དངོས་བརྒལ་རིང་ལུགས་ཀྱི་རྩོམ་རིག་ངོ་སྤྲོད།

ནོར་བུ་བསམ་འཕེལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-10-21

              དངོས་བརྒལ་རིང་ལུགས(Surrealism)ནི་དུས་རབས་ཉི་ཤུ་པའི་ནང་ཧ་ལམ་རྟོག་པ་རང་ཡན་པའི་སྒྲུང་གཏམ་དང་དུས་མཉམ་དུ་ཧྥ་རན་སིར་བྱུང་བའི་རིག་རྩལ་གྲུབ་མཐའ་ཞིག་རེད།

 དངོས་བརྒལ་རིང་ལུགས་པའི་རྩོམ་རིག་བསམ་བློར་སྔོན་དུ་དར་བའི་རྩོམ་རིག་གྲུབ་མཐའ་བསྡུས་བརྗོད་རིང་ལུགས་(Symbolism)དང་།མ་འོངས་རིང་ལུགས།(Futurism)སོགས་ཀྱི་ཤན་ཤུགས་ཕོག་ཡོད་ལ། བསྡུས་བརྗོད་རིང་ལུགས་པའི་སྙན་ངག་མཁན་པོ་རེམ་བྷོ་(ArthurRimbaud,1854-1891)དང་། འབུར་གཟུགས་མ་འོངས་རིང་ལུགས་པའི་སྙན་ངག་མཁན་པོ་ཨ་པོ་ལི་ནེར(CuillaumeApollnaire,1880-1918)སོགས་དངོས་བརྒལ་རིང་ལུགས་ཀྱི་ཡང་མེས་སུ་བྱེད་པ་མ་ཟད།ཐ་ན་“དངོས་བརྒལ་རིང་ལུགས་”ཅེས་པའི་མིང་འདིའང་ཨ་པོ་ལེ་ནེར་གྱིས་བརྩམས་པའི་འཁྲབ་གཞུང་<<དྷོ་རི་ཤེའི་ནུ་མ>>ཞེས་པའི་འགོ་བརྗོད་ཀྱི་ཚིག་སྒྲོས་ལས་བྱུང་བ་ཞིག་རེད།ཨ་པོ་ལི་ནེར་གྱིས<<དྷོ་རི་ཤེའི་ནུ་མ>>ཞེས་པའི་འཁྲབ་གཞུང་གི་འགོ་བརྗོད་ནང་“དང་པོ་མིས་གོམ་པ་རྒྱག་སྟངས་ལ་དཔེ་བལྟས་ཏེ་འཁོར་ལོ་བཟོས་པ་ཡིན་ནའང་།བཟོས་ཚར་རྗེས་ཀྱི་འཁོར་ལོ་དེ་རྐང་པ་དང་གཏན་ནས་འདྲ་ཡི་མེད།དེ་དང་འདྲ་བར་མི་རྣམས་ཀྱིས་ཧ་གོ་མེད་པའི་ངང་ཞིག་ལ་དངོས་བརྒལ་རིང་ལུགས་གསར་སྒྲུབ་བྱས་ཡོད་པ་རེད”ཅེས་གསུངས་ཤིང་།ཁོང་གི་བསམ་ན།དངོས་བརྒལ་རིང་ལུགས་ཀྱིས་དངོས་ཡོད་ཁྲོད་ནས་བློ་བསྐྱེད་གསར་པ་ཐོབ་ཐབས་བྱེད་པ་མ་གཏོགས།མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་ལྟར་དངོས་ཡོད་བསྐྱར་འབྲི་བྱ་རྒྱུ་མེད་པར་དགོངས་ཀྱི་ཡོད།དངོས་བརྒལ་རིང་ལུགས་ཀྱི་ཤིང་རྟའི་སྲོལ་འབྱེད་མཁན་པོ་བྷོ་རེ་ཐོན(AndreBreton,1896-1966)གྱིས་ཨ་པོ་ལི་ནེར་རང་ཉིད་ཀྱི་བསམ་བློའི་བླ་མའམ་སློབ་དཔོན་དུ་སྒོམ་གྱི་ཡོད་པས།གྲུབ་མཐའི་མིང་དུ་དེ་ལྟར་སྤྱོད་པའང་དགོངས་གཞི་དེའི་ཐད་ལ་མོས་པ་མཆིས་པ་གདོན་མི་ཟད།

༡ བྱུང་འཕེལ་གྱི་ལོ་རྒྱུས་རགས་རིམ།

བསམ་བློའི་རླབས་རྒྱུན་གང་ཞིག་ཡིན་རུང་།གང་དེ་བྱུང་གཞི་གྲུབ་པའི་སྤྱི་ཚོགས་ཀྱི་རྨང་གཞི་འམ་རྒྱུ་རྐྱེན་གང་འཚམ་ཞིག་ཡོད་པ་ནི་སྨོས་མེད་ཀྱི་བདེན་དོན་ཞིག་ཡིན་ཕྱིར།དངོས་བརྒལ་རིང་ལུགས་ཀྱི་རིག་རྩལ་གྲུབ་མཐའ་བྱུང་ཞིང་འཕེལ་བའང་གནད་དེ་ལས་མ་འདས།དུས་རབས་ཉི་ཤུ་པའི་འགོར་སླེབས་སྐབས་ནུབ་གླིང་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕོ་འགྱུར་ཤུགས་ཆེན་བྱུང་བ་དང་ཆབས་ཅིགསྤྱི་ཚོགས་ཁྱོན་ཡོངས་ལ་ཡོ་ལང་དང་ཟང་ཟིང་མང་ཞིང་།འཕྲུལ་ཆས་ཤེས་རིག་ལས་བྱུང་བའི་མིའི་གཞན་འགྱུར་གྱིས་སྐྱེ་བོ་ཀུན་གྱི་ཡིད་ཁམས་བློང་བློང་པོར་བྱེད་པར་མ་ཟད།ལྷག་པར་འཛམ་གླིང་དམག་ཆེན་དང་པོའི་འཁྲུག་ལོང་གི་ཁྲོད་དུ་ནུབ་གླིང་སྤྱི་ཚོགས་མུན་ནག་གི་ཁུང་བུར་ཞུགས་ཤིང་།སྐྱེ་འགྲོ་ཐམས་ཅད་སྡུག་བསྔལ་གྱི་ཟུག་རྔུས་བཙེས་པར་བྱས་པར་བརྟེན།སྐྱོ་ཤས་ཀྱི་བཅིངས་པའི་མི་རྣམས་ཀྱིས་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་ལ་ཡིད་ཆེས་ཤོར་བ་དང་།ཤེས་པས་ཟིན་པར་རློམ་པའི་མ་རྩ་རིང་ལུགས་ཀྱི་ཤེས་རིག་སྤྱི་ལ་ཁོང་ནས་ཁྲོ་བའི་སྡང་མིག་བགྲད་དེ། ད་ཡོད་ཀྱི་སྤྱི་ཚོགས་ལམ་ལུགས་དང་། རིག་གནས་སྲོལ་རྒྱུན་སོགས་ཡོད་དོ་ཅོག་ལ་སུན་འབྱིན་དགག་རྒྱག་བྱེད་པར་རྩོམ།བསམ་རྒྱུན་འདི་བྷོ་དྷི་ལེར་(Charles Baudelaire, 1821-1867)དང་། ནེ་ཁྲེ་(Fridrch Neitzche,1844-1900)། ཤོ་པེན་ཧོར་(ArthurSchopenhauer1788-1860)སོགས་ཀྱིས་མཚོན་པའི“དེང་རབས་བསམ་བློ་”དང་མ་འགྲོས་གཅིག་ཏུ་མཐུན་པ་བྱུང་ཡོད་པས།བསམ་ཚུལ་དེ་ལྟ་བུ་དང་ལྡན་པའི་གཞོན་སྐྱེས་སྒྱུ་རྩལ་བ་མང་པོ་ཞིག་གིས་ཚ་ཚ་འུར་འུར་ངང་ཞེད་མེད་རྩིས་མེད་ཀྱིས་མོལ་ཞིང་སྤེལ་བ་མ་ཟད།གཞན་ཕྱིར་ཁྱི་ལྟར་རྒྱུགས་འདོད་མེད་པར་རང་ཉིད་ཀྱིས་ལམ་བུ་གསར་པ་ཞིག་བཤངས་པར་འདོད་པའི་སྒྱུ་རྩལ་བ་ངར་ཤེད་ཅན་དེ་ཚོར་མཐར་གོང་དུ་བཤད་པ་ལྟར་ཧྥ་རན་སིའི་འབུར་གཟུགས་མ་འོངས་རིང་ལུགས་པའི་སྙན་ངག་མཁན་པོ་ཨ་པོ་ལི་ནེར་གྱི་འཁྲབ་གཞུང་(དྷི་རི་ཤེའི་ནུ་མ)ཞེས་པའི་ནང་ནས་རང་ཉིད་ཀྱི་སྒྱུ་རྩལ་འདོད་མོས་ལ་འཚམ་པའི་མིང་ཚིག་སྟེ།“དངོས་བརྒལ་རིང་ལུགས”ཅེས་པ་འདི་རྙེད་པ་དང་བཅས་ཤུགས་རྐྱེན་ཟབ་པའི་རིག་རྩལ་གྲུབ་མཐའ་ཞིག་རིམ་གྱིས་བྱུང་ཞིང་འཕེལ་བར་གྱུར་པ་རེད།

རང་ཚུགས་ཐུབ་པའི་རིག་རྩལ་གྲུབ་མཐའ་ཞིག་ཏུ་བྱས་པའི་དངོས་བརྒལ་རིང་ལུགས་དེ་དུས་རབས་ཉི་ཤུ་པའི་ལོ་རབས་ཉི་ཤུའི་ནང་བྱུང་ཡོད་མོད།ཁོ་ཚོའི་བསམ་བློའི་འབྱུང་རྩའམ་གཞི་མ་ལྟ་བུ་ནི་གོང་དུ་བཤད་པ་ལྟར་དུས་རབས་བཅུ་དགུ་པའི་མཇུག་ཙམ་ཉིད་ནས་རེམ་བྷོ་སོགས་ཀྱི་བརྩམས་ཆོས་ལས་མཚོན་ཡོང་གི་ཡོད་པས།དངོས་བརྒལ་རིང་ལུགས་བྱུང་ཞིང་འཕེལ་བའི་ལོ་རྒྱུས་ཀྱང་དེང་རབས་རིང་ལུགས་ཀྱི་རིག་རྩལ་བསམ་རྒྱུན་སྤྱིའི་འཕེལ་འགྲོས་དང་མཐུན་པ་རེད་ལ།ལྷག་པར་སྐབས་དེར་དར་བཟོ་ཆེ་བའི་ཏྭ་ཏྭ་རིང་ལུགས(Dadaism)ནི་དེ་བས་དངོས་བརྒལ་རིང་ལུགས་སྔ་དར་ཙམ་རེད་ཅེས་བཤད་ནའང་མི་འགྲིག་པ་མེད་པ་ལྟ་བུ་ཞིག་རེད་དེ།དངོས་བརྒལ་རིང་ལུགས་ཀྱི་སྲོལ་འབྱེད་མཁན་པོ་བྷོ་རེ་ཐོན་སོགས་ཚང་མ་སྔོན་ཏྭ་ཏྭ་རིང་ལུགས་པ་ཡིན་པ་དང་།ཁོ་ཚོས་ཏྭ་ཏྭ་རིང་ལུགས་ཀྱི་རིག་རྩལ་བསམ་བློའི་ཆ་ཤས་མང་པོ་ཞིག་དངོས་བརྒལ་རིང་ལུགས་ཀྱི་ནང་རྒྱུན་འཛིན་དང་དར་སྤེལ་དུ་བཏང་ཡོད་པ་གསལ་པོར་མཐོང་རྒྱུ་ཡོད་པ་རེད།

ཏྭ་ཏྭ་རིང་ལུགས་ནི་འཛམ་གླིང་དམག་ཆེན་དང་པོའི་རིང་སུད་སིར་དར་བའི་རིག་རྩལ་གྲུབ་མཐའ་ཞིག་ཡིན་ཞིང་།གང་དེའི་སྲིད་གཞུང་མེད་པའི་རིང་ལུགས་དང་།སྲོལ་རྒྱུན་ལ་ཡེ་ནས་དགག་པའི་ལྟ་ཚུལ་སྤྱོད་སྟངས་སྐབས་དེའི་ཡོ་རོབ་གླིང་ན་རླུང་ལྟར་གྲགས་པ་མ་ཟད།གྲུབ་མཐའ་དེ་ཉིད་ཀྱི་ཁྱད་རྟགས་མངོན་པར་གསལ་བ་ཞིག་ཏུའང་གྲུབ་ཡོད་པ་རེད།

སྤྱི་ལོ་༡༩༡༤ལོར་ཏྭ་ཏྭ་རིང་ལུགས་ཀྱི་སྲོལ་འབྱེ་མཁན་པོ་སྟེ།རྒྱལ་ཁོངས་ཧྥ་རན་སི་ཡིན་པའི་རོ་མ་ཉི་ཡ་(Romania)བ་ཛྭ་ར(TristanTzara1896-1963)སོགས་ཀྱིས་སིའི་གྲོང་ཁྱེར་ཟུ་རིག(Zurich )ཏུ་ཏྭ་ཏྭ་རིང་ལུགས་ཀྱི་རིག་རྩལ་བྱ་འགུལ་སྤེལ་བ་དེར་སྐབས་དེའི་སྒྱུ་རྩལ་བ་གཞོན་ནུ་མང་པོ་ཞིག་གིས་དང་བླངས་བྱས་པ་མ་ཟད།ཁོ་ཚོས་རྟག་པར་“བྷོལ་ཐེར་ཨར་ཁང་”ཞེས་པའི་ནང་མཉམ་འཛོམས་གྱིས་རང་རང་སོ་སོར་གསར་རྩོམ་བྱས་པའི་རི་མོ་འགྲེམ་སྟོན་བྱེད་པ་དང་།སྙན་ངག་གྱེར་བ།ཟློས་གར་འཁྲབ་པ་སོགས་ཀྱི་སྒོ་ནས་ཁོ་རང་ཚོས་མོས་པའི་སྒྱུ་རྩལ་བསམ་བློས་མཚོན་པའི་བསམ་རྒྱུན་ལ་མོལ་བསྡུར་དང་ཁྱབ་སྤེལ་བྱས་ཏེ།སྲོལ་རྒྱུན་དང་།རིག་གནས།ཀུན་སྤྱོད་སོགས་ཡོད་ཚད་ཐམས་ཅད་ལ་སུན་འབྱིན་དགག་བཞག་བྱེད་པ་དང་།མ་རྩ་རིང་ལུགས་ཀྱི་ཤེས་རིག་སྤྱི་ལ་ཡིད་ཆེས་མེད་པར།ཡོད་ཚད་རྩ་གཏོར་གཏོང་དགོས་པར་འདོད་པའི་བློ་ཁ་སྟོན་གྱི་ཡོད།དེའི་ཐད་ནས་སྐབས་དེའི་ཡོ་རོབ་གླིང་གི་གཞོན་ནུ་ཤེས་ཡོན་ཅན་རྣམས་ཡི་མུག་སྐྱོ་ཤས་མུན་ཁུང་དུ་ལྷུང་བའི་གནས་བབ་དང་།ཁོ་ཚོས་གནས་བབ་དེ་ལྟ་བུ་ལས་ཐར་ཐབས་སུ་འབད་པ་བྱེད་ཀྱི་ཡོད་པ་གསལ་པོར་ཤེས་ཀྱི་ཡོད་མོད།ཁོ་ཚོས་རང་ཉིད་སྐྱོ་ཆད་ཡི་མུག་གི་ཀློང་ལ་གཡུག་པའི་བྱེད་གཏེ་མ་རྩ་རིང་ལུགས་ཀྱི་ཤེས་རིག་ལ་ངོ་རྒོལ་དང་གཏོར་བརླག་བྱེད་པ་ཙམ་ལས།བདེ་སྐྱིད་ཀྱི་འོད་སྣང་འཚེར་བའི་ཤེས་རིག་གི་དཔལ་ཡོན་གསར་པ་ཞིག་ཇི་ལྟར་བྱས་ཏེ་གསར་སྐྲུན་བྱེད་དགོས་པའི་སྐོར་ལ་བསམ་གཞིགས་ཀྱི་བློ་ཁ་ཕྱོགས་པ་ཤིན་ཏུ་ཞན་ཏེ།ཁོ་ཚོའི་བྱ་སྤྱོད་ཡོད་ཚད་ལ་བཀོད་པ་གཏོང་བའི་གཞི་རྩའི་རྩ་དོན་ནི་“ཡོད་ཚད་གཏོར་བརླག་གཏོང་དགོས”ཞེས་པ་ཉག་ཅིག་རེད།

དེ་ཡང་།ཏྭ་ཏྭ་རིང་ལུགས་ཞེས་པའི་མིང་འདི་བྱུང་སྟངས་སྐོར་ལ་ཤོད་སྲོལ་འགྲེལ་སྟངས་མི་གཅིག་པ་གསུམ་ཙམ་ཡོད་མོད།ཞིབ་ཕྲའི་བྱུང་རིམ་གནས་སྐབས་མི་འདྲ་བ་ཙམ་ལས་དོན་གྱི་མདོ་ཁ་གཅིག་རང་དུ་བབ་ཀྱི་ཡོད་དེ།ཁོ་ཚོས་རང་ཉིད་ཀྱི་གྲུམ་མཐའ་མིང་ཞིག་འདོགས་པར་བསམ་སྐབས་མོ་རྩེད་མོ་བ་ལྟར་གྲི་ཆུང་ཞིག་གིས་ཚིག་མཛོད་ཀྱི་ཤོག་ལྷེ་ཧོབ་སྟེ་ཕྱེ་ཞིང་།གྲི་རྩེ་གང་དུ་ཟུག་པའི་སར“ཏྭ་ཏྭ”ཞེས་པའི་ཚིག་འདི་བབ་པ་གྲུབ་མཐའི་མིང་དུ་བྱས་པར་བཞེད།དོན་དངོས་ཐོག་“ཏྭ་ཏྭ”ཞེས་པ་ནི་ཧྥ་རན་སིའི་སྐད་ནང་ཕྲུག་གུ་ཆུང་ཆུང་གིས་སྐད་ཆ་སློབ་སྐབས་སུ་བཤད་པའི་ངག་བརྡ་སྟེ།“རྟེའུ”ཡི་དོན་དུ་གོ་བ་ཡིན་པས།གྲུབ་མཐའི་མིང་དུ་དེ་ལྟར་བཏགས་པར་ལུགས་མཐུན་གྱི་རྒྱུ་མཚན་གང་ཡང་ཤོད་དུ་མེད་ལ།འདིའི་ཐོག་ནས་ཀྱང་ཏྭ་ཏྭ་རིང་ལུགས་པའི་བསམ་བཞེད་དེ་ཅི་འདྲའི་རང་སྣང་གང་ཤར་བ་ཞིག་ཡིན་པ་ལས་ཙམ་མཐོང་ཐུབ་པ་རེད།

སྤྱི་ལོ་༡༩༡༩ལོར་པ་རི་སིའི་(Paris)ན་གཞོན་སྙན་ངག་པ་བྷོ་རེ་ཐོན་དང་།ཨ་ར་ཀོན་(LokuisAragon,1887-1982)སུའུ་བྷོ(PhilippeSoupault,1897-?)སོགས་ཀྱིས་(རྩོམ་རིག)ཅེས་པའི་དུས་དེབ་གསར་འདོན་གྱིས་ཏྭ་ཏྭ་རིང་ལུགས་པའི་གྲུབ་མཐའ་སྤེལ་བ་མ་ཟད།ལོ་དེ་རང་གི་ལོ་མཇུག་ཏུ་ཛྭ་ར་ཡང་སུད་སི་ནས་ཧྥ་རན་སིར་ལོག་སླེབས་པར་བརྟེན།རྩོམ་རིག་གིས་གཙོ་བོ་བྱས་པའི་ཏྭ་ཏྭ་རིང་ལུགས་ཀྱི་རྩོམ་བྱ་གཞག་ལ་དར་འཕེལ་སྔ་ནས་མེད་པ་བྱུང་།ཡིན་ནའང་།ཛྭ་རས་སྔན་བཞིན་ད་ཡོད་ཀྱི་རིག་གནས་ཤུལ་བཞག་ཡོད་ཚད་རིན་ཐང་ཡེ་ནས་མེད་པ་ཞིག་ཏུ་རྩིས་ཏེ་མཐའ་གཅིག་ཏུ་དགག་རྒྱག་སུན་འབྱིན་བྱེད་པ་དང་།བྷོ་རེ་ཐོན་གྱིས་ནི་བྷོ་དྷི་ལེར་སོགས་ཀྱིས་གསར་གཏོད་བྱས་པའི་དེང་རབས་སྙན་ངག་གི་སྲོལ་ལ་རིན་ཐང་ཡོད་པ་མ་ཟད་ཁོ་རང་ཚོས་ཀྱང་གསར་རྩོམ་གྱི་བྱ་བའི་ནང་རྒྱུ་འཛིན་བྱེད་དགོས་པར་བཞེད་པས།ཏྭ་ཏྭ་རིང་ལུགས་ཀྱི་ཤིང་རྟ་ཆེན་པོ་གཉིས་ཀྱི་བསམ་བློའི་ངོས་འཛིན་དང་ལྟ་ཚུལ་བཞེད་ཕྱོགས་ཐད་ཀྱི་བར་ཁྱད་དང་ཧེ་བག་རིམ་བཞིན་ཆེ་རུ་སོང་བ་ལྟར་གྲུབ་མཐའ་ཧྲིལ་པོ་ཕྱོགས་རིས་སུ་གྱེས་ཤིང་།སྟོབས་ཤུགས་ཁ་འཐོར་ཡ་བྲལ་དུ་གྱུར་ཏེ་བསྟན་པ་མར་འགྲིབ་ཀྱི་ལས་དབང་ལས་གཡོལ་དུ་མ་བཏུབས།

ཏྭ་ཏྭ་རིང་ལུགས་ཉམས་རྒུད་དུ་སོང་སྐབས།བྷོ་རེ་ཐོན་སོགས་གཞོན་སྐྱེས་སྙན་ངག་པ་མང་པོ་ཞིག་གིས་ཏྭ་ཏྭ་རིང་ལུགས་ཉམས་རྒུད་དུ་སོང་སྐབས།བྷོ་རེ་ཐོན་སོགས་གཞོན་སྐྱེས་སྙན་ངག་པ་མང་པོ་ཞིག་གིས་ཏྭ་ཏྭ་རིང་ལུགས་ཀྱི་སྒྱུ་རྩལ་བསམ་བློའི་ཁྲོད་ཀྱི་གསར་སྐྲུན་རང་བཞིན་དང་ལྡན་པའི་ལྟ་སྤྱོད་གྲུབ་ཆ་རྣམས་བཙལ་རྙེད་དར་སྤེལ་བྱེད་པ་དང་ཆབས་ཅིགཧྥུ་རོད་ཏིའི(Sigmundfreud,1856-1939)ཡིད་ཀྱི་རྣམ་འབྱེད་རིག་པའི་གཞུང་ལུགས་རིག་རྩལ་གསར་རྩོམ་གྱི་བྱ་བའི་ནང་ཉམས་ལེན་བྱས་པ་མ་ཟད།སྤྱི་ལོ་༡༩༢༤ལོར་བྷོ་རེ་ཐོན་གྱིས<<དངོས་བརྒལ་རིང་ལུགས་ཀྱི་བསྒྲགས་གཏམ>>སྤེལ་བ་དང་།སྔོན་གྱི་དུས་དེབ་(རྩོམ་རིག)ཅེས་པའི་དེའི་མིང་(དངོས་བརྒལ་རིང་ལུགས་ཀྱི་གསར་བརྗེ)ཞེས་པར་བསྒྱུར་ཏེ་བྷོ་རེ་ཐོན་དང་།ཨ་ར་ཀོན་སོགས་ཀྱི་བརྩམས་ཆོས་མང་དུ་སྤེལ་བས།དངོས་བརྒལ་རིང་ལུགས་ཀྱི་རིག་རྩལ་བྱ་འགུལ་ཚ་ཚ་འུར་འུར་དུ་འཕེལ་བ་དང་།དངོས་བརྒལ་རིང་ལུགས་འདི་བཞིན་རང་ཚུགས་ཐུབ་པའི་རིག་རྩལ་གྲུབ་མཐའ་ཞིག་ཏུ་བྱས་ཏེ་ནུབ་གླིང་རྩོམ་རིག་སྒྱུ་རྩལ་གྱི་གླིང་ཆེན་པོར་ཐོན་པ་མ་ཟད།སྐབས་ཤིག་རིང་ཧྥ་རན་སིའི་སྙན་ངག་གི་ཞིང་ཁམས་ཡངས་པོར་ཀུན་ནས་ཁ་ལོ་བྱེད་ཐུབ་པ་ལྟ་བུ་བྱུང་།<<དངོས་བརྒལ་རིང་ལུགས་ཀྱི་བསྒྲགས་གཏམ>>ནང་ཁོང་ཚོའི་སྒྱུ་རྩལ་བསམ་བློ་དང་།གཞུང་ལུགས།རྩ་འཛིན།དམིགས་ཚད་སོགས་གསལ་པོར་བསྟན་ཡོད་ཅིང་།ཏྭ་ཏྭ་རིང་ལུགས་ཀྱི་ད་ཡོད་གནས་བབ་ལ་མཐའ་གཅིག་ཏུ་སུན་འབྱིན་དགག་རྒྱག་བྱེད་པའི་ལྟ་ཚུལ་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་ཐོག་ཧྥ་རོད་ཏིའི་རྟོག་པ་འོག་འགྱུ་དང་།རྨི་ལམ་གྱི་རྣམ་བཤད་གསར་རྩོམ་བྱ་བའི་ནང་ཉམས་ལེན་བྱས་ཏེ།སྐབས་དེའི་སྤྱི་ཚོགས་བསམ་བློའི་འགལ་འདུ་ཇི་བཞིན་མཚོན་པའི་ཐབས་ལམ་བཙལ་འཚོལ་གང་ཐུབ་བྱེད་པ་མ་ཟད།“དངོས་བརྒལ་རིང་ལུགས་ཀྱིས་གསར་བརྗེར་ཞབས་འདེགས་ཞུ་དགོས”པའི་འབོད་སྒྲ་སྒྲོག་བཞིན་ཧྥ་རན་སིའི་གུང་ཁྲན་ཏང་གི་བྱ་འགུལ་ནང་ཞུསག་པ་སོགས་བྱས་ཡོད།ཡིན་ནའང་།གསར་བརྗེ་ཇི་ལྟར་བྱ་དགོས་པའི་ཐད་བྷོ་རེ་ཐོན་དང་ཨ་ར་ཀོན་སོགས་བར་ལྟ་ཚུལ་མི་འདྲ་བྱུང་ཞིང་།གསར་རྩོམ་གྱི་མཐོ་རླབས་ཀྱང་རིམ་པས་འཇགས་པར་གྱུར་པསདངོས་བརྒལ་རིང་ལུགས་ཀྱི་གྲུབ་མཐའི་“ལྷད་མེད་རང་བཞིན”སྲུང་ཕྱིར་བྷོ་རེ་ཐོན་གྱིས་སྤྱི་ལོ་༡༩༣༠ལོར་<<དངོས་བརྒལ་རིང་ལུགས་ཀྱི་བསྒྲགས་གཏམ་ཨང་གཉིས་པ>>སྤེལ་ཏེ་སྔས་མུས་ལྟར་སྲིད་གཞུང་མེད་པའི་རིང་ལུགས་དང་། སྒྱུ་རྩལ་གྱི་ལྟོས་མེད་རང་དབང་ལ་སྙེགས་བཞིན“ནང་སེམས་ཀྱི་འཆར་སྒོ་མར་ཁེ་སི་རིང་ལུགས་ཚུད་པའི་ཕྱི་རོལ་རྒྱུ་རྐྱེན་གང་གི་ཚོད་འཛིན་ཡང་ཕོག་རྒྱུ་མེད”པ་མཐའ་སྐྱེལ་བྱས་པ་མ་ཟད།ཐ་ན“དངོས་བརྒལ་རིང་ལུགས་པའི་བྱ་སྤྱོད་སྟབས་བདེ་ཤོས་ནི་ལག་པར་འཕྲུལ་མདའ་འཁྱེར་ནས་ཁྲོམ་གཞུང་དུ་སོང་སྟེ།དམིགས་ཡུལ་མེད་པའི་སྒོ་ནས་མི་ཚོགས་མི་ཚོགས་ལ་མེ་མདའ་རྒྱག་རྒྱུ་དེ་རེད”ཅེས་བཤད་པ་དང་།སྒྱུ་རྩལ་གསར་རྩོམ་ཐད་ཀྱང་གདོད་མའི་ཆོས་ལུགས་ཀྱི་ལྷ་འདྲེའི་འཐེན་འཁྱེར་ལྟ་བུ་དགོས་པར་སྨྲས་པར་བརྟེན།དངོས་བརྒལ་རིང་ལུགས་ཀྱི་ཤིང་རྟ་འཛིན་པ་ནང་ཁུལ་གྱི་འགལ་བ་མངོན་ཆེར་གྱུར་པ་དང་།སྟོབས་ཤུགས་ཁ་འཐོར་དུ་སོང་སྟེ། ཨེ་ལོ་ཡ་(PaulEluaurd,1895-1952)ཨ་ར་ཀོན་སོགས་དངོས་བརྒལ་རིང་ལུགས་ཀྱི་དཔུང་ཁག་ལས་གྱེས་ཏེ་དངོས་ཡོད་རིང་ལུགས་ཀྱི་རྩོམ་ཐབས་སུ་ཁ་ཕྱོགས་པར་གྱུར། དེ་ལྟར་སྤྱི་ལོ་༡༩༢༤ལོར<<དངོས་བརྒལ་རིང་ལུགས་ཀྱི་བསྒྲགས་གཏམ>>སྤེལ་བ་ནས་སྤྱི་ལོ་༡༩༣༠ལོར་<<དངོས་བརྒལ་རིང་ལུགས་ཀྱི་བསྒྲགས་གཏམ་ཨང་གཉིས་པ>>སྤེལ་བའི་བར་ལ་དངོས་བརྒལ་རིང་ལུགས་ཀྱི་གྲུབ་མཐའ་འདོད་ཚུལ་ཙམ་མ་ཟད་ལག་ལེན་ངོ་མའི་ཐད་ཀྱི་བརྩམས་འབྲས་ཀྱང་དཔེར་ན་བྷོ་རེ་ཐོན་གྱི་<<བོར་སོང་བའི་རྐང་རྗེས>>དང་།<<བཞུར་འགྲོ་བའི་ཉ>><<ན་ཀ>>སོགས་དང་།ཨེ་ལོ་ཡའི་<<སྡུག་གིས་བཙེས་པའི་རྒྱལ་ས>>དང་།<<བརྩེ་དུང་དང་སྙན་ངག>>ལྟ་བུ།ཨ་ར་ཀོན་གྱི་<<པ་རི་སིའི་ཞིང་པ>>ལྟ་བུ་སོགས་མི་ཉུང་ཙམ་བྱུང་ཡོད་ཅིང་།དེ་དག་ལས་“སྙན་ངག་ལྟ་བུའི”སྒྲུང་གཏམ་དུ་གྲགས་པའི་<<ན་ཀ>>དང་།<<པ་རི་སིའི་ཞིང་པ>>ལྟ་བུ་གཅིག་ནས་བརྩམ་བྱའི་ནང་དོན་གཤོང་ཚད་ཅུང་ཆེ་བ་དང་།གཉིས་ནས་དངོས་བརྒལ་རིང་ལུགས་ཀྱི་སྒྱུ་རྩལ་ལྟ་ཚུལ་དང་ཐབས་རྩལ་དཔེར་ན“རང་དབང་གི་རྩོམ་འབྲི”དང་།“རྨི་ལམ་དང་ཡིད་འཁྲུལ་འགོད་པ”ལྟ་བུ་མང་པོ་ཞིག་བེད་སྤྱད་བྱས་ཡོད་པས།ཕྱི་རབས་པ་རྣམས་ཀྱིས་དངོས་བརྒལ་རིང་ལུགས་ཀྱི་ཚབ་མཚོན་བརྩམ་བྱར་བརྩི་ཡི་ཡོད།ཡིན་ནའང་།དངོས་བརྒལ་རིང་ལུགས་ཀྱི་སྒྱུ་རྩལ་བསམ་བློའི་ཁྱད་ཆོས་སམ་བཀག་རྒྱའི་དབང་གིས།ཐོལ་བྱུང་ལྷུག་བྲིས་ལྟ་བུའི་སྙན་ངག་བརྩམ་བྱ་ཆུང་ཙག་མ་གཏོགས།རྩོམ་རིག་གི་འཇིག་རྟེན་ཡངས་པོར་གྲགས་པ་འབར་ཞིང་ལེགས་སྐྱེས་ཆེ་བའི་བརྩམ་བྱ་ཆེན་པོའི་རིགས་བྱུང་བ་དཀོན་པོ་རེད།(ཨ་ར་ཀོན་གྱིས་བརྩམས་པའི་<<པ་སེར་གྱི་དྲིལ་སྒྲ>>ལྟ་བུ་གྲགས་ཆ་བ་འགའ་ཞིག་བྱུང་ཡོད་ནའང་།དེ་ནི་རྩོམ་པ་པོ་དངོས་བརྒལ་རིང་ལུགས་ཀྱི་དཔུང་ཁག་གྱིས་རྗེས་ཡིན་པས་སྐབས་འདའི་གླེང་ཁོངས་སུ་མི་འགྲོ )

<<དངོས་བརྒལ་རིང་ལུགས་ཀྱི་བསྒྲགས་གཏམ་ཨང་གཉིས་པ>>སྤེལ་ནས་བཟུང་དངོས་བརྒལ་རིང་ལུགས་ཀྱི་དཔུང་ཁག་འཐོར་ཞིག་ཏུ་སོང་ཞིང་།གསར་རྩོམ་གྱི་མཐོ་རླབས་ལས་ཡོལ་བར་གྱུར་ཡོད་མོད།བྷོ་རེ་ཐོན་གྱིས་སྔར་བཞིན་དར་སྤེལ་མཐའ་འཁྱོངས་བཏང་བར་བརྟེན་འབྲས་བུ་མི་ཆུང་བ་སྟོན་རྒྱུ་ཡོད་པ་མ་ཟད། དེ་བས་དངོས་བརྒལ་རིང་ལུགས་ཀྱི་གྲུབ་མཐའ་དབྱིན་ཇི་དང་།ཀུ་རི་སི(Creece)ཨ་མེ་རི་ཁ་སོགས་རྒྱལ་ཁ་དང་གླིང་གཞན་ལ་དར་བ་དང་།རྩོམ་རིག་ཙམ་མ་ཟད།གླིང་བརྙན་དང་།ཟློས་གར།རོལ་དབྱངས།ཨར་སྐྲུན་སོགས་སྒྱུ་རྩལ་གྱི་ཁྱབ་ཁོངས་སམ་རྣམ་པ་མི་འདྲ་བའི་ནང་ཡང་དར་ཐུབ་པའམ་ཤུགས་རྐྱེན་གཏོང་ཐུབ་པ་བྱུང་། སྤྱི་ལོ་༡༩༤༢ལོར་བྷོ་རེ་ཐོན་གྱིས་ཨ་མེ་རི་ཁར<<དངོས་བརྒལ་རིང་ལུགས་ཀྱི་བསྒྲགས་གཏམ་ཨང་གསུམ་པ>>སྤེལ་ཡང་།སྐབས་དེར་ཕན་འབྲས་དེ་ཙམ་ཐོན་ཐུབ་མེད་ལ།ཧྥ་རན་སིར་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་གཞི་གྲུབ་ལུགས་(Existentialism)ཀྱི་རྩོམ་རིག་དར་བས་དངོས་བརྒལ་རིང་ལུགས་འདི་བཞིན་“དུས་ལས་ཡོལ་བའི”གྲུབ་མཐའ་ཞིག་ཏུ་གྱུར་ཡོད་མོད།ལོ་རབས་དྲུག་བཅུ་པའི་ནང་ཨ་མེ་རི་ཁའི་རྩོམ་པ་པོ་མང་པོ་ཞིག་གིས་དངོས་བརྒལ་རིང་ལུགས་ཀྱི་བརྩམ་བྱ་སྤེལ་བ་མ་ཟད།ལོ་རབས་བདུན་བཅུ་པའི་ནང་ད་དུང་སྙན་ངག་གིས་གཙོ་བོ་བྱས་པའི་“དངོས་བརྒལ་རིང་ལུགས་གསར་མ”དར་འཕེལ་བྱུང་ཡོད་པ་བཅས།མདོར་ན་མ་ལག་ཚང་བའི་གཞུང་ལུགས་འདོད་ཚུལ་དང་བཅས་པའི་རྩོམ་རིག་གྲུབ་མཐའ་ཅིག་གམ་བསམ་རྒྱུན་ཅིག་ཏུ་བྱས་པའི་དངོས་བརྒལ་རིང་ལུགས་ཀྱིས་ནུབ་གླིང་དེང་རབས་རིང་ལུགས་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་གོ་གནས་མི་དམན་པ་ཞིག་བཟུང་ཡོད་ལ།གང་དེའི་ཤན་ཤུགས་ནི་དུས་ད་ལྟའི་ཆར་ཡང་ནུབ་གླིང་རྩོམ་རིག་ཙམ་མ་ཟད་འཛམ་གླིང་ཁྱོན་གྱི་རྩོམ་རིག་གསར་རྩོམ་གྱི་བྱ་བའི་ནང་མཐོང་རྒྱུ་ཡོད་པ་ཡིན་ནོ།

                 ༢ . བསམ་བློའི་ལྟ་བ།

དངོས་བརྒལ་རིང་ལུགས་ནི་ཐོག་མར་དར་དུས་ཉིད་ནས་རིག་རྩལ་གྲུབ་མཐའ་ཞིག་ཏུ་བྱེད་པའི་ཆ་རྐྱེན་ཏེ། གཞུང་ལུགས་དང་།རྩ་འཛིན།ལག་ལེན་སོགས་ཆ་ཚང་ཡོད་པ་ཞིག་རེད།དངོས་བརྒལ་རིང་ལུགས་པའི་གྲུབ་མཐའི་སྲོལ་འབྱེད་མཁན་པོ་བྷོ་རེ་ཐོན་ཁོང་གི་ཏྭ་ཏྭ་རིང་ལུགས་པ་ཡིན་པའི་སྐབས་ཉིད་ནས་ལས་ཐབས་ཀྱི་འབྲེལ་བའི་དབང་གིས་ཧྥ་རོད་ཏིའི་གཞུང་ལུགས་དང་འབྲེལ་ལམ་བྱུང་ཞིང་།གང་དེའི་རྟོག་ལྡང་དང་རྟོག་པ་འོག་འགྱུའི་སྐོར་གྱི་གཞུང་ལུགས་རྣམ་གཞག་དང་།རྨི་ལམ་གྱི་རྣམ་བཤད་ལས་བློ་བསྐྱེད་གང་ལེགས་ཐོབ་པས།ཧྥུ་རོད་ཏིའི་ཡིད་ཀྱི་རྣམ་འབྱེད་རིག་པའི་མང་གཞིའི་ཐོག་བྷག་སེན(HenryBergson,1859-1941)གྱི་ཚེ་སྲོག་མཚན་ཉིད་རིག་པའི་གཞུང་ལུགས་ཀྱི་ཆ་ཤས་ཀྱང་བླངས་ཏེ།རྩོམ་རིག་གསར་རྩོམ་གྱི་བྱ་བ་དང་འབྲེལ་བའི་ཐོག་ནས་དངོས་བརྒལ་རིང་ལུགས་ཀྱི་གཞུང་ལུགས་ལྟ་བུ་ཆ་ཚང་བ་ཞིག་གསར་སྐྲུན་བྱས་ཡོད་པ་རེད།   དངོས་བརྒལ་རིང་ལུགས་པ་ཚོས་བལྟས་ན།ཕྱི་རོལ་དངོས་ཡོད་ཀྱི་འཇིག་རྟེན་ནི་སྙིང་པོ་དོན་གྱིས་བཞག་པའི་གྲིབ་གཟུགས་ཙམ་ཡིན་པས།འཕེལ་འགྲིབ་འགྱུར་བ་མང་ཞིང་།བདེན་རྫུན་ཤད་འབྱེད་དཀའ་བ་ཞིག་ཡིན་པ་དང་།གལ་ཏེ་ང་ཚོས་མི་དང་འཇིག་རྟེན་གྱི་མཐར་ཐུག་སྙིང་པོ་གང་ཡི་པ་རྟོགས་པར་འདོད་ན་ངེས་པར་དུ་ཕྱི་རོལ་དངོས་ཡོད་ཀྱི“གྲིབ་གཟུགས”ལས་བརྒལ་ཏེ།གང་དེའི་ཕུགས་ན་འདུག་པའི་“དངོས་བརྒལ་གྱི་འཇིག་རྟེན་”དེ་བཙལ་རྙེད་ཐུབ་པ་བྱ་དགོས་ཤིང་།“དངོས་བརྒལ་གྱི་འཇིག་རྟེན་”དེ་ནི་ཕྱི་རོལ་འཇིག་རྟེན་གྱི་དངོས་ཡོད་ལས་བདེ་ཚུགས་ཐུབ་པ་ཞིག་ཡིན་པ་རེད།དེར་བརྟེན།རྩོམ་པ་པོའི་ལས་འགན་ཡང་ཕྱི་རོལ་འཇིག་རྟེན་གྱི་དངོས་ཡོད་གནས་ཚུལ་འབྲི་བ་མིན་པར་དེའི་ཕུགས་བསམ་སམ་རྒྱབ་ལོགས་ན་ཡོད་པའི་“དངོས་བརྒལ་གྱི་འཇིག་རྟེན་”དེ་མངོན་པར་མཚོན་པ་བྱ་དགོས་པ་དེ་རེད།འོ་ན།ཁོ་ཚོས་སྙེགས་པའི་“དངོས་བརྒལ་གྱི་འཇིག་རྟེན་”དེ་ཡང་སྙིང་ཅི་འདྲ་ཞིག་རེད་དམ་ཞེ་ན།

༡)ཁོ་ཚོས་སྙེགས་པའི་“དངོས་བརྒལ་གྱི་འཇིག་རྟེན་”དེ་ནི་རྟོག་ལྡང་ངམ་རྟོག་པ་འོག་འགྱུའི་ཞིང་ཁམས་ལ་བྱ་བ་རེད།དངོས་བརྒལ་རིང་ལུགས་པ་ཚོས་བསམ་ན།འཇིག་རྟེན་ལ་ཕྱི་རོལ་དངོས་ཡོད་ཀྱི་འཇིག་རྟེན་དང་།རྟོག་བཅས་ཤེས་པའི་འཇིག་རྟེན།རྟོག་མེད་འོག་འགྱུའི་འཇིག་རྟེན་བཅས་རིགས་སམ་རྣམ་པ་གསུམ་ཡོད་ཅིང་།དེ་དག་ལས་གོང་མ་གཉིས“གྲིབ་གཟུགས་”ཙམ་ཡིན་པ་དང་།ཕྱི་མ་དེས་དོན་གྱི་སྙིང་པོའམ་དེ་ཁོ་ན་ཉིད་སྟོན་གྱི་ཡོད་པར་སྙམ།དེ་ཡང་ང་ཚོའི་ལུགས་ལྟར་གོ་བདེར་བྱས་ན།ཕྱི་རོལ་དངོས་ཡོད་ཀྱི་འཇིག་རྟེན་དེ་ཡུལ་དང་ཡུལ་ཅན་གཉིས་སུ་བྱས་པའི་ཡུལ་དང་།རྟོག་བཅས་ཤེས་པའི་འཇིག་རྟེན་དང་རྟོག་མེད་འོག་འགྱུའི་འཇིག་རྟེན་གཉིས་ཡུལ་ཅན་དུ་ངེས།སྤྱིར་ནུབ་གླིང་དེང་རབས་རིང་ལུགས་པའི་རྩོམ་རིག་གྲུབ་མཐའ་ཀུན་གྱིས་གཙོ་བོར་ཡུལ་ཅན་རང་ངོས་ཀྱི་རང་བཞིན་མངོན་པར་མཚོན་པར་བྱེད་པ་ཤས་ཆེ་མོད།དངོས་བརྒལ་རིང་ལུགས་པའི་ལུགས་སུ་བྱས་པའི་ཡུལ་ཅན་གྱི་བྱེ་བྲག་རྟོག་བཅས་ཤེས་པའི་འཇིག་རྟེན་ནི་ཕྱི་རོལ་སྟོབས་ཤུགས་ཀྱི་ལྷད་ཞུགས་པ་སྟེ།ཆབ་སྲིད་དང་།རིག་གནས།ཆོས་ལུགས།ཀུན་སྤྱོད་སོགས་ཀྱི་ཚོད་འཛིན་ནམ་ཚད་བཀག་ཁེལ་བ་ཞིག་ཡིན་པས།དེས་སྙིང་པོ་དོན་གྱི་གཉུག་མའི་རང་བཞིན་གསལ་པོར་སྟོན་་མི་ཐུབ་ལ།ཡང་སྒོས་བྷོ་རེ་ཐོན་སོགས་དངོས་བརྒལ་རིང་ལུགས་ཀྱི་་གྲུབ་མཐའ་འཛིན་པ་ཡོད་ཚད་འཛམ་གླིང་དམག་ཆེན་དང་པོའི་གདུག་རྩུབ་ཀྱི་སྨུག་ཀློང་ཁྲོད་ནས་ཐོན་འོངས་པ་ཤ་སྟག་ཡིན་པས།རྟོག་བཅས་ཤེས་པའི་འཇིག་རྟེན་ཏེ།ཤེས་པས་ཟིན་པའི་མ་རྩ་རིང་ལུགས་ཀྱིས་ཤེས་རིག་སྤྱི་ལ་ཡིད་བརྟན་འཆའ་བར་གཏན་ནས་མི་སྤྲོ་ཞིང་།ཁོ་ཚོས་བལྟས་ན་དེ་ནི་སྙིང་པོའི་དོན་ལས་རྒྱལ་ཕྱོགས་པ་ཞིག་ཡིན་པ་རེད།དེས་ན་ཕྱི་རོལ་སྟོབས་ཤུགས་ཀྱིས་ཡེ་ནས་མ་བསླུས་པའི་སེམས་ཀྱི་རང་བཞིན་སྲོང་པོར་གནས་པ་རྟོག་འགྱུའི་འཇིག་རྟེན་འབའ་ཞིག་ལས་མ་མཆིས།རྟོག་ལྡང་དང་རྟོག་པ་འོག་འགྱུ་ནི་ཡིད་ཁམས་འགུལ་བསྐྱོད་ཀྱི་མཚོན་ཚུལ་ལྷད་མེད་ཅིག་ཡིན་ཞིང་།གང་དེའི་རང་བཞིན་ལས་མི་རྣམས་ཀྱི་སེམས་གཏིང་ན་འཇབ་ནས་ཡོད་པའི“བདག་ཉིད་ཀྱི་གསང་བ”ཕྲ་མོ་གསལ་པོར་མཐོང་ཐུབ་ཀྱི་ཡོད་ཕྱིར།རྟོག་ལྡང་དང་འོག་འགྱུའི་ཞིང་ཁམས་དེ་ཉིད་ཇི་ལྟར་བྱུང་བ་དང་།དེས་ཕྱི་རོལ་དངོས་ཡོད་ཀྱི་འཇིག་རྟེན་དང་རྟོག་བཅས་ཤེས་པའི་འཇིག་རྟེན་ལ་ཤུགས་རྐྱེན་ཇི་ལྟར་གཏོང་གི་ཡོད་པ་གསལ་པོར་རྟོགས་དགོས་ལ།དེ་རྟོགས་ན་དོན་གྱི་རང་བཞིན་ནམ་སྙིང་པོ་སྟེ།“དངོས་བརྒལ་གྱི་འཇིག་རྟེན”ལ་གཞི་ནས་ངེས་ཤེས་འདྲོང་ཐུབ་པ་སྙམ་པ་རེད།

༢)ཁོ་ཚོས་སྙེགས་པའི“དངོས་དགོད་ཀྱི་འཇིག་རྟེན”དེ་རྨི་ལམ་གྱི་ཞིང་ཁམས་ལ་བྱ་བ་རེད།ཧྥ་རོད་ཏིའི་སེམས་ཁམས་རིག་པའི་ལུགས་ལྟར་ན།རྨི་ལམ་ནི་རྟོག་ལྡང་དང་ལྡོག་པ་འོག་འགྱུའི་མཚོན་བྱེད་གལ་ཆེ་ཤོས་དང་ཁ་རི་ཁ་ཐུག་ཚ་ཤོས་ཤིག་ཡིན་ཞིང་།དེས་ཤེས་པའི་བཀོད་པས་མ་ཁྱབ་པའི་རྟོག་ལྡང་གི་འདུ་ཤེས་གང་ཡིན་པ་གསལ་པོར་སྟོན་པའི་ཐོག་ནས་མིའི་རྣམ་ཤེས་ཀྱི་ཕུགས་ན་འཇབ་པའི་ལྐོག་གྱུར་གྱི་གསང་བ་དེ་ལྷང་ངེར་སྟོན་གྱི་ཡོད་པར་བཞེས་པ་དང་།རིག་རྩལ་གསར་རྩོམ་གྱི་བྱ་བ་ནི་“ཉིན་མོའི་རྨི་ལམ”འདྲ་བ་ཞིག་ཡིན་པར་དགོངས་ཀྱི་ཡོད།དངོས་བརྒལ་རིང་ལུགས་ཀྱི་ལྟ་བ་ཡོད་ཚད་ཧྥུ་རོད་ཏིའི་གཞུང་ལུགས་ཀྱི་རྨང་གཞིའི་སྟེང་གྲུབ་པ་ཞིག་ཡིན་ཞིང་།གོང་དུ་བཤད་ཟིན་པ་ལྟར་ཁོ་ཚོས་རྟོག་ལྡང་དང་རྟོག་པ་འོག་འགྱུའི་ཞིང་ཁམས་དེ་ཉིད་དངོས་ཡོད་འཇིག་རྟེན་ལས་བདེན་ཐུབ་པ་ཚ་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པར་བརྟེན།རྟོག་ལྡང་དང་རྟོག་པ་འོག་འགྱུའི་མཚོན་བྱེད་ལེགས་ཤོས་སུ་གྱུར་པའི་རྨི་ལམ་གྱི་ཞིང་ཁམས་འདི་བཞིན་ཁོ་ཚོས་སྙེགས་པའི་ལྷ་ཡུལ་ལྟ་བུ་ཞིག་ཏུ་གྲུབ་པ་ནི་སྨྲ་མི་དགོས།ཁོ་ཚོས་བསམས་ན།རྨི་ལམ་གྱི་ཞིང་ཁམས་ནི་བདེན་པ་བདེན་ཐུབ་ཚ་ཤོས་དང་།ཕུན་སུམ་ཚོགས་ཤོས།སྙིང་པོ་དོན་གྱིས་ཕྱུག་ཤོས་ཤིག་ཡིན་པ་མ་ཟད།རྨི་ལམ་གྱི་ཞིང་ཁམས་ཡངས་པོའི་ནང་ད་གཟོད་འགྲོ་བ་མིའི་རིགས་འདི་བཞིན་གཞི་ནས་སྤྱི་ཚོགས་འཚོ་བས་བཀབ་པའི་གནོན་ཤུགས་ཀྱི་འོག་ནས་ཐར་ཐུབ་པ་དང་།གདོད་ནས་ཡོད་པའི་གཉུག་མའི་རང་བཞིན་དང་འབྲེལ་བར་བྱུང་པ་དང་།“དངོས་བརྒལ་གྱི་འཇིག་རྟེན”ལ་སྙེགས་ཐུབ་པ་དང་།རྨི་ལམ་གྱི་ཞིང་ཁམས་འབའ་ཞིག་གི་ནང་ད་གཟོད་གཞི་ནས་ཕྱི་རོལ་དངོས་ཡོད་ཀྱི་བསླུ་བྲིད་ལས་ཐར་ཏེ་བྱ་དངོས་ཀྱི་རང་བཞིན་དང་།འཇིག་རྟེན་གྱི་ནང་གནས་གསང་བ་དག་ལ་སྦར་འཛིན་ཐུབ་པ་བྱུང་ནས“མ་འོངས་འཇིག་རྟེན་ལ་ཕྱོགས་པའི་ལམ་བུར”འགྲོ་ཐུབ་པ་ཡོང་བར་བཞེད།གང་ལྟར་བྷོ་རེ་ཐོན་གྱི་<<དངོས་བརྒལ་རིང་ལུགས་ཀྱི་བསྒྲགས་གཏམ>>ནང་གསུངས་པ་ལྟར།“དངོས་བརྒལ་རིང་ལུགས་ནི་རྨི་ལམ་གྱི་ཀུན་ཐུབ་རང་བཞིན་དང་།ཕྱོགས་རིས་བྲལ་བའི་སེམས་ཀྱི་འགུལ་སྐྱོད་ལ་འཆང་བའི་དད་ཞེན་གྱི་རྨང་གཞིའི་སྟེང་གྲུབ་པ་ཞིག་ཡིན”པས།ཁོ་ཚོས་རྨི་ལམ་གྱི་ཞིང་ཁམས་ལ་རྩེ་གཅིག་ཏུ་ཞེད་པ་མ་ཟད།ཐ་ན་སྙན་ངག་པ་སོ་སོ་རང་དགར་བའི་རྨི་ལམ་དེ་ཉིད་ཅི་འདྲའི་ལུང་འཆོལ་ཁུངས་མེད་ཅིག་ཡིན་ནའང་དེ་ནི་འགྲོ་བ་མིའི་རིགས་ཀྱི་ལྟོས་མེད་ཤེས་རབ་ཀྱི་མཚོན་ཚུལ་ཞིག་ཡིན་པར་སྙམ་གྱི་ཡོད།དེ་ཡང་ཧྥ་རོད་ཏིའི་སློབ་མ་སུད་སིའི་རྣམ་འབྱེད་སེམས་ཁམས་རིག་པ་བ་ཅུང་ཀེ(CarlGustavJung,1875-1961)ཡི་དགོངས་བཞེད་དེ་འགྲོ་བ་མིའི་རིགས་ཀྱིས་མི་རབས་བརྒྱུད་བཅས་སུ་བསགས་ནས་གྲུབ་པའི་ཉམས་མྱོང་དང་།གོམས་གཤིས།བསམ་ཚུལ་སོགས་གང་ཟག་རང་དགར་བ་སོ་སོའི་རྟོག་ལྡང་འདུ་ཤེས་ཀྱི་གཏིང་དུ་སེམ་ན“ཐུན་མོང་གི་རྟོག་ལྡང་འདུ་ཤེས”གྲུབ་ཅིང་།དེས་ཤེས་མེད་ཚོར་མེད་ཀྱི་ངང་ནས་མི་རྣམས་ཀྱི་བྱ་སྤྱོད་ལ་བཀོད་པ་བྱེད་ཀྱི་ཡོད་པར་བཞེད་པའི་གཞུང་ལུགས་ཀྱི་ཤུགས་རྐྱེན་ཐེབས་པ་ཞིག་ཡིན་པ་གདོན་མི་ཟ་མོད།ཅུང་ཀེས་ད་དུང་དེ་དང་མཉམ་དུ“སྒེར་གྱི་རྟོག་ལདང་འདུ་ཤེས”ཀྱི་ཐ་སྙད་ཤིག་ཀྱང་བཏོན་པ་མ་ཟད།“སྒེར་གྱི་རྟོག་ལྡང་འདུ་ཤེས་”ཡོད་ཚད“ཐུན་མོང་གི་རྟོག་ལྡང་འདུ་ཤེས”སུ་བརྒྱད་གོ་བསྐོན་བློ་འགུགས་ཡོང་བའི་ངེས་པ་མེད་པར་བཞེད་ཀྱི་ཡོད་པས།དངོས་བརྒལ་རིང་ལུགས་ཀྱི་སྙན་ངག་སྨྲ་བ་ཚོས་རང་སྒེར་གྱི་རྟོག་ལྡང་དང་རྟོག་པ་འོག་འགྱུའི་སྣང་དུ་གྱུར་པའི་རྨི་ལམ་དེ་བཞིན་འགྲོ་བ་མིའི་རིགས་སྤྱི་མཐུན་གྱི་ལྟོས་མེད་ཤེས་རབ་ཀྱི་མཚོན་བྱེད་དུ་རློམ་པ་དེ་ནི་ཐལ་ཆ་ཆེ་བའི་མཚང་དུ་གྲུབ་པ་གོར་མ་ཆག

༣)ཁོ་ཚོས་སྙེགས་པའི་“དངོས་བརྒལ་གྱི་འཇིག་རྟེན”དེ་ནི་སྲོལ་རྒྱུན་རིག་གི་གོམ་སྲོལ་ལས་འདས་པའི་རྩོམ་རིག་གི་རྣམ་པའ་པ་གསར་པ་ཞིག་ལ་བྱ་བ་རེད།བྷོ་རེ་ཐོན་གྱིས་<<དངོས་བརྒལ་རིང་ལུགས་ཟེར་བ་ཅི་འདྲ་ཞིག་རེད་དམ>>ཞེས་པའི་དེབ་ཆུང་ཞིག་བརྩམས་ཡོད་པའི་ནང་“ང་ཚོས་སྔར་སྲོལ་མཁྲེགས་བཟུང་གཏན་ནས་བྱེད་ཀྱི་མེད། ……དངོས་བརྒལ་རིང་ལུགས་པས་ལྷད་མེད་ཅིང་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་འཚོལ་སྙེགས་བྱེད་ཅིང་།མཚོན་ཚུལ་དེ་ནི་ཕྱི་རོལ་བྱ་དངོས་གང་གི་ཚད་བཀག་ཀྱང་མི་ཁེལ་བ་ཞིག་རེད།དོན་སྙིང་འདིའི་ཐོག་ནས་བཤད་ན།མཚོན་ཚུལ་དེར་མངའ་བའི་རང་དབང་ནི་ཞེ་ཐག་པའི་རང་དབང་ཞིག་ཀྱང་རེད”ཅེས་བཤད་ཡོད་པ་ལྟར།མ་གཞི་དངོས་བརྒལ་རིང་ལུགས་ནི་ཏྭ་ཏྭ་རིང་ལུགས་ལས་ཐ་དད་པ་ཞིག་ཡིན་ནའང་།ཏྭ་ཏྭ་རིང་ལུགས་ཀྱིས་འཆང་བའི་སྟོང་པ་ཅང་མེད་ཀྱི་བསམ་བློ་དང་།ཡོད་ཚད་ལ་སུན་འབྱིན་དགག་རྒྱག་བྱེད་པའི་བསམ་རྒྱུན་གྱི་ཤན་ཤུགས་གཏིང་ཚུགས་སུ་ཡོད་པས།དངོས་བརྒལ་རང་ལུགས་པ་ཚོས་ཀྱང་བཀག་རྒྱ་ཡོད་ཚད་ལས་བརྒལ་བའི་“ལྟོས་མེད་ཀྱི་རང་དབང་”ཞིག་ལ་འབད་པས་སྙེགས་པར་བྱེད་ཀྱི་ཡོད།ཁོ་ཚོས་བལྟས་ན།སྲོལ་རྒྱུན་རྩོམ་རིག་ནི་སྲོལ་རྒྱུན་སྤྱི་ཚོགས་ཀྱི་ཆབ་སྲིད་དང་།དཔལ་འབྱོར།བསམ་བློ།རིག་གནས།ཀུན་སྤྱོད་སོགས་ཀྱི་མཚོན་ཚུལ་ཙམ་ཡིན་ཞིང་།དེས་དབང་བསྒྱུར་གྲམ་རིམ་གྱི་ཕྱོགས་རིས་ལྟ་བས་སྤེལ་བ་དང་།ཁོ་ཚོའི་ཁེ་ཕན་ལ་ཞབས་འདེགས་ཞུ་བ་ཙམ་ཡིན་ལ།དངོས་བརྒལ་རིང་ལུགས་ཀྱི་ལས་འགན་ནི་སྲོལ་རྒྱུན་གྱི་བསམ་བློ་གཏོང་སྟངས་དང་རྩོམ་འབྲི་བྱ་ཐབས་མགོ་རྟིང་སློག་སྟེ།བློ་ཁོག་ཆེན་པོའི་ངང་ནས་མི་ཚོའི་རྒྱ་ཁྱབ་ཁས་ལེན་མ་ཐོབ་པའི་རྟོག་པ་འོག་འགྱུའི་སྟོབས་ཤུགས་དང་རང་བཞིན་ལ་འཚོལ་ཞིབ་བྱས་ཏེ་མི་གཤིས་ཀྱི་གཉུག་མ་དང་།ཤེས་མིན།ལུང་འཆོལ་གྱི་ངོས་མངོན་པར་མཚོན་པའི་སྒོ་ནས་རང་དབང་གི་རྩོམ་རིག་ཅིག་གསར་སྒྲུབ་བྱ་བ་དང་།དབང་བསྒྱུར་གྲལ་རིམ་གྱི་ཕྱོགས་རིས་ལྟ་བ་མ་བསླད་པའི་བསམ་བློ་གསར་པ་ཞིག་ལ་སྙེགས་དགོས་པ་དེ་ཡིན་པར་བཞེད་པ་མ་ཟད།དེ་ལྟར་འབྱུང་ཕྱིར་ངེས་པར་དུ་ད་ཡོད་ཀྱི་རིག་རྩལ་གཏན་སྲོལ་ལ་སུན་འབྱིན་དང་།སྤྱི་ཚོགས་ཁྱོན་ཡོངས་ཀྱིས་ཁས་ལེན་བྱེད་པའི་བརྩམ་བྱར་སུན་འབྱིན་དགག་རྒྱག་བྱེད་པ།དགོས་ངེས་ཀྱི་སྐབས་སུ་ཐ་ན་ལུགས་མཐུན་གྱི་ཚད་ལས་བརྒལ་བའི་བྱ་སྤྱོད་སྤེལ་ཏེ་ལྷིང་འཇགས་གེར་ཡོད་པའི་སྤྱི་ཚོགས་བསམ་བློར་འགུལ་སྐྱོམ་གཏོང་དགོས་པར་བཞེད་ཅིང་།ཧྥ་རན་སིའི་རྩོམ་པ་པོ་གྲགས་ཅན་ཧྥུ་རང་སི(AnatoleFrance,1844-1924)སྐུ་གཤེགས་སྐབས་ཁོ་ཚོས<<ཤི་རོ་གཅིག>>ཟེར་བའི་རྩོམ་ཡིག་འཇིགས་ཡེར་བ་ཞིག་སྤེལ་ཏེ་རྩོམ་པ་པོ་ཁོང་ཉིད་ཚེ་ཡི་འཕེན་པ་རྫོགས་པར་དགའ་སྟོན་འབྲེལ་ཞུས་པ་ལྟ་བུ་སོགས་མདོར་ན་བྷོ་རེ་ཐོན་གྱིས་གསུངས་པ་ལྟར“སྲོལ་རྒྱུན་རྩོམ་རིག་གི་རྣམ་པ་དེ་རྩ་བ་རྦད་ཆོད་ཀྱིས་བསྐྱུརདགོས་”པར་འདོད་པ་རེད།

(༤)དེ་ཙམ་དུ་མ་ཟད།དངོས་བརྒལ་རིང་ལུགས་པ་ཚོས་དངོས་ཡོད་འཚོ་བ་དང་།རྨི་ལམ་གྱི་ཞིང་ཁམས་གཉིས་གཞི་མཐུན་གཉིས་མེད་དུ་སྒྲུབ་ཐུབ་པར་བཞེད་ཀྱི་ཡོད།སྔོན་མའི་ལུགས་ལྟར་ན།དངོས་ཡོད་དང་རྨི་ལམ་གཉིས་ནི་འགལ་ཟླར་མཐོང་ཞིང་། འགལ་ཟླར་གྱུར་པའི་འཇིག་རྟེན་འདི་གཉིས་ལས་སྔ་མ་དེ་བདེན་ཚུགས་ཐུབ་པ་ཞིག་ཡིན་པ་དང་། ཕྱི་མ་ནི་འཛིན་མེད་སྟོང་པ་ཞིག་འཁུམས་པར་སྙམ། ཡིན་ནའང་། དངོས་བརྒལ་རིང་ལུགས་པ་ཚོས་བལྟས་ན། བསམ་ཡན་དང་རྨི་ལམ་ནི་མིའི་གྲུབ་ཆ་ཕུན་སུམ་ཚོགས་ཤོས་དང་། མེད་དུ་མི་རུང་བ་ཞིག་ཡིན་ཞིང་། དེས་མིའི་བསམ་བློའི་ནུས་སྟོབས་འདོན་སྤེལ་བྱེད་ཀྱི་ཡོད་པར་མཐོང་གི་ཡོད། དེར་བརྟེན། དངོས་བརྒལ་རིང་ལུགས་པ་ཚོས་དངོས་ཡོད་འཚོ་བ་དང་རྨི་ལམ་གྱི་འཆར་སྒོ་གཉིས་འགལ་ཟླ་མིན་པ་མ་ཟད། དེ་བས་གཞི་གཅིག་ཏུ་སྦྲེལ་དགོས་པར་བསམ་གྱི་ཡོད་ལ། མིའི་ནང་སེམས་ཀྱི་འཇིག་རྟེན་ལ་འཚོལ་ཞིབ་བྱེད་པ་ནས་མགོ་བརྩམས་ཏེ།ཕྱི་ནང་འཇིག་རྟེན་གཉིས་པོ་འགྱུར་རིམ་གཅིག་གི་ནང་དུ་ཡོད་པའི་མངོན་མེད་ལྐོག་གྱུར་གྱི་གྲུབ་ཆ་གཉིས་ཡིན་པར་སྙམ་པའི་བསམ་བློ་དེ་ཉིད་དངོས་བརྒལ་རིང་ལུགས་ཀྱི་གཞི་རྩའི་གཞུང་ལུགས་ཤིག་ཏུ་གྲུབ་ཡོད་པ་རེད། དེ་ཡང་བྷོ་རེ་ཐོན་གྱིས་<<དངོས་བརྒལ་རིང་ལུགས་ཀྱི་བསྒྲགས་གཏམ>>ནང་“ཕྱི་ཚུལ་ནས་བལྟས་ན་འགལ་ཟླ་ཁ་འཐབ་ཡིན་པ་འདྲ་བའི་ཚེ་སྲོག་གི་རྣམ་པ་གཉིས་ཏེ། དངོས་ཡོད་དང་རྨི་ལམ་གྱི་ཞིང་ཁམས་གཉིས་མ་འོངས་པའི་སྐབས་ཤིག་ན་གཅིག་ཏུ་འདྲེས་ཏེ་ལྟོས་མེད་ཀྱི་དངོས་ཡོད་དེ་དངོས་བརྒལ་གྱི་འཇིག་རྟེན་ཞིག་ཏུ་གྲུབ་རྒྱུ་ཡིན་པར་ཡིད་ཆེས་བརྟན་པོ་ཡོད”ཅེས་དང་། <<དངོས་བརྒལ་རིང་ལུགས་ཟེར་བ་ཅི་འདྲ་ཞིག་རེད་དམ>>ཞེས་པའི་དེབ་ཆུང་ནང ་“ང་ཚོས་ནང་གསན་ཀྱི་དངོས་ཡོད་དང་ཕྱི་རོལ་གྱི་དངོས་ཡོད་གཉིས་ནི་གཞི་གཅིག་ཏུ་སྦྲེལ་བར་ཕྱོགས་པ་མ་ཟད་སྦྲེལ་ངེས་ཀྱང་ཡིན་པའི་གྲུབ་ཆ་གཉིས་ཡིན་པའི་ངོས་འཛིན་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ལ། དེ་གཉིས་མཐའ་གཅིག་གྱུར་ཡོང་བ་བྱ་རྒྱུ་དེ་ནི་དངོས་བརྒལ་རིང་ལུགས་ཀྱི་ཆེས་བླ་ན་འཕགས་པའི་དམིགས་ཚད་ཀྱང་ཡིན་པ་རེད”ཅེས་གསུངས་ཡོད་པ་ལས་མངོན་གསལ་དུ་རིག་ཐུབ་པ་ཡིན་ནོ།།

༣ སྒྱུ་རྩལ་ཁྱད་ཆོས།
དེ་ལྟར།གནས་དུས་ཆ་རྐྱེན་དེ་ལྟ་བུ་ཞིག་གི་ཁྲོད་དུ་བྱུང་བའི་དངོས་བརྒལ་རིང་ལུགས་ལ་གཞུང་ལུགས་དང་བསམ་བློའི་ལྟ་བུ་ཞིག་ཡོད་ན། གཞུང་ལུགས་དང་བསམ་བློ་དེ་འདྲ་ཞིག་གིས་སྐུལ་བའི་གསར་རྩོམ་གྱི་བྱ་བར་ཡང་གཞན་དང་མི་འདྲ་བའི་ཁྱད་ཆོས་དམིགས་བསམ་བ་ཞིག་ཡོད་པ་སྨོས་མི་དགོས། འོ་ན་དངོས་བརྒལ་རིང་ལུགས་ཀྱི་རྩོམ་རིག་ལ་མངའ་བའི་སྒྱུ་རྩལ་ཁྱད་ཆོས་དམིགས་བསམ་བ་དེ་ཡང་སྙིང་ཅི་འདྲ་ཞིག་ཡིན་ནམ་སྙམ་ན། ང་ཚོས་ཁོ་ཚོའི་གསར་རྩོམ་བྱེད་སྟངས་དང་སྒྱུ་རྩལ་མཚོན་ཐབས་ཕྱོགས་གཉིས་ཀྱི་ཐད་ནས་མངོན་གསལ་དོད་པའི་ཁྱད་ཆོས་འདི་དག་མཐོང་ཐུབ་སྟེ།

 (༡)རང་བཞིན་ལྷུག་བཀོད་ཀྱི “རང་དབང་རྩོམ་འབྲི”འམ་ “རྟོག་ལྡང་རྩོམ་འབྲི”བྱེད་པ། དངོས་བརྒལ་རིང་ལུགས་པ་ཚོས་བལྟས་ན། ཤེས་པས་ཟིན་པའི་མ་རྩ་རིང་ལུགས་ཀྱི་ཤེས་རིག་ཧྲིལ་པོ་ཕྱོགས་རིས་བསླད་ཅན་གྱི་གོང་བུ་སྤངས་བྱར་གྱུར་པ་ཉག་ཅིག་ཏུ་མཐོང་ཞིང་།ཤེས་པས་མ་ཟིན་པའི་རྟོག་ལྡང་དང་འོག་འགྱུར་ཞིང་ཁམས་ཀྱིས་ད་གཟོད་མི་གཤིས་ཀྱི་གཉུག་མའི་རང་བཞིན་གསལ་པོར་སྟོན་གྱི་ཡོད་པར་སྙམ་པས། ཁོ་ཚོས་གསར་རྩོམ་ལ་ཞུགས་སྐབས་ཀྱང་སྒྲུང་གཏམ་ནང་གི་མི་སྣའི་སེམས་ཁམས་འབྲི་སྐབས་གཙོ་བོ་རྟོག་ལྡང་ངམ་འོག་འགྱུའི་འཇིག་རྟེན་བཀོད་འབྲི་བྱེད་དགོས་པ་ཨ་ཅང་བརྗོད་མེད་ཡིན་པ་མ་ཟད། རྩོམ་པ་པོ་རང་ཉིད་ཀྱི་གསར་རྩོམ་བྱེ་དེའང་རྟོག་ལྡང་གི་བརྒྱུད་རིམ་ཞིག་སྟེ། ཤེས་པཅི་བཀོད་པས་དག་པ་ཞིག་གི་ངང་དུ་འགྲུབ་དགོས་ཤིང་། རྩོམ་འབྲིར་མ་ཞུགས་གོང་དམིགས་བྱ་དང་། བློས་བསླངས། བརྗོད་སྙིང་སོགས་ཀྱི་བསམ་བློ་མེད་པར་གཉིད་ཁུག་ལ་མ་ཁུག་གམ་དྭངས་ཀྱི་གནས་སྐབས་ལྟ་བུར་བྱུང་བའི་རྟོག་ལྡང་དང་འོག་འགྱུ་གང་ཡིན་པ་དེ་ཇི་མ་ཇི་བཞིན་རང་བཞིན་བཅོས་མེད་དུ་ཡིག་ལམ་ལ་འགོད་དགོས་པ་དང་། བཀོད་གྲུབ་རྗེས་ཀྱང་བསྐྱར་ཞིབ་དང་བཟོ་བཅོས་སོགས་ཡེ་ནས་བྱ་རྒྱུ་མེད་ལ། དེ་ལྟར་བྱས་པ་ལས་བྱུང་བའི་བརྩམས་འབྲས་ཀྱིས་ད་གཟོད་གཞི་ནས་མི་གཤིས་ཀྱི་གཉུག་མའི་རང་བཞིན་ནམ་འཇིག་རྟེན་གྱི་ངོ་བོ་གང་ཡིན་པ་དེ་གསལ་རྗེན་དུ་སྟོན་ཐུབ་པར་བཞེད།

(༢) རྨི་ལམ་ཟིན་བྲིས་སུ་འདེབས་པ། དངོས་བརྒལ་རིང་ལུགས་པས་རྟོག་ལྡང་ངམ་རྟོག་པ་འོག་འགྱུའི་ཞིང་ཁམས་དེ་ཉིད་ཕྱི་རོལ་དངོས་ཡོད་ཀྱི་འཇིག་རྟེན་ལས་འདས་པའི་བདེན་པ་མཐར་ཐུག་ཅིག་ཡིན་པར་བཞེད་ལ། རྨི་ལམ་ནི་རྟོག་ལྡང་དང་འོག་འགྱུའི་ཞིང་ཁམས་ཀྱི་མངོན་ཚུལ་ཐད་ཀར་བ་ཆེས་ཁྱད་དུ་འཕགས་པ་ཞིག་ཡིན་པར་དགོངས་ཀྱི་ཡོད། དེར་བརྟེན། ཁོ་ཚོས་རྨི་ལམ་ལ་རྟོག་འཇུག་བྱ་རྒྱུར་སྤྲོ་བ་ཆེད་དུ་བརྟས་ལ། “ཧྥུ་རོད་ཏིས་རྙེད་པའི་མུན་ནག་འཇིག་རྟེན་གྱི་མཚོན་ཚུལ་འདི་ཉིད་གདམ་མ་མེད་པའི་སྒོ་ནས་ཐབས་ནུས་ཡོད་རྒུས་ཟིན་བྲིས་སུ་འདེབས་དགོས”པར་བཞེད་པ་མ་ཟད། ཟིན་བྲིས་སུ་འགོད་བྱེད་ཀྱི་ངག་བཀོད་ཀྱང་རྨི་ལམ་དང་འདྲ་བ་ཞིག་ཡིན་པར་བཞེད་པ་མ་ཟད། བྷོ་རེ་ཐོན་གྱི་སྙན་ངག་<<དོགས་ཟོན>>ཞེས་པ་དང་། དྷོ་སེ་ནོ་སིའི་(Rodert Desnos, 1900-1945)<<རྨི་ལམ་གྱི་འཕྲུལ་སྣང་>>ལྟ་བུའི་ནང་རྨི་ལམ་དུ་བྱུང་བའི་བཀོད་ཡོད་པས། ང་ཚོས་བརྩམ་བྱ་དེ་རིགས་ཀློག་སྐབས་ཀྱང་རྟོག་ལྡང་དང་འོག་འགྱུའི་གནས་སྐབས་ཤིག་ལ་བརྟེན་དགོས་པ་ལྟ་བུ་ཡིན་ནོ།

(༣)ཡིད་བརྙན་རང་དགར་བཀོད་སྒྲིག་བྱེད་པ། དངོས་བརྒལ་རིང་ལུགས་པས་རྨི་ལམ་གྱིས་མཚོན་པའི་རྟོག་ལྡང་དང་འོག་འགྱུའི་འཇིག་རྟེན་མཚོན་རྒྱུ་གཙིགས་སུ་བྱེད་ཅིང་། རྨི་ལམ་གྱི་ཞིང་ཁམས་ནི་གཏད་སོ་མེད་ལ་ཤེས་པས་འདོམས་སུ་མི་བཏུབ་པ་ཞིག་ཡིན་པས། རྨིལམ་ཟིན་བྲིས་སུ་བཏབ་པ་འམ་རྟོག་ལྡང་རྩོམ་འབྲི་བྱས་པ་ལས་བྱུང་བའི་བརྩམས་ཆོས་ཀྱི་སྒྱུ་རྩལ་མཚོན་ཐབས་ཐད་ཀྱང་རྨི་ལམ་དང་འདྲབར་ཡིད་བརྙན་རང་དགར་ཕུང་གསོག་བྱེད་པའམ་ཡང་ན་གཏད་སོ་མེད་པར་ཡང་ནས་ཡང་དུ་བརྗེ་སྤོ་བྱེད་པའི་ཁྱད་ཆོས་ཤིག་མངོན་གསལ་དུ་གྲུབ་ཡོད་པ་རེད། དེ་ནི་རྨི་ལམ་གྱི་ཁྱད་ཆོས་དང་མཐུན་པ་ཞིག་ཡིན་ངེས་ཀྱང་། ཀློག་པ་པོའི་ངོས་ནས་བཤད་ན། ཁོ་ཚོའི་བརྩམས་ཆོས་ཀློག་སྐབས་ཡིག་རིས་མིག་ལམ་དུ་ཤར་བ་ཙམ་མ་གཏོགས་དེས་ནང་དོན་ཅི་ཞིག་སྟོན་གྱི་ཡོད་པ་ཤེས་ཐབས་བྲལ་བ་རེད། དེ་ལྟར། དངོས་བརྒལ་རིང་ལུགས་ལ་རང་ཉིད་ཀྱི་གཞུང་ལུགས་འདོད་ཚུལ་དང་མཐུན་པའི་གསར་རྩོམ་བྱེད་སྟངས་ཤིག་ཡོད་ལ། གསར་རྩོམ་བྱེད་སྟངས་དེ་ལྟ་བུ་ལས་བྱུང་བའི་བརྩམས་ཆོས་ལ་སྒྱུ་རྩལ་མཚོན་ཐབས་ཀྱི་ཁྱད་ཆོས་ཁྱད་མཚར་བ་འདི་ལྟ་བུ་ཞིག་ཡོད་མོད། ཁྱད་ཆོས་དེར་རྨད་དུ་བྱུང་བའི་དགེ་མཚན་གྱི་ཆ་ཞིག་ལྡན་པ་ཆེར་མི་མཐོང་བས། དངོས་བརྒལ་རིང་ལུགས་འདི་བཞིན་དུས་རབས་ཉི་ཤུ་པའི་ལོ་རབས་ཉི་ཤུའི་ནང་ཡོ་རོབ་གླིང་དུ་གྲགས་པ་འབར་ཞིང་། ཕྱིས་ཀྱང་འཛམ་གླིང་ཁྱོན་གྱི་རིག་རྩལ་བྱ་བར་ཤུགས་རྐྱེན་མི་ཆུང་བ་སྟེར་ཐུབ་པ་བྱུང་བ་དེ་གཙོ་བོ་ཁོ་ཚོས་སྲོལ་རྒྱུན་རིག་གནས་ལ་བློ་ཁོག་ཆེན་པོས་སྐྱོན་འཛུགས་དང་།སུན་འབྱིན། དགག་རྒྱག་བཅས་བྱས་པའི་བསམ་བློའི་སྟོབས་ཤུགས་དེར་རག་ལས་པར་སེམས་སོ།།

རྩོམ་ཁུངས། མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དངོས་བརྒལ་རིང་ལུགས་ཀྱི་རྩོམ་རིག་ངོ་སྤྲོད།

2009-10-21 ནོར་བུ་བསམ་འཕེལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།