མངོན་མཚོན་རིང་ལུགས་ཀྱི་རྩོམ་རིག་ངོ་སྤྲོད།

ནོར་བུ་བསམ་འཕེལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-10-19

      མངོན་མཚོན་རིང་ལུགས་(Exprssionism)ནི་བསྡུས་བརྗོད་རིང་ལུགས་ཀྱི་རྗེས་སུ་ནུབ་གླིང་རྩོམ་རིག་སྒྱུ་རྩལ་གྱི་ཁྱབ་ཁོངས་སུ་དར་ཁྱར་ཆེ་ཞིང་ཤུགས་རྐྱེན་ཟབ་པའི་རིག་རྩལ་གྲུབ་མཐའ་ཞིག་རེད།དེ་ཡང་ཐོག་མར་དུས་རབས་ཉུ་ཤི་པའི་མགོར་འཇའ་མན་གྱི་མཛེས་རིས་ཁྱབ་ཁོངས་སུ་དར་བ་དང་།ཕྱིས་རི་མོ་བ་དེ་ཚོའི་སྒྱུ་རྩལ་ལྟ་བ་དག་རྩོམ་པ་པོ་སྐོར་ཞིག་གིས་དང་ལེན་བྱས་ཏེ།དུས་དེབ་གསར་གཏོན་དང་གསར་རྩོམ་ཧུར་བསྐྱེད་ཀྱིས་རྩོམ་རིག་ལས་འགུལ་བྱས་ཏེ།དུས་དེབ་གསར་གཏོད་དང་གསར་རྩོམ་ཧུར་བསྐྱེད་ཀྱིས་རྩོམ་རིག་ལས་འགུལ་ཚ་ཚ་འུར་འུར་དུ་སྤེལ་བ་ཡིན་པས།དུས་རབས་འདི་ཀོའི་ལོ་རབས་བཅུ་པ་ནས་ཉི་ཤུ་པའི་བར་ལ་མངོན་མཚོན་རིང་ལུགས་ཀྱིས་རྩོམ་རིག་སྒྱུ་རྩལ་ལ་དར་འཕེལ་ཆེན་པོ་བྱུང་བ་མ་ཟད།སྙན་ངག་དང་།བརྩམས་སྒྲུང་། ཟློས་གར། རི་མོ།གློག་བརྙན་སོགས་རིག་རྩལ་རྣམ་གྲངས་མང་པོ་ཞིག་ལ་བག་ཆགས་ཟབ་པ་དང་།ཤུགས་རྐྱེན་ཐེབས་པའི་ས་ཁོངས་ཀྱང་འཇར་མན་ཙམ་མ་ཟད་ཨོ་སི་ཁྲུ་རི་ཡ(Austia
奥地利)དང་། སུའེ་ཙེར(Switzerland 瑞士)ཅེ་ཁེ་སི་ལོ་ཝ་ཁེ(Czechosloslovakia捷克斯洛法克   )ཨ་མེ་རི་ཁ་སོགས་རྒྱལ་ཁབ་མང་པོར་ཁྱབ་པར་བརྟེན།སྐབས་ཤིག་རིང་མངོན་མཚོན་རིང་ལུགས་ཀྱིས་ནུབ་གླིང་རིག་རྩལ་ཁྱབ་ཁོངས་ལ་དབང་བསྒྱུར་བ་ལྟ་བུ་ཞིག་བྱུང་།ཡིན་ནའང་།རྟག་མེད་འགྱུར་བ་འགྲོ་བ་ཕྱི་རོལ་ཆོས་ཉིད་དུ་གྲུབ་པ་ལྟར།རྒྱུ་རྐྱེན་འདྲ་མིན་གྱི་དབང་གིས་དུས་བབ་ལ་འགྱུར་བ་ཆེན་པོ་བྱུང་བས།མངོན་མཚོན་རིང་ལུགས་ཀྱིས་རིག་རྩལ་ཁྱབ་ཁོངས་སུ་བཟུང་བའི་གོ་ས་དེའང་རིང་པོར་མ་ཐོགས་པར་ཉམས་ཤོར་དུ་སོང་བ་རེད།

དེ་ལྟར་མངོན་མཚོན་རིང་ལུགས་འདི་བཞིན་རིག་རྩལ་གྲུབ་མཐའ་ཞིག་ཏུ་བྱས་པའི་བྱུང་འཕེལ་ལོ་རྒྱུས་དང་།ཤུགས་རྐྱེན་བག་ཆགས་སོགས་རྙོག་འཛིང་ཆེ་བ་ཞིག་ཡོད་པས་ཆ་ཚང་ཞིབ་པར་གླེང་ན་ཡིག་རྫོབ་ཆེ་བའི་གཞིར་འགྱུར་ངེས་ན།འདིར་སྐབས་སུ་བབ་པའི་གླེང་གཞི་སྟེ།མངོན་མཚོན་རིང་ལུགས་ཀྱི་རྩོམ་རིག་སྐོར་ཅུང་ཟད་ཞིག་ཆེད་དམིགས་ཀྱིས་གླེང་བར་བྱའོ།།

༡ .དར་འཕེལ་ཡོང་ཐུབ་པའི་རྒྱུ་རྐྱེན་ནམ་རྨང་གཞི།

དེ་ཡང་དུས་རབས་བཅུ་དགུ་པའི་སྨད་མཚམས་དང་ཉི་ཤུ་པའི་འགོར་འཛམ་གླིང་ཁྱོན་གྱི་མ་རྩ་རིང་ལུགས་རྒྱལ་ཁབ་རྣམས་རིམ་པས་བཙན་རྒྱལ་རིང་ལུགས་སུ་འཕེལ་ཞིང་།མ་རྩ་གསོག་འཇོག་གི་དྲག་ཤུར་ཡང་སྔར་དང་མི་འདྲ་བའི་གདུག་རྩུབ་ཅན་པ་ཞིག་ཏུ་གྱུར་བ་མ་ཟད།འཇར་མན་གྱི་གོང་མ་ཝེ་ལེར་ཁྲི་ལ་འཁོད་པ་ནས་བཟུང་སྔར་གྱི་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་སྟོབས་འབྱོར་ཅན་དབྱིན་ཇི་དང་།ཧྥ་རན་སི།སི་པེན་(Spain西班牙  )སོགས་ཀྱིས་འཛམ་གླིང་ཁྱོན་ལ་བཙན་འཛུལ་བགོ་བཤའ་བྱེད་པར་འགྲམ་ཆུ་ལྡང་སྟེ་རང་ཉིད་ལ་ཡང་བགོ་བཤའ་ཐོབ་ཐུབ་པའི་རེ་བ་དང་བཅས་དྲག་པོ་དམག་གི་སྟ་གོན་ལ་ཚ་འུར་གྱིས་ཞུགས་པར་བརྟེན།འཇར་མན་གྱི་སྤྱི་ཚོགས་ལ་སྡུག་བསྔལ་མུན་ནག་གི་བླ་བྲེས་གཡོག་པ་མ་ཟད།དེའི་རྐྱེན་ལས་འཛམ་གླིང་དམག་ཆེན་དང་པོའང་ལངས་པ་རེད།འཛམ་གླིང་དམག་ཆན་དང་པོའི་རིང་གི་འཇར་མན་ནི་ཕྱི་ཚུལ་དུ་རྫིག་མདོག་དང་།གྲ་རྒྱས་མདོག་ཁ་པོ་ཙམ་མ་གཏོགས་རྒྱལ་ནང་གི་མི་དམངས་རྣམས་ནི་བཙན་པོ་དབང་ཡོད་ཀྱིས་དམག་འཁྲུག་ནང་ཞུགས་སུ་བཅུག་སྟེ་གཞོན་སྐྱེས་དམག་སར་ཤི་བ་དང་།རྒན་པོ་གྲོང་སྟོང་སྲང་མདོར་འགྱེལ་བ་སོགས་གནས་ཚུལ་སྐྱི་གཡའ་བ་ཤ་སྟག་བྱུང་སྟེ་མི་རྣམས་སྡུག་བསྔལ་མི་གྱི་མེ་འོབས་ལྷུང་བར་བརྟེན་ཚང་མས་སེམས་བསམ་པའི་གཏིང་ནས་དམག་གི་གདོན་ལ་དམོད་མོ་འདེབས་ཀྱི་ཡོད།དེ་ལྟར་མི་རྣམས་ཀྱི་རེ་བ་ཆད་པའི་ཡིད་དང་།སྡུག་བསྔལ་གྱིས་ནོན་པའི་སེམས་སོགས་མདོར་ན་འཐོར་བརླག་ཏུ་འགྲོ་ཉེན་ཡོད་པའི་རྣམ་ཤེས་གཡའ་ལྷང་ལྷང་དེ་མངོན་པར་མཚོན་ཐུབ་པའི་རེ་བ་ཁ་ཚ་དགོས་གཏུགས་ཤིག་བྱུང་ཞིང་།དེས་མངོན་མཚོན་རིང་ལུགས་ཀྱི་རྩོམ་རིག་དར་བར་གཞི་རྩའི་རྨང་གཞི་གཏིང་ཡོད་པ་རེད།

འཇར་མན་གྱི་འབྱོར་ཆུང་གྲལ་རིམ་གྱི་ཤེས་ཡོན་ཅན་པ་རྣམས་སེམས་བསམ་པའི་གཏིང་དུ་སྡུག་བསྔལ་ཡིད་ཆད་ཀྱི་ཟུག་རྔུ་དྲག་ཏུ་འབར་བཞིན་ཡོད་པ་དེ་རྣམས་ཤོད་ས་དང་སྟོན་ཐབས་ཤིག་བཙལ་འཚོལ་བྱེད་བཞིན་པའི་སྒང་དེར་ནི་ཁྲེའེ(FriedrichNeitzsche,尼采,1844-1900)དབང་ཐང་ཀུན་གཞི་སྨྲ་བ་དང་། བྷག་སེན(Henri Bergson, 柏格森  , 1859-1941)གྱི་ཐད་ཚོར་རིལ་ལུགས་ཀྱི་ཚེ་སྲོག་མཚན་ཉིད་རིག་པ། ཧྥ་རོད་ཏིའི(Sigmund Freud佛洛伊德 , 1856-1939)ཡིད་ཀྱི་རྣམ་དབྱེད་རིག་པ་སོགས་དེང་རབས་ཀྱི་ཤེས་པ་ངེས་མིན་དུ་བཟུང་བའི་མཚན་ཉིད་རིག་པའི་བསམ་རྒྱུན་རྣམས་རིམ་པས་ཐོན་འོངས་པ་དེས་ཤེས་ཡོན་ཅན་ཚོའི་སེམས་ཁམས་ནང་རིག་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་བླ་གྱར་སེམས་འཐོར་གྱི་ཉིན་ཁར་བབ་པའི་ཡིད་ཀྱི་མྱོང་སྣང་སྐྱི་གཡའ་བ་དག་སྟོན་རྒྱུར་བསམ་བློའི་རྨང་གཞི་དང་། ཐབས་ཤེས་ཀྱི་མཐུན་རྐྱེན་དང་ལེགས་ཤིག་སྐྲུན་ཐུབ་པ་བྱུང་བ་རེད།

དེ་དང་ཆབས་ཅིགརྩོམ་རིག་རང་གི་འཕེལ་ཚུལ་གནས་བབ་བམ་སྐབས་དེའི་རྩོམ་རིག་གི་“གནམ་གཤིས”ཡིད་མུག་པ་དེས་ཀྱང་མངོན་མཚོན་རིང་ལུགས་ཀྱི་རྩོམ་རིག་ཐོན་ཅིང་དར་བར་ཚ་འདེད་གཏོང་བའི་ནུས་པ་ལྟ་བུ་ཞིག་དམིགས་མིན་རང་བཞིན་གྱིས་གྲུབ་ཡོད།དེ་ཡང་དུས་རབས་བཅུ་དགུ་པའི་སྨད་ཆར་ནུབ་གླིང་རྩོམ་རིག་གི་ཁྱབ་ཁོངས་ནང་རང་བྱུང་རིང་ལུགས་(自然主义)ཀྱི་ཤིགས་རྐྱེད་ཟབ་ཅིང་།ལུགས་དེའི་བཞེད་པ་ལྟར་ན་རྩོམ་རིག་གི་ལས་འགན་ནི་ཕྱི་རོལ་འཇིག་རྟེན་གྱི་བྱ་དངོས་རྣམ་ལ་ཇི་མ་ཇི་བཞིན་འབྲི་རྒྱུ་ཉིད་ཡིན་པར་སྙམ་གྱི་ཡོད་པས།རྩོམ་པ་པོའི་བསམ་བློ་དང་བརྩེ་དུང་སོགས་ཡོད་ཚད་ཚང་མ་རྩོམ་རིག་གི་ཕོ་བྲང་ཆེན་པོའི་སྒོ་ཕྱིར་ཕུད་ནས་འཇོག་གི་ཡོད།ཡིན་ནའང་།སྐབས་དེའི་སྤྱི་ཚོགས་ཀྱི་ཡོ་ལངས་དང་།ལྷག་པར་འཛམ་གླིང་དམག་ཆེན་དང་པོའི་འཁྲུག་ཉེས་དག་བརྒྱུད་ནས་འོངས་པའི་གཞོན་སྐྱེས་རྩོམ་པ་པོའི་ངོས་ནས་བཤད་ན་གོང་གི་རྩོམ་རིག་ལྟ་ཚུལ་དེ་ནི་དང་ལེན་བྱ་མ་ཐབས་མེད་པ་ཞིག་རེད།ཁོང་ཚོས་བལྟས་ན།མྱོང་གྲུབ་ཀྱི་འཇིག་རྟེན་ནི་ས་ཚུགས་མེད་ཅིང་བདེན་པས་སྟོངས་པ་ཞིག་ཡིན་པ་དང་།མྱོང་གྲུབ་འཇིག་རྟེན་ནི་ས་ཚུགས་མེད་ཅིང་བདེན་པས་སྟོངས་པ་ཞིག་ཡིན་པ་དང་།མྱོང་གྲུབ་ཀྱི་འཇིག་རྟེན་གྱི་རྒྱབ་ལོགས་ན་དོན་གྱི་ངོ་བོ་དེ་ཁོ་ན་ཉིད་ཡོད་པས་རྩོམ་པ་པོའི་ལས་འགན་ཡང་ཕྱི་རོལ་འཇིག་རྟེན་ལ་འདྲ་བཤུ་བྱེད་པ་མ་ཡིན་པར་བྱ་དངོས་སོ་སོའི་རྒྱབ་ལོགས་ན་ཡོད་པའི་དོན་གྱི་ངོ་བོ་དེ་མ་ཉིད་མངོན་པར་མཚོན་པར་བྱེད་དགོས་པ་དེ་ཡིན་པར་བཞེད་ཀྱི་ཡོད།དེར་བརྟེན།ཁོང་ཚོས་རང་བྱུང་རིང་ལུགས་པའི་རྩོམ་རིག་གི་ལྟ་ཚུལ་ལས་རྒྱབ་ཀྱིས་ཕྱོགས་ཏེ་བདག་ཉིད་ཀྱི་ཚོར་དང་མྱོང་སྣང་གང་ཡིན་པ་དེ་མངོན་པར་མཚོན་ཐུབ་པའི་ཐབས་དང་ལམ་བུ་འཚོལ་རྙེད་བྱ་རྒྱུར་འབད་པ་ལྷུར་ལེན་བྱེད་ཀྱི་ཡོད་པས།སྐབས་དེའི་མཛེས་རིས་པ་གཞོན་སྐྱེས་སྐོར་ཞིག་གིས“མངོན་མཚོན་རིང་ལུགས”མིང་དུ་བྱས་ཤིང་།རྩོམ་མཁན་ནམ་འབྲི་མཁན་རང་ཉིད་ཀྱི་ཡིད་ཀྱི་མྱོང་སྣང་མཚོན་རྒྱུ་གཙོ་བོར་བྱེད་པ་མ་ཟད།སྒྱུ་རྩལ་ནི་“བསྐྱར་འབྲི་བྱེད་པ་མ་ཡིན་པར་མངོན་པར་མཚོན་པ་ཡིན་”པ་དང་།“རང་བྱུང་ལྷུན་གྲུབ་ཀྱི་བྱ་དངོས་མིན་པར་སེམས་ཀྱི་མྱོང་སྣང་ཡིན་པ”པར་སྒྲོག་པའི་ཁ་གཡང་དེ་དང་ལེན་བྱས་ཏེ་རྩོམ་རིག་གསར་རྩོམ་གྱི་བྱ་བའི་ནང་ལག་ལེན་དུ་བསྟར་བས་ད་གཟོད་མངོན་མཚོན་རིང་ལུགས་ཀྱི་རྩོམ་རིག་འདི་བཞིན་ཞོགས་པའི་ཉི་གཞོན་ལྟར་གསལ་ལྷང་ངེར་མངོན་པར་འཆར་བ་ཞིག་བྱུང་ཐུབ་པ་ལགས་སོ།

༢ .བྱུང་འཕེལ་གྱི་རིམ་པ་མདོར་བསྡུས།

མངོན་མཚོན་རིང་ལུགས་འདི་བཞིན་ཤུགས་རྐྱེན་ཟབ་པའི་རིག་རྩལ་གྲུབ་མཐའ་ཞིག་ཡིན་ལ།གང་དེའི་བྱུང་འཕེལ་ལའང་ལོ་རྒྱུས་ཀྱི་ཕུ་ཐག་མི་ཐུང་བ་ཞིག་ཡོད།དེ་ཡང་སྔོན་ཐོག་མར་མངོན་མཚོན་རིང་ལུགས་ལ་ཤུགས་རྐྱེན་སྟེར་མཁན་ནི་བསྡུས་བརྗོད་རིང་ལུགས་ཀྱི་རྩོམ་རིག་ལས་མཚོན་པའི་དཔོག་དཀའ་རིང་ལུགས་ཀྱི་བསམ་བློའི་རྒྱུན་དེ་རེད། བྷོ་དྷི་ལེར(Charles Baudelaire; 波德莱尔; 1821-1867)གྱིས་ཐེངས་དང་པོར་སྒྱུག་ཁ་ཤུགས་ཀྱིས་བསྒྱུར་ཏེ་རྩོམ་པ་པོའི་ནང་སེམས་ཀྱི་འཆར་སྒོ་མཚོན་པར་བྱས་ཡོད་ཅིང་། མ་ལ་མེ(Stephane Mallarme; 马拉美  ; 1842-1898)ཡི་སྙན་ངག་ནང་དཔོག་དཀའ་རིང་ལུགས་ཀྱི་ཉམས་མང་དུ་ཐོན་ཡོད་ལ།བསྡུས་བརྗོད་རིང་ལུགས་ཕྱི་མའི་སྐབས་ཀྱི་སྙན་ངག་མཁན་པོ་ཝ་ལེར་(Paul Vallery 瓦雷里  )གྱི་སྐབས་སུ་དཔོག་དཀའ་བའི་ཉམས་དེ་དེ་བས་ཤུགས་ཆེ་བར་ཕྱིན་ཡོད་པ་སོགས་མདོར་ན་བསྡུས་བརྗོད་རིང་ལུགས་ཀྱི་རྩོམ་རིག་ལས་མཚོན་པའི་དཔོག་དཀའ་བའི་ཉམས་སམ་ཁྱད་ཆོས་དེས་མངོན་མཚོན་རིང་ལུགས་ཀྱི་རྩོམ་རིག་ལ་ཤུགས་རྐྱེན་མི་དམན་པ་ཙམ་བཞག་ཡོད།

དེ་ལྟར་ཡིན་མོད།མངོན་མཚོན་རིང་ལུགས་ཀྱི་རྩོམ་རིག་གི་མགོ་མའམ་མེས་པོ་བསྙོན་མེད་དེ་བསྡུས་བརྗོད་རིང་ལུགས་པའི་སྙན་ངག་མཁན་པོ་ཚོ་མིན་པར་སུད་ཏེན་(Sweden 瑞典 )གྱི་རྩོམ་པ་པོ་གྲགས་ཆེན་ཟི་ཐྲིན་བྷག(J .A.Strindberg; 撕特林  ;  1849-1912)རེད།ཟི་ཐྲིན་བྷག་གི་སྐུ་ཚེ་ཧྲིལ་པོའི་རྩོམ་རིག་བྱ་བའི་ནང་འགྱུར་བ་ཆེན་པོ་འགའ་བྱུང་ཡོད་པ་སྟེ།ཐོག་མར་དགག་སྒྲུབ་(མཐའ་དཔྱོད)དངོས་ཡོད་རིང་ལུགས་ཡིན་པ་ནས་རང་བྱུང་རིང་ལུགས་སུ་འགྱུར་བ་དང་།རང་བྱུང་རིང་ལུགས་ནས་ཡང་དེ་ལས་རྒྱབ་ཀྱིས་ཕྱོགས་པའི་མངོན་མཚོན་རིང་ལུགས་སུ་འགྱུར་བ་རེད།ཁོང་གི་སྐུ་ཚེ་སྨད་ཀྱི་ཆར་དཔལ་འབྱོར་ཐད་ཀྱི་དཀའ་ཁག་དང་བཟའ་ཚོ་གཉེན་དོན་ཐད་ཀྱི་བཀྲ་མི་ཤིས་པའི་གནས་ཚུལ་སོགས་ཀྱི་དབང་གིས་དཔོག་དཀའ་རིང་ལུགས་ཀྱི་བསམ་བློའི་ཉོག་འདམ་ནང་བྱིངས་པར་གྱུར་པ་མ་ཟདགསར་རྩོམ་ཐད་ཀྱང་སྐྱོ་ཤས་དང་དཔོག་དཀའ་བའི་ཉམས་དེ་ཤུགས་ཆེར་ཐོན་འོང་གི་ཡོད་དེ།སྐབས་དེའི་ཚབ་མཚོན་བརྩམ་བྱ་<<དྷ་རྨ་ཀུ་སིར་འགྲོ་>>(སུམ་སྦྲེལ་མ)དང་།དེའི་ཕྱིས་ཀྱི<<རྨི་ལམ་གྱི་ཟློས་གར་ཞིག>>སོགས་ཀྱི་ནང་སྣང་འཕྲུལ་འཆར་སྒོའི་ཐོག་ནས་ཁོང་ཉིད་ཀྱི་སྐྱོ་བ་རྩེར་བུད་དང་།སྡུག་བསྔལ་རེ་ཆད་ཀྱི་བསམ་བློའི་གནས་བབ་མཚོན་པར་བྱས་ཡོད་ལ།མཚོན་ཐབས་ཐད་འགྱུར་བ་མང་ཞིང་།ཡ་མཚར་ཆེ་བ་རྨི་ལམ་གྱི་ཞིང་ཁམས་འདྲ་བ་ཞིག་ཡོད་པ་རེད།

དུས་རབས་ཉི་ཤུ་པའི་ལོ་རབས་བཅུ་པའི་ནང་འཇར་མན་གྱི་འབྱོར་ཆུང་གྲལ་རིམ་ཤེས་ཡོན་ཅན་མང་པོ་ཞིག་ཀྱང་སྡུག་བསྔལ་ཡིད་ཆད་ཀྱི་འོབས་དོང་ནང་ཚུད་ཅིང་།རིག་རྩལ་ཐབས་ལམ་ལ་བརྟེན་ནས་རང་གི་ནང་སེམས་ཀྱི་འགྱུར་བ་སྣ་ཚོགས་རྗེན་པར་སྟོན་ལ་རིངས་ནས་ཡོད་ཕྱིར་།ཚང་མས་ཟི་ཐྲིན་བྷག་གི་ཟློས་གར་འཁྲབ་གཞུང་དེ་རིགས་དཔེར་བླངས་ཏེ་གསར་རྩོམ་ལ་ཞུགས་པས་མངོན་མཚོན་རིང་ལུགས་ཀྱི་རྩོམ་རིག་ལས་འགུལ་ཞིག་འཇར་མན་དུ་ཚ་ཚ་འུར་འུར་ངང་འཕེལ་ཐུབ་པ་བྱུང་བ་རེད།

འཇར་མན་གྱི་མངོན་མཚོན་རིང་ལུགས་ཀྱི་རྩོམ་རིག་འདི་བཞིན་གཡས་གཡོན་ཕྱོགས་ཁག་གཉིས་སུ་དབྱེ་ནས་དར་འཕེལ་བྱུང་ཡོད་ཅིང་། གཡོན་ཕྱོགས་པའི་གྲས་སུ་རྩོམ་པ་པོ་གྲགས་ཆེ་བ་པེ་ཆེར(J.R. Becher. 贝歇, 1891-1959)དང་།ཁྰ་སེར(G.Kaiser1879-1945)ཐོ་ལིར་(E.Toller.1893-1939)སོགས་ཡོད་པ་ཁོང་ཚོའི་བརྩམས་འབྲས་རྣམས་ནང་དོན་གྱི་ཆ་ནས་སྤྱི་ཚོགས་ཐོག་གི་ལུགས་མཐུན་མིན་པའི་གནས་དང་།བཙན་རྒྱལ་རིང་ལུགས་ཀྱི་དམག་འཁྲུག་སོགས་ལ་རྒོལ་གཏམ་གཏོང་ཕོད་ལ།སྒྱུ་རྩལ་གྱི་ཆ་ནས་བྱུང་རིམ་ཡ་མཚར་ཆེ་ཞིང་།ངག་དབྱངས་མཐོན་པོར་གྱར་བའི་དགེ་མཚན་ལྡན་མོད།ཡང་ནང་དོན་གྱི་ཐད་ནས་མ་རྩ་རིང་ལུགས་ཀྱི་མི་ཆོས་རིང་ལུགས་དང་།ཞི་བདེ་རིང་ལུགས་ལ་སྟོང་བསམ་འཆང་བ་དང་།སྒྱུ་རྩལ་གྱི་ཐད་ནས་དོན་སྟོང་སྤོམ་ཚིག་མཐོ་བ་ལས་གཏིང་ཚད་བསྔོག་ཤུགས་ཞན་པ་སོགས་ཀྱི་ཞན་ཆའང་མངོན་གསལ་དུ་ལྡན་ཡོད།གང་ལྟར་གཡས་གཡོན་ཕྱོགས་གཉིས་བསྡུར་བ་ཡིན་ན་གཡོན་ཕྱོགས་པའི་རྩོམ་པ་པོས་བཞག་པའི་བརྩམས་འབྲས་ཀྱི་ཆུ་ཚད་མཐོ་ལ་རིན་ཐང་ཆེ་བ་དང་།ཤུགས་རྐྱེན་ཟབ་པ་བཅས་ཡོད་པ་ནི་བདེན་པར་གྲུབ་པ་ཞིག་རེད།ཇི་ལྟར་ནའང་།སྐབས་དེའི་འཇར་མན་གྱི་མངོན་མཚོན་རིང་ལུགས་པའི་རྩོམ་རིག་ལས་འགུལ་ནང་ཞུགས་མཁན་གྱི་རྩོམ་པ་པོ་མང་པོ་ཡོད་ལ་སྟོབས་ཤུགས་ཆེ་ཞིང་རེ་ཁ་མཐོ་བ་ཞིག་ཀྱང་བྱུང་ཡོད་ནའང་།སྒྱུ་རྩལ་གྱི་ཆུ་ཚད་མཐོ་ཞིང་ལོ་རྒྱུས་དང་དུས་ཚོད་ཀྱི་ཚོད་བགམ་ཐེག་ཐུབ་པའི་བརྩམས་འབྲས་དེ་ཙམ་ཐོན་ཐུབ་མེད།དེ་ལྟར་ལོ་ངོ་བཅུ་ཙམ་རིང་ཚ་ཚ་འུར་འུར་དུ་ལས་འགུལ་སྤེལ་ཞིང་བརྩམས་འབྲས་ཀྱང་མི་ཉུང་བ་ཞིག་སྤེལ་བ་མ་ཟད།ལྷག་པར་ཟློས་གར་རྩོམ་རིག་ཐད་འབྲས་བུ་དེ་བས་གཟེངས་མཐོ་བ་བྱུང་བ་ཙམ་གྱི་མོད་ལ་འཇར་མན་གྱི་མངོན་མཚོན་རིང་ལུགས་པའི་རྩོམ་རིག་དེ་བསྟན་པ་མར་འགྲིབ་ཀྱི་ལམ་ལ་ཆས།

ཡིན་ནའང་།སྐབས་དེ་ཤེད་དུ་ཨོ་སི་ཁྲུ་སོགས་འཇར་མན་དང་འབྲེལ་ལམ་སྣ་རིགས་ལྡན་པའི་རྒྱལ་ཁབ་ཁག་ནས་མངོན་མཚོན་རིང་ལུགས་རྩོམ་རིག་བརྩམ་བྱ་དེ་ཚོའི་ནང་དོན་དང་སྒྱུ་རྩལ་གང་ཐད་ནས་ཆུ་ཚད་མཐོ་ཞིང་གཏིང་ཚུགས་ཟབ་པ་ཞིག་བྱུང་ཡོད་པར་བརྟེན།མངོན་མཚོན་རིང་ལུགས་ཀྱི་རྩོམ་རིག་ལ་བསྐྱར་དར་བྱུང་བ་ཙམ་མ་ཟད།དུས་ཕྱིས་དར་བའི་དེང་རབས་རིང་ལུགས་པའི་རྩོམ་རིག་གྲུབ་མཐའ་གཞན་དཔེར་ན། ལུང་འཆོལ་ཟློས་གར་(Theater of the Absurd  荒诞派戏剧 )དང་། རྩེད་མཚར་ནག་པོའི(Blakhumour  黑色幽默  )བརྩམས་སྒྲུང་སོགས་ལའང་ཤུགས་རྐྱེན་གང་ཆེར་བཞག་ཡོད་པས་སྐབས་འདིའི་འཐུས་ཚབ་སུ་གྱུར་པའི་རྩོམ་པ་པོ་རྣམས་ཀྱི་གནས་ཚུལ་དང་བརྩམས་འབྲས་སྐོར་ཅུང་ཞིབ་པ་ཙམ་སྨྲ་བའི་དགོས་པ་ཆེ་བར་མཐོང་སྟེ་རེ་རེ་བཞིན་རགས་པ་ཙམ་གླེང་པར་འདོད་དོ།

༣ .འཐུས་ཚབ་རང་བཞིན་ལྡན་པའི་རྩོ་མ་པོ་པོ་དང་ཁོང་ཚོའི་བརྩམས་འབྲས།

     དེ་ཡང་།གོང་དུ་ལེ་ཚན་གཉིས་པའི་ནང་རགས་ཙམ་ཞུས་ཟིན་པ་ལྟར་མ་གཞི་མངོན་མཚོན་རིང་ལུགས་པའི་རྩོམ་རིག་འདི་བཞིན་འཇར་མན་དུ་ཐོག་མར་དར་བ་ཡིན་ལ།གཞོན་དར་རྩོམ་པ་པོ་མང་པོ་ཞིག་གིས་རྒྱབ་སྐྱོར་རང་འདེགས་བྱས་པའི་སྙན་ངག་གིས་དར་འཕེལ་ཡང་ཆེན་པོ་བྱུང་ཡོད་མོད།སྐབས་དེའི་རིང་ཐོན་པའི་སྙན་ངག་དང་ཟློས་གར་ལ་བསམ་བློ་དང་སྒྱུ་རྩལ་གཉིས་ཐད་ནས་ཕུལ་དུ་བྱུང་ཞིང་ཕྱི་རབས་ལ་ཤུགས་རྐྱེན་ཆེན་པོ་གཏོང་ཐུབ་པ་ཤིན་ཏུ་དཀོན་པར་གྱུར་གཤིས།འདིར་ཡང་ཁོང་ཚོའི་སྐབས་ཀྱི་རྩོམ་མཁན་དང་བརྩམས་ཆོས་སྐོར་ངོ་སྤྲོད་ཆེད་དུ་བྱེད་དགོས་གལ་མེད་པ་ལཏ་བུར་སོང་།ཡིན་ནའང་། ལོ་རབས་ཉི་ཤུའི་གཡས་གཡོན་དུ་སླེབས་སྐབས། འཇར་མན་གྱི་མངོན་མཚོན་རིང་ལུགས་པའི་རྩོམ་རིག་ཉམས་དམས་སུ་འགྲོ་བའི་སྒང་དེར་ཨོ་སི་ཁྲུའི་རྩོམ་པོ་པོ་ཁ་ཧྥ་ཁེ་སོགས་སྐོར་ཞིག་གིས་མངོན་མཚོན་རིང་ལུགས་རྩོམ་རིག་གི་མཐོ་རླབས་གསར་པ་ཞིག་བསླངས་ཤིང་། ཁོང་ཚོས་སྤེལ་བའི་བརྩམས་འབྲས་ལ་བསམ་བློའི་ནང་དོན་དང་།སྒྱུ་རྩལ་མཚོན་ཐབས་གཉིས་ཐད་ནས་ཕུལ་དུ་བྱུང་བའི་ཡོན་ཏན་དང་ལྡན་ཕྱིར།མངོན་མཚོན་རིང་ལུགས་ཀྱི་རྩོམ་རིག་ཁོ་རང་ཡང་རྩེར་བསྐྱལ་བ་ཙམ་མ་ཟད། ཕྱིས་སུ་དར་བའི་དེང་རབས་རིང་ལུགས་ཀྱི་རྩོམ་རིག་གྲུབ་མཐའ་མང་པོ་ཞིག་ལའང་ཤུགས་རྐྱེན་དང་བག་ཆགས་གཏིང་ཟབ་འཇོག་ཐུབ་པ་བྱུང་ཡོད་པས་འདིར་ཁོང་ཚོའི་སྐོར་ཅུང་ཟད་ཞུས་ན།

       ཁ་ཧྥ་ཁེ(Franz Kafa; 卡夫卡1883-1924 )ནི་དེང་གི་ནུབ་གླིང་རྩོམ་རིག་ཁྱོན་ལ་ཤུགས་རྐྱེན་ཟབ་པའི་རྩོམ་པ་པོ་གྲགས་ཆེན་ཞིག་ཡིན་ཞིང་། ཉེ་བའི་ལོ་ངོ་ལྔ་བཅུ་ཙམ་རིང་མི་ཚོས་ཕྱོགས་དང་ཟུར་སྣེ་འདྲ་མིན་སྣ་ཚོགས་ནས་ཁོང་གི་རྩོམ་རིག་བརྩམ་བྱར་ཞིབ་འཇུག་བྱས་ཏེ་རྩོམ་རིག་གི་གླིང་དུ“ཁ་ཧྥུ་ཁེ་རིག་པ”ཟེར་བའི་རིག་ཚན་གསར་པ་ཞིག་ཀྱང་གྲུབ་ཡོད་པ་རེད།ཁ་ཧྥུ་ཁེའི་རྩོམ་རིག་བརྩམ་བྱར་ལྟ་ཚུལ་འགྲེལ་སྟངས་མང་པོ་ཞིག་བྱུང་ཡོད་མོད།འོན་ཀྱང་ཁོང་ནི་རྩོམ་རིག་ལོ་རྒྱུས་ཐོག་ཤུགས་རྐྱེན་ཟབ་པའི་རྩོམ་པ་པོ་གྲགས་ཅན་གལ་ཆེ་ཞིག་ཡིན་པ་ནི་མ་གྲོས་གཅིག་མཐུན་གྱི་ངོས་འཛིན་ཉིད་དུ་འཁུམས་ཤིང་།“ང་ཚོའི་དུས་རབས་སུ་བྱུང་བའི་རྩོམ་པ་པོ་གང་ཞིག་དང་དུས་རབས་འདི་ཀོའི་བར་གྱི་འབྲེལ་བ་དེ་ཏན་ཐི (Alighieri Dante; 但丁, 1265-1321)དང་། ཤིག་སི་ཕེར་(William Shakespear  , 莎士比亚 1564-1616)ཀེ་ཐེ་(Johan Wolfgang Von Goethe  歌德 , 1749-1832)བཅས་དང་ཁོང་ཚོའི་དུས་རབས་བར་གྱི་འབྲེལ་བ་དང་འདྲ་བ་ཞིག་སྟོན་སྙམ་ན་མི་རྣམས་ཀྱི་དྲན་རིས་སུ་ཐོག་དང་པོར་ཤར་བ་ནི་ཁ་ཧྥུ་ཁེ་ཡིན་པར་ཐེ་ཚོམ་མེད ”ཅེས་པའི་གཏན་ཚིག་འདི་ཁོ་ནས་རྙོག་གཏམ་མང་པོ་སྤེལ་བའི་དགོས་པ་མེད་པར་བྱས་སོ།    

  སྤྱི་ལོ་1883ལོར་ཁ་ཧྥུ་ཁེ་པུ་ར་ཀུའི (Prague 布拉格)འཇུ་རིགས་(Jew 有太 )ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས་ཤིང་། ཁོང་གི་ཡབ་ནི་རང་གི་ལག་གཉིས་ལ་བརྟེན་ནས་མ་རྩ་ཚུགས་པའི་ཚོང་པ་ཞིག་ཡིན་པས་སྡུག་ཐེག་སྙིང་རུས་ཚ་པའི་གཤིས་ཀ་རང་ཤུགས་སུ་གྲུབ་ཡོད་པ་དེར་ཁ་ཧྥུ་ཁེས་དད་བརྩེ་ཤུགས་ཆེན་བྱེད་ཀྱི་ཡོད།ཡིན་ནའང་།ཁོང་གི་ཡབ་ལ་ད་དུང་དབང་ཤེད་དྲག་རྩུབ་ཆེ་བའི་སྐྱོན་ཤིག་ཀྱང་ཡོད་པ་དེས་ལོ་ན་ཆུང་བའི་ཁ་ཧྥུ་ཁེར་བག་ཆགས་ཟབ་པོ་བཞག་ཡོད་ལ།ཁོང་གི་ཡུམ་ཡང་སེམས་སྦུབ་དོག་པས།ཁ་ཧྥུ་ཁེའི་གཤིས་ཀ་དེ་ཡིད་མུག་སྐྱོ་སྣང་ཅན་པ་ཞིག་ཏུ་གྲུབ་རྒྱུར་ཤུགས་རྐྱེན་གང་ཆེ་བཏང་ཡོད་པ་ནི་གདོན་མི་ཟ་བའི་གནད་ཉིན་དུ་ཟད།ཁ་ཧྥེ་ནི་ཆུང་དུས་ཉིད་ནས་རྩོམ་རིག་ལ་དད་ཞེན་ཆེ་བ་ཞིག་ཡིན་ཞིང་།ཕྱིས་སུ་པུ་ར་ཀུའི་སློབ་གྲྭ་ཆེན་མོར་འཇར་མན་གྱི་རྩོམ་རིག་སྦྱོང་བར་ཕེབས་ཡོད་མོད།ཡབ་ཀྱི་བཀའ་བཙན་ནན་པོ་ཕོག་སྟེ་ཁྲིམས་ལུགས་སྦྱོང་བར་བསྒྱུར་བ་མ་ཟད་ཁྲིམས་ཀྱི་རབས་འབྱམས་པའི་མཚན་གནས་ཀྱང་ཐོབ་མྱོང་བ་རེད། ཡིན་ནའང་། འཇུ་རིགས་ལ་མཐོང་ཆུང་བྱེད་པ་དང་། ཆབ་སྲིད་ཀྱི་སྨག་ནག་པ།འཁྲུག་ལོང་གི་ཡོ་ལང་ཆེ་བའི་སྤྱི་ཚོགས་ཁོར་ཡུག་ནང་མི་ཚེ་གང་པོ་ཕོ་ཧྲེང་དུ་འཚོ་བ་ཡིན་པས་ཁོང་གི་ཡིད་ལ་སྡུག་བསྔལ་གྱི་ཟུག་རྔུ་དང་།ཁེར་བུའི་སྣང་བ་ཞིག་ཟམ་མ་ཆད་པར་སྐྱེ་ཡི་ཡོད།སྡུག་བསྔལ་དང་ཁེར་བུའི་སྣང་བ་དེ་ཁ་ལ་ཧྥེ་ཁེས་མི་ཚེ་གང་པོའི་རིང་མང་ཤོས་སུ་མྱངས་པ་ཡིན་ལ།ཁོང་གི་གསར་རྩོམ་གྱི་འབྱུང་གཞིའང་སྡུག་བསྔལ་དང་ཁེར་བུའི་སྣང་བ་དེ་རང་རེད།མདོར་ན།ཁོང་ནི་སྡུག་བསྔལ་གྱི་ཁྲོད་དུ་འཚར་ལོངས་བྱུང་ཞིང་སྡུག་བསྔལ་གྱི་ཁྲོད་དུ་ལྔ་ལམ་ལ་ཆས་པ་ཞིག་རེད་ལ།སྡུག་བསྔལ་གྱིས་སྐུལ་ནས་གསར་རྩོམ་ལ་ཞུགས་པ་དང་།གསར་རྩོམ་གྱི་ཁྲོད་ནས་དབུགས་དབྱུང་ཐོབ་པ་ཞིག་ཡིན་པས།ཁོང་གིས་ཧྥ་རན་སིའི་རྩོམ་པ་པོ་ཆེན་པོ་བྷེ་རོ་ཙ་ཁེ(Honore de Balzacn 巴尔扎克  ,1799-1850)ཡི་འཁར་རྒྱུག་ཐོག་བཀོད་པའི་རྩ་ཚིག་སྟེ།“ངས་འགོག་རྐྱེན་ཡོད་ཚད་རྩ་བརླག་གཏོང་ཐུབ”ཅེས་པ་དེ“འགོག་རྐྱེན་ཡོད་ཚད་ཀྱིས་ང་རྩ་བརླག་གཏོང་ཐུབ”ཅེས་པར་བཅོས་ཏེ་
རང་ཉིད་ཀྱི་འཁར་རྒྱུག་ཐོག་བཀོད་པ་མ་ཟད།སྡུག་བསྔལ་ཡིད་ཆད་ཀྱི་སྣང་བ་འདི་ཀུན་རང་ཉིད་ཀྱི་གསར་རྩོམ་བྱ་བའི
ཁྲོད་ནས་མངོན་པར་མཚོན་པར་མཚོན་པར་བྱས་ཡོད།ཁ་ཧྥུ་ཁེས་བརྩམས་ཆོས་མང་པོ་ཞིག་བྲིས་ཡོད་མོད།གསར་རྩོམ་བྱ་རྒྱུ་དེ་ཁོང་གིས་རང་གི་བློས་ཐུབ་གྲོགས་པོ་དང་ཡིད་དུང་བརྩེ་སེམས་ཀྱི་བཅོལ་ས་ཙམ་ཞིག་ཏུ་བརྩི་ཡི་ཡོད་པས་རྩོམ་པ་པོ་ཁོང་ཉིད་སྐུ་འཚོ་བཞུགས་སྐབས་དཔར་སྐྲུན་བྱས་པ་ཉུང་ཉུང་ཡིན་པ་མ་ཟད།ཐ་ན་སྐུ་འདས་ཁར་ཡང་རང་ཉིད་གསར་རྩོམ་གྱི་ལས་ལ་སྐུལ་མཁན་གྱི་སློབ་གྲོགས་བཟང་པོ་བྷོ་རོད(Max Brod )ལ་མ་ཟིན་རྣམས་རྩིས་སྤྲད་དེ་མེར་བསྲེགས་གཏོང་དགོས་པའི་རེ་བ་གནང་ཡོད་པ་རེད། ཡིན་ནའང་།བྷོ་རོད་ཀྱིས་ཁོང་སྐུ་འདས་རྗེས་མ་ཟིན་རྣམས་མེར་བསྲེགས་མ་བཏང་བར་དག་སྒྲིག་བྱས་ཏེ་དཔེ་སྐྲུན་གནང་བ་ཡིན་པས་ད་གཟོད་ང་ཚོར་བསམ་པའི་རྒྱགས་ཕྱེ་དང་།སྒྱུ་རྩལ་གྱི་ལོངས་སྤྱོད་འདི་འདྲ་ཞིག་ཐོབ་ཐུབ་པ་བྱུང་པ་རེད།ཁ་ཧྥུ་ཁེའི་བརྩམས་འབྲས་གཙོ་བོ་བརྩམས་སྒྲུང་ཡིན་ཞིང་།དེ་ལས<<ཨ་མེ་རི་ཁ>>དང<<འདྲི་གཅོད>><<མཁར་རྫོང་>>བཅས་སྒྲུང་རིང་གསུམ་ཡོད་པ་མཉམ་དུ་བྱས་ཏེ་ཁེར་བུ་སུམ་སྦྲེལ་མ་ཞེས་ཕྱི་མི་འགའི་ངག་སྒྲོས་སུ་གྲགས་ཤིང་། བརྩམས་སྒྲུང་འདི་གསུམ་གྱིས་རིམ་པ་གོམ་བགྲོད་ཀྱིས་ཁྱད་དུ་མཚར་བའི “ཁ་ཧྥུ་ཁེའི་རྣམ་པ”དེ་གྲུབ་པར་བྱས་ཡོད་པ་རེད།བརྩམས་སྒྲུང་འདི་གསུམ་པོའི་ནང་གི་མི་སྣ་གཙོ་བོ་གསུམ་ཀ་ཡ་མཚར་ལུང་འཚོལ་གྱི་སྤྱི་ཚོགས་ཁོར་ཡུག་ནང་འཚོ་ཞིང་།དཀར་སྤྱད་འབད་འཐབ་ཀྱིས་མི་ཚེའི་འདུན་ལམ་ལ་སྙེགས་ཀྱི་ཡོད་མོད།གང་ཆས་པའམ་ཕམ་པ་འཁྱེར་དགོས་པ་ཤ་སྟག་ཡིན་པས་ནུབ་གླིང་རྩོམ་རིག་ཁྲོད་དུ“གཉོམ་ཉུང་མི་སྣ”འབྲི་བའི་སྲོལ་ཡངས་པོར་ཕྱེ་བ་མ་ཟད།རྩོམ་པ་པོ་རང་ཉིད་ལའང“ཉམ་ཆུང་འབྲི་བའི་མཁས་པ་རྩེད་བུད”ཅེས་པའི་མིང་ཐོབ་ཡོད་པ་རེད།ཇི་ལྟར་ནའང་།རྩོམ་པ་པོའི་དགོངས་གཞིར་བསམ་ན།བདེན་དོན་ནི་གཞི་གྲུབ་ནས་ཡོད་ངེས་པ་ཞིག་ཡིན་ཞིང་།བདེན་དོན་ལ་སྙེགས་པའི་རེ་ཁའང་ཤུགས་ཆེར་མོད་མོད།གང་ལྟར་ཕྱི་རོལ་རྒྱུ་རྐྱེན་འདྲ་མིན་གྱི་དབང་གིས་མི་རྣམས་ཅི་བྱ་གཏོལ་བྲལ་གྱི་གནས་སུ་ལྷུང་སྟེ་བདེན་དོན་ལ་སྙེགས་མི་ཐུབ་ཅིང་།རང་ཉིད་ཀྱི་ལས་དབང་ལ་ཁ་ལོ་བྱེད་ཐུབ་པ་ཞིག་ཡོང་ཐབས་མེད་པར་སྙམ་པ་རེད།དགོངས་གཞི་འདི་སྐྱོ་ཤས་ཅན་པ་ཞིག་ཡིན་མོད།གལ་ཏེ་ང་ཚོས་སྐབས་དེའི་ཨོ-ཧང་བཙན་རྒྱལ་(Austrf-Hungary  奥匈帝国)གྱི་འགལ་བ་སྣ་ཚོགས་དང་།འཛམ་གླིང་དམག་ཆེན་དང་པོའི་ཡོ་ལངས།འགལ་བ་དང་ཡོ་ལངས་དེ་འདྲའི་ཁྲོད་འཚོ་བར་ཞུགས་པའི་སྐྱེ་འགྲོ་ཀུན་དང་ཡང་སྒོས་རྩོམ་པ་པོ་ཁ་ཧྥུ་ཁེ་ཁོང་ཉིད་ཀྱི་གནས་བབ་ལ་སྦྱར་ཏེ་བསམ་གཞིགས་བྱས་ན་གོ་བ་གཏིང་ཚུགས་ཤིག་ཐོབ་ཐུབ་པ་དང་།ཁོང་གི་བསམ་ཚུལ་དགོངས་གཞིར་ཡང་ངེས་ཤེས་གསལ་པོ་འདྲོང་ཐུབ་སྙམ།

      གོང་དུ་ཞུས་པའི་སྒྲུང་རིང་གསུམ་ཕུད།ད་དུང<<ཁྲུན་ཐག་བཅད་པ>>དང་<<གཟུགས་འགྱུར>><<ས་བུག>>སོགས་སྒྲུང་ཐུང་རང་གཤིས་ཅན་པ་མང་པོ་ཞིག་བརྩམས་ཡོད་ཅིང་།མངོན་མཚོན་རིང་ལུགས་པའི་རྩོམ་རིག་ཏུ་བྱས་ན་<<གཟུགས་འགྱུར>>ཞེས་པའི་སྒྲུང་ཐུང་དེ་ཁྱད་ཆོས་མངོན་གསལ་དོད་པར་སྣང་བས། ཕྱི་རབས་ཀུན་གྱིས་སྒྲུང་ཐུང་དེ་ཁོང་གི་ཚབ་མཚོན་རང་བཞིན་ལྡན་པའི་བརྩམས་ཆོས་སུ་བགྲང་གི་ཡོད།        <<གཟུགས་འགྱུར>>གྱི་ནང་དོན་གཙོ་བོ་འདི་ལྟ་སྟེ།ཉིན་ཞིག་གི་ཞོགས་པ།ཀོར་ཀུ་ལི་གཉིད་ལས་སད་དུས་རང་ཉིད་འབུ་ཆེན་པོ་ཞིག་ལ་གྱུར་ཡོད་པ་ཤེས་ཅིང་།ལུས་པོ་ཡོངས་ལ་རྐང་ལག་མང་པོ་སྐྱེས་ཏེ་ཡར་དགྱེ་ཐུབ་ཀྱི་མེད།ཡིན་ནའང་།མགྱོགས་ནས་མྱུར་དུ་ལངས་ཏེ་ལས་ཀར་མ་ཕྱིན་ན་ལས་གནས་ནས་ཕྱིར་འབུད་བྱ་ཉེན་ཡོད་པ་རེད།སྐབས་དེར་ཁོའི་ཕ་མ་དང་གཅུང་མོས་ལན་མང་བོས་པར་ཁོས་སྐད་གསང་མཐོ་པོས་ཨ་ལན་འདེབས་སྐབས་ཁོའི་སྐད་དེ་མིའི་སྐད་ལས་ཐ་དད་པའི་ཕྱིར་ཁོ་ཚོ་ཚང་མ་སྐྱོ་ཤས་དང་ཞེད་སྣང་གི་དབྱིངས་ལ་ཚུད།དེའི་ཚེ་ཀུང་སིའི་དྲུང་ཡིག་ཡོང་སྟེ་ཀོར་ཀུ་ལི་ལས་ཀར་དུས་ཐོག་མ་སླེབས་པར་བརྟེན་ཀུང་སིའི་སྦྱིན་བདག་གིས་ཁོས་དངུལ་ལྐོག་ཟ་བྱས་པར་བརྙས་འདོགས་བྱས་ཏེ་འཇིགས་སྐུལ་བྱས་པ་དང་།ཀོར་ཀུ་ལི་ངེས་པར་དུ་ཁང་པ།སྦུག་ནས་ཕྱིར་ཐོན་ཏེ་འགྲེལ་བཤད་ཁ་གསལ་རྒྱག་དགོས་ཚུལ་བཤད་པས།ཀོར་ཀུ་ལིས་ནུས་ཤུགས་ཡོད་ཚད་བཏོན་ཏེ་ས་ཐོག་ཏུ་བབ་ནས་སྒོ་ཕྱེ་སྐབས་ཁོ་ཚོ་ཚང་མ་ཞེད་སྣང་གིས་ཧོན་འཐོར་བར་གྱུར།ཀོར་ཀུ་ལི་གཟུགས་འགྱུར་བྱུང་རྗེས་ཀྱི་ཐོག་མའི་དུས་གཅུང་མོས་ཁོ་ལ་བརྩེ་གདུང་ཆེན་པོས་ཟས་སྐྱེལ་བ་དང་།ཁང་པར་གཙང་སྦྲ་བྱེད་པ་སོགས་ཀྱི་ཡོད་རུང་།ཁོ་ནི་མི་གཤིས་ཤོར་ཏེ་འབུ་གཤིས་སུ་གྲུབ་ཟིན་པའི་ཕྱིར་མིའི་ཁ་ཟས་ལ་དྭངས་ཁ་མེད་པར་ཉིན་ལྟར་རྐུབ་གདན་གྱི་འོག་གམ་ཡང་ན་ཐོག་ལ་སྦྱར་ནས་ཟས་རུལ་ཤ་སྟག་ཟོས་ནས་སྡོད་ཀྱི་ཡོད། ཡིན་ནའང་། ཁོ་ལ་ད་དུང་མིའི་ཚོར་ཤེས་དང་།བསམ་གཞིགས་བྱེད་ནུས་ལྡན་པས་རང་ཉིད་གཟུགས་འགྱུར་བྱུང་བའི་རྐྱེན་གྱིས་ཁྱིམ་ཚང་ལ་བཟོས་པའི་དཀའ་ཁག་ལ་མྱོང་ཞིབ་བྱེད་པ་ཐུབ་ཀྱི་ཡོད་པར་བརྟེན་ཁོ་ནི་ལུས་སེམས་གཉིས་ཐད་ནས་སྡུག་བསྔལ་གྱི་ཁུར་པོ་ཆེན་པོས་ནོན་པར་གྱུར།ཀོར་ཀུ་ལི་གཟུགས་འགྱུར་བྱུང་རྗེས་ཁྱིམ་གྱི་འཚོ་བ་བའི་གནས་བབ་ལ་ཤུགས་རྐྱེན་ཕོག་ཏེ་ཇེ་སྡུག་ནས་ཇེ་སྡུག་ཏུ་སོང་ཞིང་།ཐབས་ཤེས་ཅི་འདྲ་སྤྱད་ཀྱང་བཟང་འགྱུར་ཞིག་ཡོང་རེ་བྲལ་བར་བརྟེན།མཐར་གཅུང་མོས་ཀྱང་ཁོ་ལ་གདུང་སེམས་མི་བྱེད་པར་མ་ཟད།ཁོའི་འདུག་ཁང་ནང་ཅ་ལག་ཛ་ཛོར་ཡོད་ཚད་སྤུངས་ནས་འཇོག་གི་ཡོད།ཉིན་ཞིག་ཁང་པ་གླ་མཁན་གྱིས་འབུ་ཡ་མ་ཟུང་དེ་སྒོ་ཕྱིར་ཐོན་འོངས་པ་མཐོང་སྟེ་ཁང་པ་གླ་མ་ཕོད་པར་ཕྱིར་སློག་པར་བརྟེན་གཅུང་མོས་པ་ཕར་བལྟས་ཏེ“ངེས་པར་དུ་ཁོ་མར་འབུད་དགོད”ཞེས་བཤད།དོན་དངོས་ཐོག་ཀོར་ཀུ་ལིས་སྐབས་དེར་རང་ཉིད་རྩ་བརླག་གཏོང་རྒྱུའི་འདོད་པ་དེ་གཅུང་མོ་ལས་ཀྱང་ཤུགས་དྲག་ཆེ་བ་ཡོད་པས་ཁོས་ཉིན་གང་པོར་ཁ་ཟས་ཀྱི་གཡའ་དང་བྲལ་བར་བྱས་ཏེ་མངོན་མེད་ཚོར་མེད་དུ་ལྔ་ལམ་ལ་ཞུད།ཕྱིས་ཁྱིམ་གྱི་གད་པས་ཁོ་ཤི་བའི་རོ་སྐམ་དེ་མཐོང་བས་ཁྱིམ་མི་ཡོངས་རྫོགས་དགའ་ཚོར་གྱིས་ལུས་པོ་ཡང་དྲོ་སོབ་སོབ་ཏུ་གྱུར་ཏེ་ཁང་ཁྱིམ་དེ་ལས་བྲལ་ནས་གནས་གཞན་དུ་འཚོ་བ་གསར་པར་རོལ་བར་ཆས་སོ།།<<གཟུགས་འགྱུར>>ལ་གདེང་འཇོག་མཐོ་པོ་དེ་འདྲ་ཐོབ་པ་དང་དེང་རབས་རྩོམ་རིག་ལོ་རྒྱུས་ཁྲོད་གསན་བབ་དེ་འདྲ་ཞིག་བཟུང་ཐུབ་པའི་རྒྱུ་མཚན་གཙོ་བོ་ནི་བརྩམ་བྱ་དེའི་ནང་ཐེངས་དང་པོར་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་ནང་རྒྱ་ཁྱབ་ཏུ་གནས་པའི“གཞན་འགྱུར”གྱི་སྣང་ཚུལ་དེ་གཏིང་ཟབ་པོར་མཚོན་ཡོད་པས་རེད། མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་ནང་དངུལ་དང་འཕྲུལ་འཁོར་སོགས “དངོས་པོ”དེ་ཚོས “མི”ལ་བཀོད་པ་བྱེད་ཅིང་།“མི”དངོས་པོའི་བྲན་གཡོག་ཏུ་གྱུར་བའི་དངོས་ཡོད་གནས་ཚུལ་དེ་གཡོལ་ཐབས་བྲལ་བ་ཞིག་ཏུ་གྲུབ་པ་ཡོད་ཅིང་།<<གཟུགས་འགྱུར་>>གྱིས་སྣང་ཚུལ་དེ་རིགས་དཔེ་མཚོན་ཅན་པའི་སྒོ་ནས་མཚོན་པར་བྱས་ཡོད་པ་མ་ཟད།མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་ནང་གི་མི་དང་མིའི་བར་གྱི་འབྲེལ་བ་གདུག་རྩུབ་ཅན་པ་དེ་ཡང་ཐེར་འདོན་བྱས་ཡོད་པ་རེད།

         དེ་ལྟར“ཁ་ཧྥེ་ཁེའི་རྣམ་པ”བྱ་བའང་གོང་དུ་བསྟན་པའི་བསམ་བློའམ་ནང་དོན་དེ་འདྲར་ཟེར་ན་རེད་ལ།དེ་བས་བསམ་བློ་དང་ནང་དོན་དེ་འདྲ་ཞིག་མཚོན་ཐབས་སུ་སྤྱད་པའི་སྒྱུ་རྩལ་ཐབས་འཕྲུལ་ཏེ་“དངོས་ཡོད”དང་“འཁྲུལ་སྣང་”མཉམ་དུ་བསྲེས་ཤིང་།ཡིད་ཆེས་དཀའ་ལ་གསལ་བཤད་བྱེད་དུ་མེད་པའི་དོན་རྐྱེན་དེ་ཡ་མཚན་རྒྱུ་མེད་པའི་རྒྱུན་གཏན་གྱི་འཚོ་བའི་ཁོར་ཡུག་ནང་བཅུག་ནས་བཤད་དེ། དཔོག་དཀའ་བ་རྨི་ལམ་གྱི་ཞིང་ཁམས་དང་འདྲ་བ་གསལ་ཁ་ཡོད་མདོག་ལ་དོན་དུ་རབ་རིབ་དུ་འཁུམས་པ་ཞིག་ཡོད་པ་དེར་བྱ་བ་ཡིན་པས།རྣམ་པ་དེར་ངེས་ཤེས་འདྲོངས་དགོས་ན་བརྩམ་བྱ་ངོ་མ་དཔེར་ན<<མཁར་རྫོང་>>དང་<<གཟུགསའགྱུར་>>ལྟ་བུ་བཀླག་རྒྱུ་གལ་ཆེ་བ་ཡིན་པར་སྙམ།

   ཆ་ཕེག་(KavelCapekm, 恰佩克     ,1890-1938)ཅེ་ཁེ་སི་ལོ་ཝ་ཁེའི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན།ཁོང་གིས་སློབ་གྲྭ་ཆེན་མོའི་ནང་ཚན་རིག་རིག་པ་བསླབས་ཤིང་།སློབ་མཐར་ཕྱིན་རྗེས་ཐོག་མར་གསར་འགོད་པའི་ལས་ཀ་བྱས་པ་དང་།ཕྱིས་རྩོམ་རིག་གསར་རྩོམ་གྱི་བྱ་བར་ཞུགས།ཁོང་ནི་ཙན་རིག་སྣང་འཁྲུལ་རྩོམ་རིག་རྩོམ་མཁན་ཞིག་རེད་ལ།མངོན་མཚོན་རིང་ལུགས་ཀྱི་རྩོམ་རིག་སྟངས་སྤྱད་དེ་ཚན་རིག་སྣང་འཁྲུལ་སྒྲུང་གཏམ་རྩོམ་མཁན་གྱི་རྩོམ་པ་པོ་གཅིག་པུ་ཉིད་ཀྱང་ཡིན་ངེས།ཁོང་གི་བརྩམས་འབྲས་གཙོ་བོ་<<ཅི་ཡང་ཤེས་པའི་འཕྲུལ་ཆས་ཀྱི་མི>>དང<<སྒེར་འཛིན་བཟོ་གྲྭ>><<རྡུལ་ཕྲན་གྱི་བསམ་ཡན>>སོགས་ཟློས་གར་འཁྲབ་གཞུང་མང་པོ་ཡོད་པ་དེ་དག་ལས་<<ཅི་ཡང་ཤེས་པའི་འཕྲུལ་ཆས་ཀྱི་མི>>ཞེས་པ་དེ་ཁོང་གི་མངོན་མཚོན་རིང་ལུགས་རྩོམ་རིག་གི་འཐུས་ཚབ་ཏུ་བྱེད་ཀྱི་ཡོད་པ་རེད།ཚན་རིག་སྣང་འཁྲུལ་ཟློས་གར་གྱི་བརྩམ་བྱ་འདིའི་ནང་།རྩོམ་པ་པོས་ཁྱད་མཚར་བའི་བསམ་བཀོད་པལ་བརྟེན་ནས་གནས་ཚུལ་འདི་འདྲ་ཞིག་བསྟན་ཡོད་དེ།འདོམས་འོག་ཚུད་པ་མ་ཟད།མཐར་མི་རང་ཉིད་ཀྱང་བརྩེ་དུང་དང་སྐྱེ་འཕེལ་ནུས་པ་ཤོར་ཏེ་རིམ་པས་འཕྲུལ་ཆས་སུ་གྱུར་པ་རེད།བསྟན་གཞི་འདིས་གཅིག་ནས་མ་རྩ་རིང་ལུགས་ཀྱི་ལམ་ལུགས་འོག་ཚན་རིག་ལག་རྩལ་གྱི་ཡར་རྒྱས་དེ་འགྲོ་བ་མིའི་རིགས་ལ་བདེ་སྐྱིད་སྐྲུན་བྱེད་ཅིག་མིན་པ་མ་ཟད།དེ་ལས་ལྡོག་སྟེ་དེས་མིའི་རིགས་ལ་མུ་གེ་བཟོ་ཡི་ཡོད་པར་བསྟན་པ་དང་།དེ་ལས་ལྡོག་སྟེ་དེས་མིའི་ཡོན་ཚད་མེད་རྒྱས་པ་དེས་མི་ཉིད་དངོས་པོའི་བྲན་ཁོལ་དུ་འགྱུར་གྱི་ཡོད་པ་དེ་སྟོན་པ་རེད།བརྗོད་སྙིང་འདི་ནི་ཁ་ཧྥེ་ཁེའི་བརྩམ་བྱ་དང་ཆ་འདྲ་བ་ཞིག་རེད་ལ།དཔེ་གཞིར་འོས་པའི་དོན་སྣེ་ཆུང་ཙག་ལ་བརྟེན་ནས་རྒྱ་ཁྱབ་ཏུ་གནས་པའི་སྤྱི་ཚོགས་སྣང་ཚུལ་གསལ་སྟོན་བྱས་པ་ཞིག་ཀྱང་ཡིན་པས།དེས་“གཞན་འགྱུར”ནི་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་སུ་རྒྱ་ཁྱབ་ཏུ་གནས་པའི་སྣང་ཚུལ་ཞིག་ཡིན་པ་དང་།འཛམ་གླིང་ཁྱིན་ན་བརྩེ་དུང་གིས་སྟོང་བའི“འཕྲུལ་ཆས་ཀྱི་མིས”ཁེངས་ནས་ཡོད་པ་སོགས་སྟོན་པ་ཡིན་ཕྱིར།ནུབ་གླིང་རྩོམ་རིག་གི་གླིང་ལ་བག་ཆགས་ཟབ་པོ་འཇོག་ཐུབ་པ་བྱུང་ཡོད།ཨེ་ནེལ (Eugene O’Neill, 奥尼尔,1888-1953)ཨ་མེ་རི་ཁའི་དེང་རབས་ཟློག་གར་རྩོམ་མཁན་སྐད་གྲགས་ཅན་ཆེ་ཤོས་དེ་རེལ། ཐེངས་དང་པོར་འཛམ་གླིང་ཁྱོན་ལ་སྐད་གྲགས་ཆོད་མཁན་གྱི་ཨ་རིའི་ཟློས་གར་རྩོམ་པ་པོའང་ཁོང་ཉིད་རེད།སྤྱི་ལོ་1936ལོར་ཁོང་ནི་ནོ་པེལ་རྩོམ་རིག་བྱ་དགའ(Nobel Prize)ཐོབ།ཨོ་ནེལ་འཁྲབ་སྟོན་པ་ཞིག་གི་ཁྱིམ་དུ་འཁྲུངས་ཤིང་།ཆུང་དུས་ནས་ཡབ་དང་ལྷན་དུ་ཨ་རིའི་གྲོང་ཁྱེར་ཆེ་ཁགརྣམས་ལ་ཕེབས་མྱོང་བ་མ་ཟད། གཞོན་ནུའི་སྐབས་སུ་ལས་རིགས་འདྲ་མིན་སྣ་ཚོགས་སྒྲུབ་ཅིང་ས་ཕྱོགས་(རྒྱལ་ཁབ)གང་སར་ཕེབས་མྱོང་བས་འཚོ་བའི་མྱོང་བའམ་རྨང་གཞི་བརྟན་པོ་ཞིག་ཡོད་པ་དེས་ཁོང་གི་གསར་རྩོམ་ལ་མཐུན་རྐྱེན་གང་ལེགས་སྐྲུན་ཡོད་པ་ནི་གདོན་མི་ཟ། ཁོང་གིས་སྐུ་ཚེ་ཧྲིལ་པོའི་ནང་ཟློག་གར་འཁྲབ་གཞུང་<<གནམ་གྱི་མཐའ>>དང་།  <<གོང་མ་ཅོལ་སི>><<སྤྲ>>སོགས་གྲགས་ཆེ་བ་མང་དག་ཅིག་བརྩམས་ཡོད་པ་ལས<<སྤྲ>>ཞེས་པ་དེ་ཁོང་གི་བརྩམས་འབྲས་ཀྱི་འཐུས་ཚབ་ཏུ་བྱེད་རུང་བའི་བརྩམ་བྱ་ལེགས་པོ་ཞིག་ཡིན་ལ། མངོན་མཚོན་རིང་ལུགས་ཀྱི་ཐབས་རྩལ་སྤྱད་དེ་བྲིས་པའི་འཁྲབ་གཞུང་ལེགས་ཤོས་ཤིག་ཀྱང་རེད། འཁྲབ་གཞུང་དེའི་མི་སྣ་ཚོགས་གཙོ་བོ་དབྱར་ཁེ་ནི་གྲུ་གཟིངས་ཆེན་པོ་ཞིག་གི་མེ་འབུད་མཁན་ཡིན་ཞིང་། ཁོའི་ལུས་དང་སྟོབས་ཀྱི་ཆེ་ཚད་ལ་གཞན་གྱིས་ཡི་རངས་དང་སྨོན་སེམས་བཅངས་ཀྱི་ཡོད་པ་མ་ཟད། ཁོང་རང་གིས་ཀྱང་ “ང་མེད་ན་ཚང་མ་ཚར་བ་རེད”སྙམ་བཞིན་སྤོབས་ཉམས་ཤིག་བསྟན་གྱི་ཡོད། ཡིན་ནའང་།འབྱོར་པ་ཆེ་བའི་གཞོན་ནུ་མ་ཉམས་ཤོར་ཞིག་གིས་་ཁོ་<<སྤྲ>>བརྩིས་པས། ཁོས་ཁོང་ཁྲོ་དང་བཅས་དགྲ་ལན་སློག་པར་རྩོམ་སྐབས་དགྲ་ལན་སློག་ཐུབ་རྒྱུ་ལྟ་ཅི།དེ་ལས་ལྡོག་སྟེ་རང་ཉིད་བཙོན་དུ་བཅུག་པ་རེད་། ཕྱིས་ཁོས་གང་སར་སྐྱབས་རེ་བཙལ་ནའང་རོགས་བྱེད་མཁན་གཅིག་ཀྱང་མ་རྙེད་མཐར་སྲོག་ཆགས་གླིང་དུ་སོང་སྟེ་སྤྲ་ཆེན་ལ་རེ་བ་བཅངས་ཤིང་། སྤྲ་ཆེན་གྱིས་ཁོ་ལ “འཐམ་འཁྱུད”བྱེད་བཞིན་ལྔ་ལམ་ལ་བརྫངས་པ་རེད། འཁྲབ་གཞུང་འདིས་སྟོན་པར་འདོད་པའི་དོན་གྱི་མདོ་རྩ་ནི་དེང་གི་སྤྱི་ཚོགས་སུ་མི་དང་ཁོར་ཡུག་དབར་མཐུན་སྦྱོར་ཞན་ཞིང་། མི་ལ་གནས་མལ་མེད་པར་གྱུར་པའི་གདན་དོན་དེ་ཡིན་མོད། བརྩམ་བྱ་ཧྲིལ་པོའི་ནང་བསྡུས་བརྗོད་མཚོན་བྱེད་མང་པོ་ཞིག་བཀོད་པ་དཔེར་ན “སྤྲ”སྟེ་འཁྲབ་གཞུང་དེའི་མི་སྣ་གཙོ་བོ་དབྱང་ཁེས་ངལ་རྩོལ་པའམ“མིའི་རིགས་ཀྱི་ལས་དབང་”མཚོན་པ་དང་། ངལ་རྩོལ་པས་སྟོབས་ཤུགས་དེའི་མདུན་དུ་ཅི་བྱགཏོལ་མེད་དུ་གྱུར་མཚོན་པ།དབྱང་ཁེས་སྤྲ་ཆེན་ལ་གྲོགས་འགྲིག་པ་དང་སྤྲ་ཆེན་གྱིས་ཁོ་ལྔ་ལམ་ལ་བརྫངས་པ་དེས་མདུན་བསྐྱོད་མི་ཐུབ་པའི་མིས་སྔར་གྱི་ལམ་ལ་བསྐྱར་ལོག་བྱེད་དགོས་བསམ་ཀྱང་བསྐྱར་ལོག་བྱེད་ས་མེད་པར་གྱུར་པ་དེ་མཚོན་པ་སོགས་མང་བས་ཟློས་གར་དེ་ཉིད་རྙོག་འཛིང་ཆེ་ལ་བསམ་གཞི་མང་བ་ཞིག་ཏུ་གྲུབ་སྟེ། འཛམ་གླིང་ཁྱོན་ལ་བག་ཆགས་འཇོག་ཐུབ་པའི་བརྩམ་བྱ་ཕུལ་དུ་བྱུང་བ་ཞིག་ཏུ་གྱུར་ཡོད།
 
༤.སྒྱུ་རྩལ་ཁྱད་ཆོས་དང་ཐབས་རྩལ།

           མངོན་མཚོན་རིང་ལུགས་པའི་དགོངས་པ་ལྟར་ན།སྒྱུ་རྩལ་ནི་སྒྱུ་རྩལ་གྱི་ཆེད་དུ་སྒྱུ་རྩལ་བྱེད་པ་ཞིག་མིན་ལ།སྐྱེ་འགྲོའི་ཚོགས་ལ་མཛེས་མྱོང་གི་བདེ་བ་སྦྱིན་ཕྱིར་རྩོམ་པའང་མིན་པར།སྤྱི་ཚོགས་དང་འཚོ་བའི་འཕེལ་འགྲོས་ལ་ལེགས་བསྒྱུར་བྱེད་ཕྱིར་ཡིན་པར་བཞེད་པ་དང་།བདག་ཉིད་ནི་འཇིག་རྟེན་གྱི་ལྟེ་བ་དང་བདེན་ངེས་ཀྱི་འབྱུང་རྩ་ཡིན་པས་བྱ་དངོས་ཀྱི་ངོ་བོ་དེ་ཁོ་ན་ཉིད་དང་བདག་ཉིད་སེམས་ཁོང་ན་སིམ་པའི་རྣམ་ཤེས་ཀྱི་ཕུང་པོ་དེ་མཚོན་རྒྱུར་དོ་ནན་བྱེད་དགོས་པ་མ་ཟད།མཚོན་ཚུལ་ཐད་ཕྱི་རོལ་འཇིག་རྟེན་ལ་བསྐྱུར་འབྲི་མི་བྱེད་པར་མངོན་མཚོན་དང་གསར་སྒྲུབ་བྱེད་དགོས་པ་དང་།ནང་དོན་དང་རྣམ་པ་གཉིས་གཞི་གཅིག་ཏུ་སྦྲེལ་བ།སྒྱུ་རྩལ་རྣམ་གྲངས་སོ་སོའི་དབར་གྱི་ཁྱད་པར་ལ་འཛེམ་མེད་ཐོད་བརྒལ་བྱས་ཏེ་ཐབས་གོང་ཡོད་ཀྱིས་བསྟན་བྱའི་ནང་དོན་གང་ཡིན་པ་དེ་མངོན་པར་མཚོན་པར་བྱེད་དགོས་པར་བཞེད་ཀྱི་ཡོད་པས།མངོན་མཚོན་རིང་ལུགས་ཀྱི་རྩོམ་རིག་ལ་གཞན་ལས་ཐ་དད་པའི་ཁྱད་ཆོས་མངོན་གསལ་ཅན་འགའ་གྲུབ་ཡོད་པ་རེད།༡)ཕྱི་རོལ་ཡུལ་གྱི་བྱ་དངོས་ལ་བསྐྱར་འབྲི་མི་བྱེད་པར་གཙོ་བོ་བྱ་དངོས་དེའི་རྒྱབ་ལོགས་སམ་ཁོག་ན་འདུག་པའི་ངོ་བོ་དེ་ཁོ་ན་ཉིད་མངོན་པར་མཚོན་པར་བྱེད་ཀྱི་ཡོད།གོང་དུ་སོང་ཟིན་པ་ལྟར།མངོན་མཚོན་རིང་ལུགས་པས“བདག་ཉིད”འཇིག་རྟེན་གྱི་ལྟེ་བ་དང་བདེན་ངེས་ཀྱི་གཞི་རྩ་ཡིན་པར་བཞེད་ཀྱི་ཡོད་པས།ཕྱི་རོལ་ཡུལ་གྱི་བྱ་དངོས་ཡོད་ཚད་བདེན་ངེས་སམ་ངོ་བོ་དེ་ཁོ་ན་ཉིད་ཀྱི་ཕྱི་ལྤགས་སམ་རྣམ་པ་ཙམ་ཡིན་པ་དང་།གསར་རྩོམ་སྐབས་ངེས་པར་དུ་ཕྱི་ལྤགས་དེ་བཤུས་ནས་དེའི་ཁོག་ན་འདུག་པའི་ངོ་བོ་དེ་བཙལ་རྙེད་ཐུབ་པ་དང་མངོན་པར་མཚོན་པར་བྱེད་དགོས་པར་བཞེད་ཀྱི་ཡོད། དེ་ཡང་གསལ་པོར་བཤད་ན། མངོན་མཚོན་རིང་ལུགས་ཀྱི་དཔྱད་བརྗོད་པ་ཨེ་ཁི་རྨིད་(Kasimiv Edschmid埃德密德 ; 1890-1966)ཀྱིས་གསུངས་པ་ལྟར “ཕྱི་རོལ་ཡུལ་གྱི་བྱ་དངོས་རྣམ་གཞི་གྲུབ་ནས་ཡོད་ཟིན་ན།དེར་བསྐྱལ་འབྲི་ཙམ་བྱེད་པ་ནི་སྙིང་པོས་སྟོང་པ་ཞིག་རེད།”དེར་བརྟེན།ཕྱི་རོལ་འཇིག་རྟེན་གྱི་སྣང་གཟུགས་དེའི་ཁོག་གམ་ཕུགས་ན་གནས་པའི་ངོ་བོ་དེ་བཙལ་རྙེད་དང་མངོན་པར་མཚོན་པར་བྱ་རྒྱུ་དེ་རྩོམ་པ་པོའི་ལས་འགན་གཡོལ་དུ་མེད་པ་ཉིད་ཡིན་པར་བཞེད་ཀྱི་ཡོད་ལ། ཁོང་ཚོའི་བརྩམས་འབྲས་ལ་བལྟས་ནའང་དགོངས་གཞི་དེ་གསར་རྩོམ་གྱི་ལག་ལེན་ངོ་མའི་ནང་ཕྱག་བསྟར་གནང་ཡོད་པ་གསལ་པོར་མཐོང་ཐུབ་སྟེ།དཔེར་ན།<<གཟུགས་འགྱུར>>ནང་ཀོང་ཀུ་ལིའི་ལུས་ཐོག་ནས་མིའི་ཁེར་བུའི་རང་བཞིན་མཐོང་ཐུབ་པ་དང་།“<<སྤྲ>>”ཡི་བྱ་བྱེད་ལས་མི་ལ་གནས་མལ་མེད་པའི་རང་བཞིན་ནམ་གནས་སྐབས་དེ་མཐོང་ཐུབ་པ་ལྟ་བུ་རེད།

               དེ་ལྟར་མངོན་མཚོན་རིང་ལུགས་པས་མཐའ་གཅིག་ཏུ་བྱ་དངོས་ཀྱི་ངོ་བོ་དེ་ཁོ་ན་ཉིད་ལ་སྣང་འཇོག་དང་ཡིད་གཟབ་བྱེད་པ་ལས་ཕྱི་རོལ་ཡུལ་གྱི་བྱ་དངོས་དེ་རང་ཞིབ་འབྲི་བྱ་རྒྱུར་དགག་པ་རྒྱག་གི་ཡོད་རྐྱེན།ངོ་བོ་དེ་རིགས་བསྟོན་པའི་བྱ་ཐབས་ཀྱང་ཁྱད་མཚར་ཞིང་ལུང་འཆོལ་བ་ལྟ་བུ་ཞིག་བཀོལ་ཡོད་པ་ནི་བསྙོན་དུ་མེད་པའི་གནས་ཉིད་དུ་འཁུམས།དེ་ཡང་ཡིན་ཏེ།སྤྱིར་བཏང་གི་ལྟ་ཚུལ་བསམ་པར་བརྟེན་ནས་མཚོན་པའམ་སྟོན་པར་བྱེད་དགོས་ཀྱི་ཡོད་པས་སོ།ཡིན་ནའང་།མངོན་མཚོན་རིང་ལུགས་པ་ཚོའི་ངོས་ནས་བལྟས་ན།བྱ་དངོས་ཀྱི་ཕྱི་ཚུལ་ལམ་རྣམ་པ་ཞིབ་འབྲི་བྱེད་པ་ནི་མ་རྡོལ་གོས་ལ་སྣམ་བུའི་ལྷན་པ་ལྟ་བུ་སྙིང་པོས་དབེན་པ་ཞིག་ཏུ་མཐོང་གི་ཡོད་པས།སྙིང་པོ་དོན་གྱི་ངོ་བོ་དེ་སྟོན་པའི་ཁོ་ཚོས་ཕྱི་རོལ་བྱ་དངོས་ཀྱི་སྣང་ཚུལ་ལམ་ཕྱི་གཟུགས་ལ་རང་དགར་བཟོ་བཅོས་བྱས་ཏེ་ལུང་འཆོལ་བའམ་རྒྱུན་གཏན་གྱི་ངེས་སྲོལ་ལས་འདས་པའི་རྣམ་པར་བཀོད་འོང་གི་ཡོོད་པ་དཔེར་ན།<<གཟུགས་འགྱུར>>ནང་གི་ཀོར་ཀུ་ལི་འབུ་ཆེན་པོ་ཞིག་ཏུ་གྱུར་པ་དང་།<<ཅི་ཡང་ཤེས་པའི་འཕྲུལ་ཆས་ཀྱི་མི་>>ཡི་ནང་གི་འཕྲུལ་ཆས་དེ་སྨྲ་ཤེས་ཤིང་དོན་གོ་བའི་མིར་གྲུབ་པ་སོགས་ལྟ་བུ་རེད།

          ༢)བསྡུས་བརྗོད་མཚོན་བྱེད་འགོད་པའི་བྱ་ཐབས་རྒྱ་ཁྱབ་ཏུ་སྤྱོད་པ།མངོན་མཚོན་རིང་ལུགས་པས་ཕྱི་རོལ་ཁོར་ཡུག་གི་སྣང་ཚུལ་དངོས་ཞིབ་འབྲི་བྱེད་པ་དང་།མི་སྣའི་གཤིས་ཀ་བཞེངས་བྱ་རྒྱུ་སོགས་ལ་དོ་གལ་མི་བྱེད་པར་བསྡུས་བརྗོད་མཚོན་བྱེད་གང་རུང་ཞིག་བཀོད་དེ་འཛིན་རེད་མེད་པའི་བསམ་བློའམ་དོན་སྙིང་ལ་མཚོན་བྱེད་ཀྱི་རྣམ་པ་ཞིག་སྐྲུན་གང་ཐུབ་བྱེད་ཀྱི་ཡོད།དེ་ཡང་།མངོན་མཚོན་རིང་ལུགས་རྩོམ་རིག་གི་ཕུགས་རྩ་དེ་བསྡུས་བརྗོད་རིང་ལུགས་ལ་གཏུགས་ཡོད་ས་བསྡུས་བརྗོད་རིང་ལུགས་པའི་སྙན་ངག་མཁན་པོ་བྷོ་དྷོ་ལེར་དང་།མ་ལ་མེ་སོགས་མངོན་མཚོན་རིང་ལུགས་ཀྱི་རྩོམ་རིག་གི་ཡང་མེས་སུ་བགྲང་བ་མ་ཟད།བསྡུས་བརྗདོ་རིང་ལུགས་པའི་དཔྱད་བརྗོད་མཁན་པོ་རིལ་ཁེ(RainevMavea Rilke, 里尔克   , 1875-1926)མངོན་མཚོན་རིང་ལུགས་ཀྱི་གཞུང་ལུགས་སྨྲ་བ་པོར་ཡང་འཇོག་གི་ཡོད།དེར་བརྟེན། མངོན་མཚོན་རིང་ལུགས་པའི་རྩོམ་རིག་ནང་བསྡུས་བརྗོད་མཚོན་བྱེད་བཀོད་པ་མང་ལ།མ་གཞི་ནས་མངོན་མཚོན་རིང་ལུགས་རྩོམ་རིག་གིས་གཙོ་བོར་རང་སྣང་ཡུལ་ཅན་གྱི་བསམ་བློ་དང་།བྱ་དངོས་ཀྱི་ངོ་བོ་དེ་ཁོ་ན་ཉིད་ལྟ་བུ་འཛིན་རེག་བྲལ་བའི་གཟུགས་འདས་བསམ་བློ་འབའ་ཞིག་སྟོན་གྱི་ཡོད་པས་བསྡུས་བརྗོད་མཚོན་བྱེད་འགོད་པའང་རྔ་ལ་དཔག་པའི་འཆམ་ལྟར་མཐུན་ཁ་འགྲིག་པ་ཞིག་རེད།དེ་ལྟར་མངོན་མཚོན་རིང་ལུགས་ཀྱི་རྩོམ་རིག་གིས་མཚོན་པར་འདོད་པའི་དོན་གྱི་སྙིང་པོ་དེ་ཉིད་གཟུགས་འདས་བསམ་བློ་དབང་ཤེས་ཀྱི་ཡུལ་ལས་འགོངས་པ་ཁོ་ན་ཡིན་གཤིས།རྩོམ་ནང་བཀོད་པའི་མི་སྣ་དང་ཁོར་ཡུག་ཀྱང་རང་མཚན་པ་ཞིག་གཏན་ནས་མིན་པར་སྤྱི་མཚན་ནམ་རིགས་མཚན་ཙམ་ཞིག་ཡིན་པས།ཐ་ན་མི་སྣ་དེ་ཚོར་རུས་མིང་དང་སྐྱེ་གནས་གཞི་ཁོངས་གང་ཡིན་གྱི་གསལ་ཁ་ཙམ་ཡང་མེད་པར་“K”གིས་ཚབ་བྱེད་པ་དང་།གནས་སྐབས་གང་གི་བྱ་བ་ཡིན་པའང་གསལ་ཁ་མེད་པར་ཚོད་དཔག་བྱ་དགོས་པ་ལྟ་བུ་རེད།མདོར་ན།ཁོང་ཚོའི་རྩོམ་རིག་ནང་གི་མི་སྣ་དེ་ཚོ་སྲོལ་རྒྱུན་རྩོམ་རིག་ནང་གི་མི་སྣ་ལྟར་གཤིས་རྒྱུད་རང་མཚན་ཅན་པ་ཞི་མིན་པར་མི་སྣའམ་གང་ཟག་རིགས་ཤིག་གི་མཚོན་བྱེད་ཙམ་དང་།ཁོར་ཡུག་དང་།བྱ་སྤྱོད།ཐ་ན་བརྩམ་བྱ་ཧྲིལ་པོའང་གཟུགས་འདས་བསམ་བློ་གང་ཞིག་གི་བསྡུས་བརྗོད་མཚོན་བྱེད་དུ་བཀོད་པ་ཡིན་པ་དཔེར་ན་གོང་དུ་བཤད་པའི་བརྩམ་བྱ་<<སྤྲ>>ཞེས་པའི་ནང་གི་བསྡུས་བརྗོད་མཚོན་བྱེད་བཀོད་སྟངས་ལྟ་བུ་རེད།

       ༣)མི་སྣའི་ནང་སེམས་ཀྱི་འཇིག་རྟེན་མཚོན་རྒྱུར་དོ་གལ་ཡིད་གཟབ་བྱེད་པ། མངོན་མཚོན་རིང་ལུགས་པས་སྒྱུ་རྩལ་ནི་བསྐྱར་འབྲི་བྱེད་པ་མིན་པར་གསར་སྒྲུབ་བྱེད་པ་ཞིག་ཡིན་པ་དང་། སྒྱུ་རྩལ་གསར་སྒྲུབ་བྱེད་པའི་བརྒྱུད་རིམ་དེའང་མི་སྣའི་རང་སྣང་ཡུལ་ཅན་གྱི་འཇིག་རྟེན་ཏེ།ནང་སེམས་ཀྱི་འགྱུར་བ་སྟོན་ཞིང་མཚོན་པར་བྱེད་པའི་བརྒྱུད་རིམ་ཡིན་པར་བཞེད་ཀྱི་ཡོད།དེར་བརྟེན། མངོན་མཚོན་རིང་ལུགས་པའི་སྒྱུ་རྩལ་མཚོན་ཐབས་ཀྱང་མྱོང་སྣང་རིང་ལུགས་(Jmpressionism印象主义 )ལྟར།“ཕྱི་ནས་ནང་”ཞུགས་པ་ཞིག་མིན་པར“ནང་ནས”ཕྱི་ལ་ཕྱོགས་སྟེ་མི་སྣའི་རང་སྣང་ཡུལ་ཅན་གྱི་བསམ་ཚུལ་ལས་འཕྲོས་ཏེ་ཕྱིའི་བྱ་དངོས་ལ་བལྟ་བྱེད་པ་ཞིག་རེད།མཚོན་ཚུལ་ཐད་ཞིབ་པར་ཕྱེ་ན་མི་སྣ་རང་ཉིད་ཀྱིས་རང་གི་ནང་སེམས་ཀྱི་འཆར་སྒོའམ་བསམ་ཚུལ་ཐད་ཀར་ཤོད་པ་དང་།ཟློས་གར་ཐད་གར་སྟེགས་ཀྱི་འོད་དང་ཚོན་མདངས་ལ་བསྡུར་བ་ཤུགས་ཆེན་གཏོང་བར་བརྟེན་ནས་མི་སྣའི་སེམས་ཁམས་མཚོན་པར་བྱེད་པ།ཡང་ན། མི་སྣའི་ལུས་པོ“དུམ་བུར་བྱེད་པ”སྟེ་དུས་གཅིག་ནང་མི་སྣའི་སེམས་ཀྱི་འཆར་སྒོར་བྱ་བ་དུ་མ་ཞིག་ཅིག་ཅར་དུ་སྤེལ་བའམ་བྱུང་བ་ལྟ་བུ་སོགས་མདོར་ན་མི་སྣའི་ནང་སེམས་ཀྱི་འགྱུར་བ་དང་།དེའི་ཆ་ཤས་གང་ཡིན་པ་གསལ་པོར་མཚོན་ལ་སྨན་པའི་སྒྱུ་རྩལ་ཐབས་འཕྲུལ་ཁྱད་མཚར་བ་མང་པོ་ཞིག་གང་འཚམ་གྱིས་སྤྱོད་ཀྱི་ཡོད་པ་རེད།

གཞན་ཡང་།རྩོམ་པ་པོ་སོ་སོའི་དགོངས་གཞི་དང་ཞེན་ཕྱོགས་མི་འདྲ་བའི་དབང་གིས་སོ་སོར་སྒྱུ་རྩལ་གྱི་ཐབས་འཕྲུལ་ཁྱད་པར་བ་མང་པོ་ཡོད་པ་མ་ཟད།བརྩམས་སྒྲུང་དང་ཟློས་གར་གཉིས་ཀྱི་ཐད་རྩོམ་ལུས་མི་འདྲ་བའི་ཁྱད་པར་གྱིས་ཐབས་འཕྲུལ་མི་འདྲ་བ་ཡོད་པའང་ཡིན་མོད།གཙོ་ཆེ་བའི་དབང་དུ་བྱས་ན་གོང་གི་ཁྱད་ཆོས་གསུམ་པོའི་ནང་འདུ་ཐུབ་པ་ཡིན་པས།གཞན་པའི་ཁྱད་ཆོས་ཕྲ་ཞིང་ཕྲ་བ་རྣམས་གླིང་བའི་སྐབས་སུ་མི་ཆེ་བར་སྙམ་སྟེ་རེ་ཞིག་འདི་ཙམ་གྱིས་མཇུག་རྫོགས་པར་བྱའོ།།

རྩོམ་ཁུངས། མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མངོན་མཚོན་རིང་ལུགས་ཀྱི་རྩོམ་རིག་ངོ་སྤྲོད།

2009-10-19 ནོར་བུ་བསམ་འཕེལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།