི«ཨན་སོན་ཉི་དང་ཁི་ལེར་ཕེ་ཐྲི»འཁྲབ་ཚན་གཉིས་པར་གཟིགས།
༣༤རོ་མའི་སྙན་ངག་པ་བིར་སྒྲེལ༼Virgil༽གྱི་ལོ་རྒྱུས་སྙན་རྩོམ་བམ་པོ་བཅུ་གཉིས་ཀྱི་བདག་ཉིད་ཅན «ཨེ་ནེ་རྡི»༼Aeneid༽བམ་པོ་དང་པོའི་རྐང་བ་བདུན་བརྒྱ་ཉེར་དྲུག་པ། “འོད་འཚེར་བའི་སྒྲོན་མེ་གསེར་མདོག་གི་རྐོས་མའི་གདུང་བར་ནས་མར་ལ་དཔྱངས་ཤིང༌། དཔལ་འབར་གྱི་མེ་ལྕེས་མུན་པ་མཐའ་རུ་བསྐྲད”ཅེས་པར་ཟུར་ལྟ་གྱིས།
༣༥ཞིང་སྡེའི་ཡུལ་ལྗོངས་དེ་དབྱིན་ཇིའི་སྙན་ངག་པ་མེལ་ཐོན༼John Milton༽གྱི«དགའ་ལྡན་ཞིང་བོར་བ»༼Paradise Lost༽ཞེས་པའི་བམ་པོ་བཞི་བའི་ཚིག་རྐང་བརྒྱ་དང་བཞི་བཅུ་བ་ལས་ཕྱུངས།
༣༦ཨོབ་རྡི༼Ovid༽ཡི«གཟུགས་འགྱུར་བའི་གཏམ་རྒྱུད»༼Metamorphosis༽རབ་བྱེད་དྲུག་པའི་ཧྥེལ་མེལ་གྱི་སྐོར་ལ་གཟིགས། ―མ་མཆན།
ཨོབ་རྡིའི་བརྩམས་ཆོས་དེའི་རབ་བྱེད་དྲུག་པར། ཀེ་རི་སིའི་ལྷ་སྒྲུང་དུ་གྲགས་པའི་ཧྥེལ་མེལ་ལ་ལོག་གཡེམ་ཐེབས་ཚུལ་བཟོ་བཅོས་བརྒྱབ་སྟེ་སྙན་ངག་གི་ལམ་དུ་བྲིས་ཡོད། གཏམ་རྒྱུད་དུ་སི་རེ་སི༼Thrace༽ཡུལ་གྱི་རྒྱལ་པོ་གདུག་རྩུབ་ཅན་ཐེ་རེའུ་སི༼Tereus༽ཞེས་པ། ཆུང་མའི་ནུ་མོ་ཧྥེལ་མེལ་གྱི་མཛེས་པ་ཆགས་ཏེ་བཙན་གཡེམ་བྱས་ཤིང་ལྕེ་བལ་བ་དང༌། ཆུང་མས་རྟོགས་ནས་བུ་བསད་ཅིང་རྒྱལ་པོར་དེའི་ཤ་ཟ་རུ་བཅུག རྗེས་སུ་ལྷ་ཚོགས་ཀྱིས་ཧྥེལ་མེལ་ཀ་ལ་པིང་ཀ་དང་མོའི་གཅེན་མོ་ཁུག་ རྟ་ཞིག་ཏུ་བསྒྱུར།
༣༧ “རྗུག   རྗུག”ཞེས་པ་དབྱིན་ཇི་ཨེལ་ཟ་རྦེའི་དུས་སྐབས་ཀྱི་སྙན་ངག་ཁྲོད་རྒྱུན་དུ་ཀ་ལ་པིང་ཀའི་ སྐད་དུ་འཇོག སྐབས་འདིའི་ཚིག་འདི་ལི་ལེ༼John Lyly༽ཡི་འཁྲབ་གཞུང«ཨལ་ཟན་རྡར་དང་ཁམ་ཕ་སི་ཕེ»༼Alexander and Campaspe༽ཞེས་པ་ལས་ཕྱུངས།
༣༨ ཕིང་རྡི་ལྟར་ན་ཚིག་དུམ་འདི་དག་གིས།   ཨེལ་ཐུ་ལྕམ་མོའི་ནད་ཀྱིས་མནར་བའི་སེམས་ཁམས་ མཚོན་ ཞིང༌། ཁོང་གཉིས་ཀྱི་འཚོ་བའི་ཁྲོད་ཀྱི་ཁ་བརྡ་དངོས་ཤིག་ཡིན་པར་སྙམ།
༣༩སྙན་ངག་འདིའི་ཚན་པ་གསུམ་པའི“ལོ་རེ་བཞིན་བྱི་བའི་རྐང་བས་ཕར་འདེད་ཚུར་འདེད་བྱེད”ཅེས་པར་ཟུར་ལྟ་གྱིས།
༤༠ཝེབ་སི་ཐར་གྱི་འཁྲབ་་གཞུང«གདོན་འདྲེའི་གྱོད་དོན»༼The Devil’S Law Case༽གྱི་འཁྲབ་ཚན་གསུམ་པར་གཟིགས།
༤༡ སྙན་ངག་འདིའི་ཚན་པ་དང་པོའི་རྐང་བ་སོ་བདུན་པ།    “འོན་ཏེ་འུ་ཅག་ལྡུམ་རྭ་ནས་ཕྱིར་ལོག་ དུས་ཡོད་ཚད་འཕྱི་འདུག”ཅེས་པ་དང་ཞེ་བརྒྱད་པ།   “ཆུ་ལ་བྱིང་ནས་འདས་པའི་ཧྥེས་ཉི་ཀིའི་ཆུ་བ” ཞེས་པར་ཟུར་ལྟ་བྱོས།  —མ་མཆན།
ཚིག་འདི་ཝེབ་སི་ཐར་གྱི་འཁྲབ་གཞུང«གདོན་དཀར»གྱི་འཁྲབ་ཚན་ལྔ་བ་ལས་ཕྱུངས།
༤༢ཨོ་ཨོ་ཨོ་ཨོ་ཞེས་པའི་སྒྲ་འདི་ཤིག་སེ་ཕེར་གྱི་འཁྲབ་གཞུང«ཨོ་སེ་ལོ»༼Othello,The Moor of Venice༽ཞེས་པར། ཨོ་སེ་ལོས་ཁོའི་ཆུང་མ་བསད་རྗེས་ཀྱི་ཁྲོ་བའི་འབོད་སྒྲ་དང༌།   «རྒྱལ་པོ་ལེར»༼KingLear༽དུ་རྒྱལ་པོ་ལེར་བྱང་ཐང་ལ་སྤྱུགས་ཏེ་འཁྱམ་དུས་སྐྱོ་གདུང་གི་འབོད་སྒྲ་དྲག་པོ་ལ་གོ་བར་སྨྲའོ། །
༤༣ ཤིག་སེ་ཕེར་གྱི་རྗེས་ལ“སེ”སྒྲ་ཞིག་སྦྱར་བ་ནི་རྗེ་ཟེ༼Jazz༽ཡི་འདེགས་འཇོག་དང་བསྟུན་པ་ཙམ་མོ། །
༤༤གོང་གི་རྐང་བ་བཞི་བོས་མཐོ་རིམ་སྤྱི་ཚོགས་ཀྱི་སྐྱེས་མའི་སེམས་ཁམས་མཚོན་ཞིང༌། དེ་རྡེ་རྡོ༼Dido༽ཡིས་ཨེ་ནེ་སི༼Aeneas༽ལྐོག་ནས་བྲོས་པ་རྟོགས་རྗེས་ཀྱི་ཁྲོ་ཞིང་རེ་ཐག་ཆད་པའི་རྣམ་པ་དང་གཞི་གཅིག་ཏུ་གྲུབ། འདོད་པའི་སེམས་ཁམས་མཚོན་པར་ཡང་བཤད།
༤༥ མེ་རྡེལ་ཐོན༼Thomas Middleton༽གྱི«སྐྱེས་མས་སྐྱེས་མར་བག་ཟོན་པ»༼Women Beware Women༽ཞེས་པར་གཟིགས། ―མ་མཆན།
སྙན་ངག་འདིའི་ཚན་པ་གཉིས་པ«མིག་མངས་རྩེ་བ»ཞེས་པ་ཧ་ལམ་འཁྲབ་གཞུང་འདི་ལས་བྱུང་བ་ ཡིན་ལ། དེའི་འཁྲབ་ཚན་གཉིས་པར་ལི་ཝེ༼Livia༽དང་ཀན་རྡི་ནོ༼Guandiano༽གཉིས་ཀྱིས་ ལྐོག་གྲོས་ཀྱིས། ལི་ཝེ་ཡིས་ལིན་ཐེའོ༼Leantio༽ཡི་མ་ཡུམ་མིག་མངས་རྩེ་བར་གྲོགས་སུ་བཀུག་ཤུལ་ནས།   ཀན་རྡི་ནོས་ལིན་ཐེའོ་ཡི་ཆུང་མ་རྦེན་ཁཱ༼Bianca༽བསླུས་ཏེ་འདོད་པ་སྤྱད་པའི་ཚུལ་ བྲིས་ཡོད།   སྐབས་འདིའི“མིག་མངས་རྩེ་བ”ཞེས་པར“ཆགས་པའི་རོལ་རྩེད”ཀྱི་དོན་ཤུགས་སུ་ལྡན་པར་དཔྱད་པོ་དག་ནས་སྨྲའོ། །
༤༦འདི་ནི་དབྱིན་ཇིའི་ཆང་ཁང་མཚན་མོར་ངལ་གསོ་དུས།འགྲུལ་བ་མགྱོགས་པོར་བྲལ་བར་བསྐུལ་བའི་རྒྱུན་བཀོལ་གྱི་ཚིག་ཅིག་སྟེ། སྙན་ངག་འདིར་རེབ་ལྔ་ལ་བསྐྱར་ཟློས་བྱས་པས་ཉམས་འདོན་པར་ ནུས་པ་ཁྱད་པར་བ་ཞིག་ཐོན་གྱི་ཡོད།
༤༧ ཕག་ཉྭའི་བསྙལ་རྒྱུ་ཞེས་པའི་ཤུགས་ལ་གཉིས་སྦྱོར་གྱི་འཇུག་པ་སྟོན་ཞིང་ཚིག་འོག་མ་དང་སྦྲེལ་ཚེ་བདེ་བ་དེ་ལ་རེམ་པར་སྤྱོད་པའི་དོན་སྟོན་པར་དཔྱད་པོ་ཁ་ཅིག་གིས་སྨྲའོ། །
༤༨འདི་ཤིག་སེ་ཕེར་གྱི་འཁྲབ་གཞུང«ཧམ་ལེ་ཀྲི»ཡི་འཁྲབ་ཚན་བཞི་བར། ཡབ་ཕོ་ལོ་ནེའུ་སི༼Polonius༽འདས་རྗེས་ཨོ་ཧྥེ་ལེ༼Ophelia༽སྨྱོས་ནས་སེམས་འཁྲིགས་ཤིང་རིག་པ་མི་གསལ་བར་ གྱུར། ཚིག་འདི་ནི་ཁོ་མོ་ཆུ་ལ་མ་ལྕེབས་སྔོན་གྱི་གཏམ་ཞིག་སྟེ། ཨེལ་ཐུས་དེ་ཚན་པ་གཉིས་པའི་ མཇུག་ཏུ་བྲིས་ཏེ་རེ་བྲལ་ཡིད་ཐང་ཆད་པའི་མིའི་གནས་བབ་བསྟན་ཡོད།
༤༩ཚན་པ་འདི་ནང་བ་སངས་རྒྱས་པའི«མེའི་གདམས་པ»གཞིར་བཟུང་སྟེ། འདོད་བརྩེ་རིགས་གཉིས་བསྡུར་བའི་སྒོ་ནས་ཆགས་པའི་གཡང་དུ་ལྷུང་བའི་མྱ་ངམ་ཐང་གི་སྐྱེ་བོ་དག་དེ་ལས་ཐར་དགོས་ཚེ། ངེས་པར་འདོད་པའི་མེ་ལྕེ་གཞིལ་དགོས་པར་བསྟན་ཡོད།
༥༠ ལྷ་མོ་དག་ནི་འདིར་མཚོ་འགྲམ་དུ་དགའ་བའི་རྩེད་འཇོར་རོལ་དུ་ཡོང་བའི་སྐྱེས་མ་ལ་གོ
༥༡ སི་ཕེན་སུར༼Edmund Spenser༽གྱི«གཉེན་སྟོན་གྱི་རོལ་དབྱངས»༼Prothalamion,or A Spousall Verse༽ལ་གཟིགས། ―མ་མཆན།
སི་ཕེན་སུར་གྱི་སྙན་ངག་འདིར་བྲིས་པའི་ཉམས་དགའ་བའི་ཐམ་སི་གཙང་བོ་དང་ཨེལ་ཐུའི་སྦག་ བཙོག་གི་རྣམ་པ་གཉིས་ལ་གཤིབ་བསྡུར་མངོན་པར་གསལ།   ཁོས་ཚིག་རྐང་འདི་སྙན་ངག་དེའི་ཚན་པ་རེ་རེའི་མཇུག་ལ་བསྐྱར་ཟློས་ཀྱི་ཚུལ་དུ་བཀོད་ཡོད།
༥༢ ལེ་མན་མཚོ་ནི་རྗེ་ནེབ་མཚོ༼Lake Geneva༽ཡི་མིང་གཞན་ཏེ། ལོ་ཟན༼Lausanne༽གྱི་ཉེ་འགྲམ་དུ་གནས་ཤིང༌། ཨེལ་ཐུས་ས་འདི་རུ«མྱ་ངམ་ཐང»གི་མ་ཕྱི་བརྩམས་གྲུབ་གནངས། ལེ་མན་ཞེས་པར“དགའ་མ”དང“སྨད་འཚོང་མ”ཡི་དོན་དང་ལྡན་ལ།    ལེ་མན་མཚོ་ལ“འདོད་པའི་མཚོ” རུའང་འབོད་དོ། །
༥༣ཉ་མོ་འཛིན་པ་དེ«གསུང་རབ»ལྟར་ན་སྐྱོབ་པའམ་རྟག་བརྟན་ལ་རེ་བ་མཚོན། འདིར་ཉ་བས་ཤི་བའི་གཙང་བོ་ལས་ཉ་མོ་འཛིན་པར་དོན་སྙིང་གཞན་དུ་མཆིས་ཤིང༌། ཁ་ཤས་ཀྱིས་ཚིག་འདིར་འཆལ་སྤྱོད་ཀྱི་ཤུགས་བསྟན་ཡོད་པར་བཤད།   ཤིག་སེ་ཕེར་གྱི་འཁྲབ་གཞུང«བཟང་ལན་བཟང་གིས་འཇལ་བ»༼Measure for Measure༽ཞེས་པའི་འཁྲབ་ཚན་དང་པོར་ཡང༌། ཉ་འཛིན་པ་ཞེས་པའི་ཚིག་ཤུགས་ལ་ཕོ་མོ་གཉིས་འཇུག་གི་སྤྱོད་པ་མཚོན་གྱི་ཡོད།
༥༤ ཤིག་སེ་ཕེར་གྱི་འཁྲབ་གཞུང«ཆར་རླུང་འཚུབ་མ»འཁྲབ་ཚན་དང་པོར་གཟིགས།―མ་མཆན།
འདིར་ཁོ་བོའི་སྤུན་རྒྱལ་ནི་འཁྲབ་གཞུང་ཁྲོད་ཀྱི་ཨན་སོན་ཉི་ལ་གོ་ཞིང༌། “ཁོའི་སྔོན་གྱི་བདག་གི་ཕ་ལགས་ཀྱི་འདས་པ”ཞེས་པ“སྐད་ངག་འདིས་ངར་ཆུར་བྱིངས་པའི་ཕ་ལགས་དྲན་དུ་བཅུག”ཅེས་པ་ལས་ཕྱུངས། ཨེལ་ཐུ་ལྕམ་མོས་ཚིག་འདིས་ཨེལ་ཐུས་ཁོའི་ཕ་རྒན་འདས་པར་སེམས་སྨྲེང་བ་ཕུགས་སུ་སྟོན་པར་སྨྲ།
༥༥ཨེལ་ཐུའི་མ་མཆན་ལྟར་ན། བམ་རོ་དཀར་པོ་འདིས་རྔོན་པའི་ལྷ་མོ་ཨར་ཐེམ་སི༼Artemis༽ཡིས་ཁྲུས་བྱ་དུས་ཕྱིར་མངོན་པའི་གཟུགས་ཕུང་ལ་གོ  ཀེ་རི་སིའི་ལྷ་སྒྲུང་དུ་ལྷ་མོ་ཨར་ཐེམ་སིས་ཁྲུས་བྱེད་དུས་རྔོན་པ་ཨ་ཁི་ཐེན༼Actaean༽གྱིས་མཐོང་བས།     མོས་དེ་ཤྭ་བ་ཞིག་ཏུ་བསྒྱུར་ཅིང་ཁོའི་ཁྱིས་རྨུགས་ནས་ཤིར་བཅུག་གོ།
༥༦ མཱར་བེལ༼Andrew Marvell༽གྱི«ཁོའི་ངོ་ཚར་དགའ་བའི་མཛའ་མོར་ཕུལ་བ»༼To His Coy Mistress༽ལ་གཟིགས། ―མ་མཆན།
སྙན་ངག་དེར་གཤམ་གྱི་རྐང་བ་བཞི་འཁོད་དེ།
འོན་ཀྱང་ངས་དུས་རྟག་པརལྟག་རྒྱབ་ཏུ་དུས་ཀྱི་འཁོར་ལོ་མཚམས་མེད་ངང་ཉེ་བར་བཅར་བ་ཐོས་འོངས
འུ་ཅག་གིས་གནས་དེ་རུ་མཐོང་ནུས་པ་ནི
རྒྱ་ཆེ་ལ་མཐའ་བྲལ་བའི་རྟག་བརྟན་གྱི་འབྲོག་སྟོང་ཁོ་ནའོ
༥༧ ལྡེ༼Day༽ཡི«སྦྲང་མའི་གྲོས་ཚོགས»༼Parliament of Bees༽ལ་གཟིགས།
ཁྱོད་ཀྱིས་རྣ་བ་བླགས་ནས་གསན་དུས
རྔ་དུང་དང་རྔོན་པའི་སྒྲ་དབྱངས་ཐོལ་གྱིས་གྲགས་པ་ཐོས་ཐུབ
དེས་དཔྱིད་ཀ་རུ་ཨ་ཁི་ཐེན་ཁྲིད་ནས་ཏེ་ནཱ་ལ་འཕྲད་དུ་འཇུག་ཅིང
དེ་རུ་མི་མང་གིས་མོའི་གཟུགས་ཕུང་གཅེར་བུར་བུད་པ་མཐོང་ངེས   ―མ་མཆན།
རྔོན་པའི་ལྷ་མོ་ཨར་ཐེམ་སིར་རོ་མའི་ལྷ་སྒྲུང་ཁྲོད་དུ་ཏེ་ནཱ༼Dina༽རུ་འབོད་ཅིང༌། ཟླ་བའི་ལྷ་
མོའི་མཚན་ཀྱང་གསོལ།
༥༨ སི་ཝེ་ནེ་ནི་སྐྱེ་བོ་ཆེས་ཕལ་བ་ཞིག་ལ་གོ་ཞིང་ལྕམ་མོ་ཕོ་ཐིར་ནི་འཛམ་གླིང་འཁྲུག་ཆེན་དང་པོའི་ སྐབས་འཇུད་མཐུན་མའི་ལས་ཀ་གཉེར་བའི་སྐྱེས་མ་ཞིག་སྟེ་མོའི་བུ་མོའང་སྨད་འཚོང་མ་ཞིག་ཡིན།
༥༩ འདིའི་རྐང་བ་ཁ་ཤས་ཁོ་བོས་ཨོ་གླིང་སེ་རྡི་ཉེ༼Sydney༽ནས་གོ་ཐོས་བྱུང་བ་ཡིན་ལ། དམངས་ཁྲོད་ཀྱི་གཞས་ཤིག་ལ་ཕྱུང་བ་ལས་ཁུངས་གཞན་ལ་ཆ་རྒྱུས་མངའ་བྲལ། ―མ་མཆན།
འདི་ནི་འཛམ་གླིང་འཁྲུག་ཆེན་དང་པོའི་སྐབས་སུ་ཨོ་གླིང་གི་དམག་མིས་གཏོང་བའི་གཞས་ཤིག་སྟེ་ ཤུགས་སུ་འདོད་པའི་སྦྱོར་བ་བསྟན་ཡོད་པར་དཔྱད་པོ་ཁ་ཅིག་གིས་སྨྲའོ།།
༦༠ཝེར་ལེན༼Paul Verlaine༽གྱི«ཕཱར་སི་ཧྥོལ»༼Parsifal༽ལ་གཟིགས། ―མ་མཆན།
དེར་ཕཱར་སི་ཧྥོལ་གྱིས་ལྷའི་བུམ་པ་རྙེད་རྗེས། རྗེས་དྲན་གྱི་སླད་དུ་བྱིས་པ་རྣམས་ལ་གཞས་གཏོང་དུ་ བཅུག་སྟེ། གཡལ་དག་ཟོལ་མེད་ཀྱི་མཛེས་པར་བསྟོད་བསྔགས་བཏང་ཡོད་ལ།རྐང་བ་སྔོན་མའི་
འཆལ་པོའི་གཞས་དང་གཤིབ་བསྡུར་ཐོན་ཡོད་པར་མངོན། ཚིག་འདི་མ་རྩོམ་དུ་ཝེར་ལེན་གྱི་མ་ཡིག་འཁོད་འདུག
༦༡ བྱ་སྐད་ཀྱིས་ཐེ་རེའུ་ཡིས་ཧྥེལ་མེལ་ལ་བཙན་གཡེམ་བྱས་པ་དྲན་དུ་བཅུག་སྟེ། སི་ཝེ་ནེ་དང་ལྕམ་མོ་ཕོ་ཐིར་གྱི་འཆལ་སྤྱོད་ཤུགས་སུ་གོ་བར་བྱ་ཞིང༌།མྱ་ངམ་ཐང་དུ་སྐྱེ་བོ་དག་ལ་ཀུན་སྤྱོད་ཀྱིས་
སྟོང་ཞིང་འདོད་སྲེད་ཁོ་ནས་དབང་བསྒྱུར་བའི་ཉམ་ང་བའི་རྣམ་པ་མཚོན།
༦༢མིའི་མིང་སྟེ་འདིར་ཚོང་བ་དཀྱུས་མ་ཞིག་ལ་གོ
༦༣ས་མེར་ན་ནི་ཐུར་ཁེའི་ནུབ་ཕྱོགས་ཀྱི་མཚོ་ཁ་ཞིག་སྟེ། ད་ལྟར་ཨེ་ཟི་མེར༼Izmir༽ཞེས་སུ་བསྒྱུར་ཡོད།
༦༤ རྒུན་འབྲུམ་སྐམ་པོའི་རིན་ཐང་ནི“ལོན་ཏོན་ལ་སྐྱེལ་བར་གླ་ཡོན་མི་དགོས་ལ་ཁག་ཐེག་བྱེད་པ”
ཙམ་ཡིན་ལ།ཟོག་ལེན་འཛིན་ཡིག་སོགས་ནི་ཟོང་ཐོན་རྗེས་ཡོན་སྟེར་དགོས་པ་སྟེ་དངུལ་ལོར་བྱིན་རྗེས་ད་གཟོད་ཉོ་བདག་ལ་སྤྲོད་པའོ།། ―མ་མཆན།
༦༥ ཁན་ནོན༼Cannnon Street༽ནི་ལོན་ཏོན་གྱི་སྲང་ལམ་ཞིག་སྟེ།   དེར་སྐབས་དེར་ཡོ་རོབ་གླིང་དུ་ལོག་པའི་ཚོང་བ་དག་གིས་རྒྱུན་དུ་ངལ་གསོ་སའི་རིན་གོང་དམའ་བའི་མགྲོན་ཁང་ཞིག་ཡོད།
༦༦གྲོང་ཁྱེར་ལྟེ་བ་ཞེས་པ་རྒྱས་སྤྲོས་ཆེ་བའི་མགྲོན་ཁང་ཞིག་ཡིན་ལ། དབྱིན་ཇིའི་ལྷོ་ཕྱོགས་མཚོ་འགྲམ་གྱི་རྦིར་ཐོན༼Brighton༽དུ་མཆིས། འདིར་མགྲོན་བྱེད་པ་ཞེས་པར་རྟགས་མཐུན་འཆལ་སྤྱོད་ཀྱི་དོན་འདུ་བར་གྲགས།
༦༧ཁྲུར་སེ་སི༼Tiresias༽ཟུར་ལྟ་བ་ཞིག་ལས“མི་སྣ”དངོས་མ་ཞིག་མིན་མོད། སྙན་ངག་གི་མགོ་མཇུག་བར་གསུམ་དུ་ཆེས་གལ་ཆེ་བ་ཞིག་ཏུ་གྱུར་ཡོད། ཚོང་བ་མིག་གཅིག་ཅན་དང་རྒུན་འབྲུམ་སྐམ་པོ་འཚོང་མཁན་གཉིས་ཧྥེ་ཉི་ཀིའི་ཆུ་བའི་གཟུགས་སུ་གྱུར་པ་ནང་བཞིན། རྗེས་མ་དང་ནཱ་རྦིར་སིའི་ཧྥོ་རྡིན་རྒྱལ་སྲས་གཉིས་ཡོངས་སུ་མི་མཐུན་པ་ཞིག་ཀྱང་མ་ཡིན། དེ་བས་སྐྱེས་མ་ཐམས་ཅད་གཅིག་ཁོ་ན་ལས་མ་འདས་ཤིང༌། ཕོ་མོའི་ངོ་བོ་གཉིས་པོ་ཁྲུར་སེ་སིའི་ལུས་སྟེང་ལ་གཅིག་ཏུ་གྲུབ་པས།དེས་མཐོང་བ་ནི་སྙན་ངག་འདིའི་གཟུགས་ཉིད་དངོས་ཡིན།     ཨོབ་རྡིའི་ཚན་པ་འདི་ལ་མིའི་རིགས་ རིག་པའི་རིན་ཐང་ཆེར་ལྡན་ནོ། ། ―མ་མཆན།
ཨོབ་རྡིའི«གཟུགས་འགྱུར་བའི་གཏམ་རྒྱུད»དུ་ཁྲུར་སེ་སི་ལ་ཕོ་མོ་གཉིས་ཀྱི་ཕུང་བོ་ཡོད་པ་དང་མངོན་ཤེས་པ་ཞར་བ་ཞིག་ཏུ་གྱུར་པའི་གཏམ་རྒྱུད་བྲིས་ཡོད།
༦༨འདི་སཱ་ཧྥོ༼Sappho༽ཡི་མ་ཕྱི་མིན་པ་བལྟས་པ་ཙམ་གྱིས་ཤེས་ཡོང་མོད།    ངའི་སེམས་སུ་འཁོར་ བ་ནི“རྒྱ་མཚོའི་འགྲམ”མམ“གྲུ་ལ་ཁ་ལོ་བསྒྱུར”བའི་ཉ་བ་ཕྱིར་ཕ་ཡུལ་ལ་ལོག་ཚུལ་ཙམ་དུ་ངེས། ―མ་མཆན།
གཞན་དབྱིན་ཇིའི་སྙན་ངག་པ་སི་ཐེ་བུན་སིན༼Robert Louis Stevenson༽གྱི«སྐྱོ་གླུ»༼Requiem༽ཞེས་པར་ཟུར་ལྟ་བྱས་ཆོག
ཁྱོད་ཀྱིས་སྙན་ངག་འདི་འགྱུར་བ་བྲལ་བའི་བྲག་གི་རི་མོ་ལ་འགོད་པར་ཞུ་སྟེ
འདི་ནི་ཁོ་བོས་བྲལ་འདོད་མེད་པའི་གནས་དེ་ལགས
ཆུ་བ་རྒྱ་མཚོ་ལས་ལོག་པ་ནང་བཞིན
རྔོན་པ་རི་ལུང་ལས་ལོག་པ་ནང་བཞིན
༦༩སྦིར་ཧྥོར་རྡི་ནི་ལུག་བལ་གྱི་ཚོང་ལས་གཉེར་ས་ཞིག་སྟེ། བཟོ་གྲྭ་དེ་འཛམ་གླིང་གཡུལ་འཁྲུག་ཁྲོད་ ཕྱུག་པོར་ཆགས།
༧༠ ཁྲུར་སེ་སི་སེབ་ཟི༼Thebes༽རུ་གནས་བཅས་མྱོང་ལ།   སོབ་ཁོལ་སི༼Sophocles༽ཡི«རྒྱལ་པོ་ཨེ་ རྡི་ཕུ་སི»༼Oedipus theKing༽དང«ཨན་ཐི་རྒིན»༼Antigone༽ཞེས་པའི་འཁྲབ་གཞུང་གཉིས་ཀར་མངོན།འདས་རྗེས་ཕྱི་མའི་ཡུལ་དུ་ཨོ་རྡེ་ཤིག་སི༼Odysseus༽དང་འཕྲད་ཅིང༌།དེའི་མ་འོངས་ལུང་དུ་བསྟན་ཚུལ་ཧོ་མའི་ལོ་རྒྱུས་སྙན་རྩོམ«ཨོ་རྡི་སེ»༼Odyssey༽རབ་བྱེད་བཅུ་གཅིག་པར་གསལ།    སེབ་ཟིའི་ཡུལ་གྲུ་མྱ་ངམ་ཐང་དུ་འགྱུར་དོན་ནི་རྒྱལ་པོ་ཨེ་རྡི་ཕུ་སི་མ་རིག་པས་ཡིད་བརླམས་ཏེ་ཡུམ་དང་སྤྱད་པས་སོ།།
༧༡ རྒོ་རྡི་སིམ་སི༼Oliver Goldsmith༽ཡི«ཆོས་པ་ཝེལ་ཁི་ཧྥེལ་རྡིའི་རྟོགས་བརྗོད»༼The Vicar of Wakefield༽ཀྱི་གླུ་ཞིག་ལ་ཟུར་ལྟ་གྱིས།―མ་མཆན།
༧༢གོང་གི་རྐང་བ་བརྒྱད་དུ་ལས་ཚན་པ་དང་ཡིག་གཏག་པ་གཉིས་འདོད་པའི་རྩེ་དགའ་ལ་རོལ་ ཀྱང༌། དགའ་སྤྲོའི་སྣང་བ་ཅི་ཡང་མེད་པར་ལུས་སེམས་གཉིས་ཀ་ཉོབ་པའི་ངང་ཚུལ་བསྟན།
༧༣ཚིག་འདི་ཤིག་སེ་ཕེར་གྱི་འཁྲབ་གཞུང«ཆར་རླུང་འཚུབ་མ»འཁྲབ་ཚན་དང་པོ་ལས་ཕྱུངས།
༧༤ «བཤིགས་གྲས་སུ་ཚུད་པའི་གྲོང་ཁྱེར་གྱི་ཆོས་ཁང་བཅུ་དགུ»༼The Proposed Demolition of Nineteen City Churches༽ལ་གཟིགས། ―མ་མཆན།
འདིར་གདུང་མཆོད་ཁང་ཟེར་བ་རཱན༼Sir Christopher Wren༽ཞེས་པས་རྒྱན་རིས་དང་མཛེས་ཆོས་སྤྲས་པའི་ཆོས་ཁང་ཞིག་ལ་གོ་སྟེ། དེང་རབས་གློག་འཁོར་ལ་ལྕགས་ལམ་གདིང་ཕྱིར་སྐབས་དེའི་བཤིགས་དགོས་པའི་ཆོས་ཁང་གི་མིང་ཐོ་རུ་ཚུད་ཡོད།
༧༥ ཨེའོ་ནེན་ནི་གནའ་བོའི་ཀེ་རི་སིའི་བཟོ་བསྐྲུན་གྱི་རྣམ་པ་ཞིག་གོ།
༧༦«ལྷའི་ཉིན་མཐའ་མ»༼Gotter dammerung༽ཡི་འཁྲབ་ཚན་གསུམ་པར་གཟིགས།―མ་མཆན།
ཐམ་སི་གཙང་བོའི་ན་ཆུང་མའི་གཞས་ནི་འདི་ནས་མགོ་བརྩམས་པ་ཡིན།   ཚན་པ་འདི་ནི་ཝ་རྒི་ནར་གྱི་གླུ་དབྱངས་ཟློས་གར་འདིའི་དབྱངས་ཀྱི་འདེགས་འཇོག་ཏུ་ངེས་ཤིང༌། “ཝེ་ཨ་ལ་ལ།ལེ་ལ། ཝོ་ལ་ལ། ལེ་ཨ་ལ་ལ”ཞེས་པ་རེ་ནཱ་གཙང་བོའི་ན་ཆུང་མ་གསུམ་གྱི་གླུ་སྐད་དུ་ངེས།གླུ་དབྱངས་ཟློས་གར་འདིའི་བྱུང་རིམ་རྙོག་འཛིང་ཆེ་སྟེ། རེ་ནཱ་གཙང་བོའི་རིན་ཆེན་གསེར་དང་དཔའ་མོ།    ཆི་རྒོ་ཧྥེ།ལྷའི་ཉིན་མཐའ་མ་བཅས་ཚན་པ་བཞིས་གྲུབ་ཅིང༌། དེར་མིའི་རིགས་ཀྱི་འདོད་ཧམ་དང་
སྲེད་ཆགས།ཉམ་ཆུང་དང་དབང་ཆ་སོགས་མཚོན་ཡོད།གོང་གི་དབྱངས་ཀྱི་འདེགས་འཇོག་དེ་ནི་རེ་ནཱ་གཙང་བོའི་རིན་ཆེན་གསེར་མཛོད་རྔམ་ཅན་གྱིས་འཕྲོག་རྗེས།         རེ་ནཱ་གཙང་བོའི་གཟི་དཔལ་ ཉམས་པས་ན་ཆུང་མས་མྱ་ངན་གྱི་གདུང་བའི་ཕྱིར་དུ་བླངས་པའོ། །ཨེལ་ཐུས་ཝ་རྒི་ནར་གྱི་འཁྲབ་གཞུང་འདིར་ལད་ཟློས་ཀྱིས་རེ་ནཱ་གཙང་བོའི་ན་ཆུང་མ་གསུམ་དང་ཐམ་སི་གཙང་བོའི་ན་ཆུང་མ་གསུམ་གཤིབ་བསྡུར་མཛད་ཡོད།
༧༧ཁྱི་ཚོགས་གླིང་ཕྲན༼Isle of Dogs༽ནི་ལོན་ཏོན་ཧིན་རྡུ་ནུབ་མའི་གྲུ་ཁ་དང་ཉེ་བའི་གླིང་ཕྲན་ཕྱེད་ཀ་ཞིག་སྟེ། ཐམ་སི་གཙང་བོའི་ལྷོ་ཕྱོགས་དང་རྒི་རན་སྒྲིའི་ཁ་གཏད་དུ་ཡོད།
༧༨ཧྥུར་རྡི༼Froude༽ཡི«ཨེལ་ཟ་རྦེ»བམ་པོ་དང་པོའི་རབ་བྱེད་བཞི་བར་གཟིགས།―མ་མཆན།
ཨེལ་ཟ་རྦེ་ནི་དབྱིན་ཇིའི་རྒྱལ་མོ་ཨེལ་ཟ་རྦེ་སྐུ་ཕྲེང་དང་པོར་གོ་ཞིང༌།ཧྥུར་རྡིའི་དེབ་དེར་ལེ་སི་ཐིར་གྱིས་གྲུ་ཐོག་ཏུ་ཨེལ་ཟ་རྦེ་ལ་འཆལ་ཚིག་སྨྲས་ཏེ་གཉེན་བསླངས་ཚུལ་བྲིས་ཡོད། ཨེལ་ཐུས་དེའང་བརྩེ་བ་མ་དག་པའི་གྲས་སུ་འཇོག
༧༩ཚན་པ་འདི་ནི་ཐམ་སི་གཙང་བོའི་ན་ཆུང་མ་དང་པོས་སྨྲས་པའོ།།ཧེ་རྦོར༼Highbury༽ནི་ལོན་ཊོན་གྲོང་ཁྱེར་མཐའི་སྡོད་གནས་དང༌། རེ་ཆི་མོན་རྡི༼Richmond༽ནི་ཐམ་སི་གཙང་བོའི་ནུབ་ཁུལ་དུ་གནས་པའི་གྲུར་རྐྱལ་ས་གྲགས་ཅན་ཞིག་སྟེ།དེ་དང་ཁེའུ༼Kew༽གཉིས་འབྲེལ་ཏེ་རྒྱལ་པོའི་རྩི་ཤིང་རྭ་བ་གྲུབ།ཨེལ་ཐུས་ཏཱན་ཐེའི«ལྷའི་རོལ་དབྱངས་ལས་སྦྱང་ཁམས»ཀྱི་སྨྱུག་རྩེ་ལ་ལད་ཟློས་ཀྱིས་ས་
གནས་གསུམ་བསྟུད་མར་བཀོལ་ཡོད། མཇུག་གི་རྐང་བ་དེར་བཙན་གཡེམ་བྱས་པའི་ཤུགས་བསྟན་ཡོད་པར་སྨྲ།
༨༠ མོར་རྒེ་ཐི༼Moorgate༽ནི་ལོན་ཏོན་ཤར་ཕྱོགས་ཀྱི་དབུལ་ཁྱིམ་ཀྱི་སྡོད་གནས་ཤིག་སྟེ།    འདིར་ཐམ་སི་གཙང་བོའི་ན་ཆུང་མ་གཉིས་པའི་བར་གེགས་དང་སྡུག་བསྔལ་བྲིས་ཡོད།
༨༡ཚན་པ་འདིར་ཐམ་སི་གཙང་བོའི་ན་ཆུང་མ་གསུམ་པའི་མྱོང་བ་བྲིས་ཡོད། མར་རྒེ་ཐི༼Margate༽ནི་ལོན་ཏོན་ཤར་ལྷོའི་ཕྱོགས་ཀྱི་མིང་དུ་གྲགས་པའི་མཚོ་འགྲམ་ཞིག་ཡིན་ལ།ཨེལ་ཐུས་ཕྱི་ལོ༡༩༢༡ལོའི་ཟླ་བཅུ་བར་གནས་དེར་ནད་གསོ་བྱེད་མྱོང༌།
༨༢ ཨོག་སི་ཐེན༼St.Augustine༽གྱི«མཐོལ་བཤགས»༼St.Augustine’s Confessions༽ཀྱི་རབ་བྱེད་གསུམ་པའི་ཚན་པ་དང་པོར།“ཁོ་བོའི་རྣ་འགྲམ་དུ་མ་དག་པའི་འདོད་ཚོགས་ཀྱིས་ཀི་ཅོ་སྒྲོག་པས། ང་རང་ཁར་ཟེ་སྒྲི་ལ་ཐོན”ཞེས་འཁོད་པར་ཟུར་ལྟ་གྱིས།―མ་མཆན།
༨༣ཚིག་འདི་དག་སངས་རྒྱས་ཀྱི་མེའི་གདམས་པ་ལས་དྲངས། ཝོ་རན༼Henry Clarke Warren༽གྱིས་
བསྒྱུར་བའི«ལོ་ཙཱའི་ཁྲོད་ཀྱི་ནང་བསྟན»༼Buddhism in Translation༽ཞེས་པར་གཟིགས།―མ་མཆན།
སྲེགས་ཤིག་ཅེས་པས་འདོད་ཁམས་ཀྱི་སྲེད་པ་ཡོད་ཚད་མེ་ལྕེས་གཞིལ་ཞིག་ཐལ་བར་བཟོས་ཤིག་ཅེས་པར་གོ་སྙམ།
༨༤ མཆན༡༧པར་གཟིགས།   ཚན་པ་འདི་ཨེལ་ཐུས༡༩༡༦ནས༡༩༡༧བར་ཧྥ་རན་སེའི་ཡི་གེར་འཁོད་
པའི་སྙན་ངག«གསོལ་ཁང་དུ»ཞེས་པའི་ནང་དུ་བྲིས་ཡོད།
༨༥ ཨོག་སི་ཐེན་གྱི«མཐོལ་བཤགས»ལ་གཟིགས། འཛམ་གླིང་ཤར་ནུབ་གཉིས་ཀྱི་དཀའ་ཐུབ་པའི་ལུགས་ཀྱི་ཐུ་བོ་དག་མཉམ་པོར་ཚན་པ་འདིའི་མགོར་བཀོད་པ་སྟེས་དབང་མིན། ―མ་མཆན།
༨༦ འདིར་ཀློང་འཁོར་ཟེར་བར་ནང་བ་སངས་རྒྱས་པའི་འཁོར་བའི་ལྟ་བ་འདུས་སྙམ།
༨༧ ཚན་པ་ལྔ་བའི་རིམ་པ་དང་པོར་བརྗོད་གཞི་གསུམ་སྟེ།   ཨེ་མོ་སི་ལ་འགྲོ་བའི་ལམ་བར་དང་
ཉེན་ཁས་བསྐོར་བའི་ལྷ་ཁང་གི་ཕྱོགས་སུ་བསྐྱོད་པ།༼སྐྱེས་མ་ཝེ་སི་ཐོན་གྱི«ཆོ་ག་ནས་སྒྲུང»ཞེས་པར་གསལ།༽ ཉེ་དུས་ཡོ་རོབ་ཤར་མའི་ཉམས་ཉེས་བཅས་ཡིན།    ―མ་མཆན།
ཨེ་མོ་སི་ལ་འགྲོ་བའི་ལམ་བར་གྱི་ཚན་པ་དེར།    ཇེའུ་ཟ་བསྐྱར་དུ་གསོན་ཏེ་ཁོའི་བུ་སློབ་ཀྱི་ཁྲོད་དུ་ བགྲོད་ཀྱང༌། ཁོ་ཚོས་མིག་ཟུང་རྨོངས་པས་བསྒྲིབས་ནས་མཐོང་བའི་ཡུལ་དུ་མ་གྱུར་པའི་གཏམ་
རྒྱུད་བྲིས་ཡོད།
༨༨ ཚན་པ་འདིར་ཇེའུ་ཟ་བཟུང་སྟེ་དཀའ་བ་མྱངས་ནས་ཤི་བའི་བྱུང་བ་བྲིས་ཡོད། དཔལ་འབར་ནི་
རོ་མའི་དམག་གིས་ཇེའུ་ཟ་འཛིན་དུས་ཀྱི་དཔལ་འབར་དང༌། ལྡུམ་རྭ་ནི་ཇེའུ་ཟ་འཛིན་ས་ཁོ་ཞི་མཱ་ ཉི་ལྡུམ་རྭ། བྲག་རྡོའི་གསེང་ཞེས་པ་དཀའ་བ་མྱངས་ཡུལ་གོ་རྒོལ་ཟེ༼Golgotha༽ཞེས་པའི་གནས་
བཅས་ལ་གོ།
༨༩ འདི་ནི་འཇོལ་མོའི་རིགས་ཤིག་སྟེ།ཁོ་བོས་ཁེའུ་རྦེ་ཁེ་རུ་མཐོང་མྱོང་ཡོད་ལ་ཁྲབ་མན་གྱི«མེ་གླིང་ཤར་བྱང་ཁུལ་གྱི་བྱ་རིགས་ལག་དེབ»༼Chapaman:Handbook of Birds of Eastern North America༽ཅེས་པར། འདབ་ཆགས་དེ་རིགས་ནགས་ཚལ་གྱི་སྟུག་སར་གནས་བཅའ་བར་དགའ་ལ། སྐད་ནི་སྙན་པར་གྲགས་པས་རོལ་དབྱངས་ཤིག་དང་འདྲ་བར་བདེ་བ་རྫོགས་མེད་སྦྱིན་ཞེས་འཁོད་
འདུག དེའི“ཐིགས་པའི་གླུ”ལ་བསྔགས་པའི་རིན་ཐང་དང་ལྡན་ནོ། ། ―མ་མཆན།
༩༠གཤམ་གྱི་ཚིག་རྐང་འགའ་ནི་གླིང་སྣེ་ལྷོ་མའི་རྟོག་ཞིབ་རུ་ཁག་གི་འགྲོ་ཐེངས་ཤིག་གི་བརྒྱུད་རིམ་ ལས་བློ་བསྐྱེད་ཐོབ་པ་ཡིན།རེབ་གང་ཡིན་པ་ངའི་ཡིད་ན་གསལ་བོ་ཞིག་མི་འདུག་མོད། ཕལ་ཆེར་ཤེ་ཁིལ་ཐོན༼Shackleton༽གྱིས་དབུ་མཛད་ཐེངས་དེ་ཡིན་ནའང་སྲིད། རྟོག་ཞིབ་པ་དག་དཀའ་བས་མནར་ཏེ་ལུས་སེམས་ཨ་ཐང་ཆད་ཡོད་དུས།དྲན་པའང་རབ་རིབ་ཏུ་གྱུར་ཏེ་རྟག་ཏུ་མི་གྲངས་རྩི་དུས་ནོར་འཕྱུག་བྱུང་ཞིང་གཅིག་གིས་མང་བའི་འཁྲུལ་སྣང་འབྱུང་བར་གྲགས། ―མ་མཆན།
༩༡འཇར་མན་གྱི་སྒྲུང་གཏམ་པ་ཧེ་སི༼Hermam Hesse༽ཡི«ཟང་ཟིང་ལས་ལྟ་བ»༼Blichins Chaos༽ལ་གཟིགས། ―མ་མཆན།
དེབ་འདིར་ཨུ་རུ་སུའི་གསར་བརྗེའི་རྣམ་པ་བྲིས་ཏེ་ཡོ་རོབ་གླིང་མྱ་ངམ་ཐང་ལྟ་བུར་ཟང་ཟིང་དུ་གྱུར་པའི་ངོ་བོ་མཚོན་ཡོད།
༩༢ལྗེར་ཟ་ལེམ་དང་ཨ་སན་ཟི།ཨལ་ཟན་སྒྲེར།བེ་ན༼Jerusalem, Athens, Alexandria, Vienna༽
བཅས་ནི་གནའ་བོའི་ཤེས་རིག་དར་སའི་གྲོང་ཁྱེར་ཆེན་པོ་དང་ལོན་ཊོན༼London༽ནི་དེང་རབས་ ཤེས་རིག་གི་ཚབ་མཚོན་ཆོག་པའི་གྲོང་ཁྱེར་ཞིག་ཏུ་ངེས།   འདིར་དམག་འཁྲུག་གི་རྐྱེན་གྱིས་གནའ་ དེང་ཤེས་རིག་གི་ཡུལ་གྲུ་དག་མྱ་ངམ་ཐང་ལྟ་བུར་གྱུར་ཡོད་པ་སྟོན།
༩༣«ཡེལ་མེའི་བམ་པོ»ཡི་རབ་བྱེད་གཉིས་པའི་ཚན་པ་བཅུ་གསུམ་པ་དང«གསུང་རབ་ལས་ལེགས་ བཤད»ཀྱི་རབ་བྱེད་ལྔ་བའི་ཚན་པ་བཅོ་ལྔ་ལ་ཟུར་ལྟ་གྱིས།   དེར་དཀོན་མཆོག་གི་མཚོན་བྱེད་དུ་ཆུ་ འཁོད་ཡོད།
༩༤འདིར་འཁོད་པའི་ཆོས་ཁང་ནི་གོང་དུ་བཤད་པའི“ཉེན་ཁས་བསྐོར་བའི་ཆོས་ཁང”དེ་ལ་གོ་ཞིང༌། དཔའ་རྟུལ་གྱིས་ལྷའི་ཕོར་བ་འཚོལ་བའི་ལམ་ཁར་ཆོས་ཁང་བརྒྱུད་དེ་ཉམས་ཚོད་བརྟག་པར་ཐོན་
དུས་ཆོས་ཁང་སྟོང་ཞིང་རལ་བར་གྱུར་པའི་གཏམ་རྒྱུད་ལ་ཟུར་ལྟ་གྱིས།
༩༥ ལེགས་སྦྱར་སྐད་དེ།ད་དཿཞེས་པ་སྦྱིན་པ་དང་ད་ཡཱ་ཏཾ་ནི་བརྩེ་བ།ད་མ་ཐཿདུལ་བའི་དོན་ནོ།།
༩༦ ཝེབ་སི་ཐར་གྱི«གདོན་དཀར»གྱི་འཁྲབ་ཚན་ལྔ་བར་གཟིགས།
ཁྱོད་ཀྱི་ཕུང་རོ་ལ་དུག་གི་སྲིན་བུ་མ་འཛུལ་གོང
ཁྱོད་ཀྱི་དུར་བྱང་ལ་སྡོམ་གྱི་དྲ་བ་མ་འཐེན་གོང
ཁོ་ཚོས་བསྐྱར་དུ་གཉེན་བསྒྲིགས་མཛད    ―མ་མཆན།
འདིར་ཡང་བརྩེ་བ་མ་དག་པའི་རིགས་ཤིག་བགྲང་གིན་པར་འདོད།
༩༧ ཏན་ཐེའི«ལྷའི་རོལ་དབྱངས་ལས་དམྱལ་ཁམས»ཀྱི་ཚན་པ་སོ་གསུམ་པ་དང་རྦིར་རྡི་ལེ༼F.H.
Bradley༽ཡི«ཕྱི་རྣམ་དང་ངོ་བོ»༼Appearance and Reality༽ཞེས་པར་ཟུར་ལྟ་གྱིས། «དམྱལ་
ཁམས»ཀྱི་ཚན་པ་དེར།     དུས་རབས་བཅུ་གསུམ་པའི་དབྱི་ཐ་ལིའི་སྐུ་དྲག་ཝུ་རྒོལ་ནོ༼Ugolino༽ དང་ཁོའི་བུ་གཉིས།   ཚ་བོ་གཉིས་མཉམ་གཅིག་ཏུ་ལྕོག་མཁར་ཞིག་ལ་བཅུག་སྟེ་ལྟོགས་ཤི་ཐེབས་པའི་གཏམ་རྒྱུད་བྲིས་ཡོད་ལ། འདིར་འཁོད་པ་ནི་ཁོས་ལྡེ་མིག་དེ་མཁར་ཟྭ་ལས་ཐེངས་གཅིག་འཁོར་བ་མ་གཏོགས་མ་ཐོས་པར།  གཞན་གྱིས་ལྡེ་མིག་གཙང་བོར་བསྐྱུར་བའི་ཚུལ་ལོ།།བརྩམས་ ཆོས་ཕྱི་མ་དེར་གང་ཟག་སོ་སོ་བ་ཐམས་ཅད་བདག་ཉིད་ཀྱི་ཁོར་ཡུག་དོག་མོ་སྟེ། སེམས་ཀྱི་བཙོན་
ཁང་དུ་གནས་པ་བསྟན་ཡོད།
༩༨ ཁོར་ལེན་སི༼Coriolanus༽ནི་ཤིག་སེ་ཕེར་གྱི་ཟློས་གར་ཁྲོད་ཀྱི་དཔའ་རྒོད་ཅིག་སྟེ།ང་རྒྱལ་གྱིས་བརླམས་ཏེ་གཞན་གྱི་གྲི་ཁར་འདས།
༩༩ བེ་སི་ཐོན་གྱི«ཆོ་ག་ནས་སྒྲུང»ཞེས་པའི་ཉ་བའི་དབང་བོའི་ལེའུ་ལ་གཟིགས།―མ་མཆན།
༡༠༠ «ཡེ་སིའ་བམ་པོ»ཡི་རབ་བྱེད་སོ་བརྒྱད་པའི་ཚན་པ་དང་པོར་ཟུར་ལྟ་གྱིས།
༡༠༡ ཚིག་འདི་དབྱིན་ཇིར་རྒྱུགས་ཆེ་བའི་དམངས་གླུ་ཞིག་ལས་ཕྱུངས།
༡༠༢  «ལྷའི་རོལ་དབྱངས་ལས་སྦྱང་ཁམས»ཚན་པ་ཉེར་དྲུག་པར་གཟིགས།
ཐེམ་སྐས་ཀྱི་ཏོག་ཏུ་འདྲེན་པར་ནུས་པའི་བྱམས་སྟོབས་ལ་བརྟེན་ཏེ
དུས་རེ་ཉིད་དུ་ཁོ་བོའི་གདུང་བ་དྲན་པར་གྱིས་ཞེས་ཞུ་ལ
རྗེས་སུ་ཁོ་ནི་ཁོ་ཚོའི་མེ་དཔུང་གི་གསེང་དུ་གབ ― མ་མཆན།
༡༠༣ «བེ་ནར་སིས་མཚན་སྲུང་བ»༼Pervigilium Veneris༽ཡི་ཚན་པ་གཉིས་པ་དང་གསུམ་པའི་ཧྥེལ་མེལ་གྱི་སྐོར་ལ་ཟུར་ལྟ་གྱིས། ―མ་མཆན།
འདི་ཧྥེལ་མེལ་འཇོལ་མོར་གྱུར་པའི་གཏམ་རྒྱུད་ལས་ཕྱུངས་ཤིང་ཨེལ་ཐུས་མ་ཡིག་འཁོད་འདུག
༡༠༤ ནེར་བལ༼Gerard de Nerval,༡༨༠༨―༡༨༥༥༽གྱི་སྙན་ངག«མི་ལས་ངན»༼El Desdichado༽ཞེས་པར་གཟིགས།―མ་མཆན།
༡༠༥ཁེ་རྡི༼Kyd,༡༥༥༨―༡༥༩༤༽ཡི«སི་ཕན་གྱི་སྐྱོ་གར»༼The Spanish Tragedy,༡༥༩༤༽
ལ་གཟིགས། ―མ་མཆན།
«སི་ཕན་གྱི་སྐྱོ་གར»ཞེས་པར་ཧིར་ཉི་མོའི་བུ་ལ་གཞན་གྱིས་ཕྲག་དོག་བྱས་ཏེ་བགྲོངས་རྐྱེན། ཁོས་རྟག་པར་འདས་ཟིན་པའི་བུ་རྨི་ལམ་དུ་རྨིས་ནས་སྨྱོས་ཤིང་སྙིང་ནད་རྩོད་པའི་གོ་སྐབས་བཙལ་ཀྱང་
མ་རྙེད།ཕྱིས་སུ་ཕོ་བྲང་གིས་འཁྲབ་སྟོན་བྱེད་པར་གདན་དྲངས་པས།སྟབས་ཀྱིས་དགྲ་ཟླ་རེ་རེ་བཞིན་བསད་དེ་འཁོན་ལན་བརྩད་པའི་གཏམ་རྒྱུད་བྲིས་ཡོད།
༡༠༦ འདིར“བདེ་གྱུར”ཞེས་པ་བསྐྱར་ཟློས་ཀྱིས་འགོད་པ་ནི། བུ་ཕེན་ཤ་རྡིའི་ཆོས་གཞུང༼Upanishad༽གི་མཇུག་བསྡུ་སྟངས་སུ་ངེས་ལ། རང་རེའི་ཡི་གེར་འཁོད་ན་ནི“བསམ་ཡུལ་ལས་འདས་པའི་བདེ་བ”ཞེས་པའི་དོན་ནོ། །   ― མ་མཆན།
«ཧྥེལ་ཕུའི་བམ་པོ»ཡི་རབ་བྱེད་བཞི་བའི་ཚན་པ་བདུན་པར།   “དཀོན་མཆོག་གིས་བསམ་ཡུལ་ལས་ འདས་པའི་བདེ་བ་སྦྱིན”ཞེས་འཁོད་ཡོད་པར་ཟུར་ལྟ་གྱིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་རིང་མོ། མྱ་ངམ་ཐང་།

2009-10-30 ཨེལ་ཐུ།༼ཨ་མེ་རི་ཁ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།