མ་འོངས་རིང་ལུགས་ཀྱི་རྩོམ་རིག་ངོ་སྤྲོད།

ནོར་བུ་བསམ་འཕེལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-10-17

          མ་འོངས་རིང་ལུགས(Futurism)ནི་དུས་རབས་ཉི་ཤུའི་འགོ་ཚུགས་ཙམ་ལ་ཡོ་རོབ་གླིང་གི་རྩོམ་རིག་སྒྱུ་རྩལ་གྱི་དོ་རྭ་ཡངས་པོར་གསར་དུ་བྱུང་བའི་རིག་རྩལ་གྲུབ་མཐའ་ཞིག་ཡིན་ཞིང་།དེ་ཡང་ཧ་ལམ་མངོན་མཚོན་རིང་ལུགས་དང་དུས་མཉམ་ཙམ་དུ་དར་བ་དང་།རྟོག་པ་རང་ཡན་པའི་(StreamofConsciousness)སྒྲུང་གཏམ་དང་།དངོས་བརྒལ་རིང་ལུགས་(Surrealism)སོགས་ནུབ་གླིང་དེང་རབས་རིང་ལུགས་པའི་རིག་རྩལ་གྲུབ་མཐའ་ཁག་ཅིག་དང་མཉམ་དུ་གནས་ཤིང་དར་འཕེལ་བྱུང་བ་ཞིག་རེད།

མ་འོངས་རིང་ལུགས་ཀྱི་སྲོལ་འབྱེད་མཁན་པོ་ཨེ་ཌ་ལིའི་སྙན་ངག་པ་དང་གྲགས་ཅན་འཁྲབ་གཞུང་རྩོམ་མཁན་མ་རི་ནེ་ཐི་(FilippoTommasoMarinerri,1876-1944)ཡིན་ཞིང་།ཁོང་གིས་སྤྱི་ལོ་༡༩༠༩ལོར<<མ་འོངས་རིང་ལུགས་པའི་རྩོམ་རིག་གི་བསྒྲགས་གཏམ>>སྤེལ་ཏེ་གོམ་གང་མདུན་སྤོས་ཀྱི་སྒོ་ནས་མ་འོངས་རིང་ལུགས་པའི་རིག་གཞུང་ལྟ་ཚུལ་དང་།རྩོམ་རིག་གསར་རྩོམ་གྱི་རྩ་དོན་ལ་རྒྱས་བཤད་བྱས་པས།གང་དེའི་སྐུལ་སློང་དང་།ལྕག་སྐུལ་འོག་མ་འོངས་རིང་ལུགས་འདི་བཞིན་རྩོམ་རིག་གི་འཁོར་རྒྱ་ཙམ་ལས་བརྒལ་ཏེ་སྒྱུ་རྩལ་གྱི་ཁྱབ་ཁོངས་ཆེན་པོར་དར་ཞིང་།སྔ་ཕྱིར་<<མ་འོངས་རིང་ལུགས་པའི་རི་མོ་མཁན་པོའི་བསྒྲགས་གཏམ>>དང་།<<མ་འོངས་རིང་ལུགས་པའི་ཟློས་གར་གྱི་བསྒྲགས་གཏམ>>སོགས་གལ་ཆེའི་རིག་གཞུང་ཡིག་ཆ་དག་སྤེལ་ཏེ་མ་འོངས་རིང་ལུགས་པའི་གྲུབ་མཐའ་དར་རྒྱས་ཆེན་པོ་བྱུང་ལ།ས་ཁོངས་ཀྱི་ཆ་ནས་ཀྱང་ཨེ་ཌ་ལིའི་རྒྱལ་མཚམས་ལས་བརྒལ་ཏེ་ཡོ་རོབ་རྒྱལ་ཁབ་གཞན་དུ་ཡང་དར་བས་ཡོ་རོབ་གླིང་སྤྱིར་ཁྱབ་པའི་རིག་རྩལ་གྱི་བྱ་འགུལ་ཞིག་ཏུ་གྲུབ་ཐུབ་པ་བྱུང་།

༡, ལོ་རྒྱུས་རྒྱབ་ལྗོངས་དང་བསམ་བློའི་ལྟ་བ།

གོང་དུ་ཞུས་པ་ལྟར་མ་འོངས་རིང་ལུགས་ནི་མངོན་མཚོན་རིང་ལུགས་དང་དུས་མཉམ་ཙམ་དུ་དུས་རབས་ཉི་ཤུ་པའི་འགོར་དར་བ་ཞིག་རེད་ལ།དུས་རབས་བཅུ་དགུ་དང་ཉི་ཤུའི་སྦྲེལ་མཚམས་ནི་ནུབ་གླིང་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་ལ་དར་རྒྱས་ཤུགས་ཆེན་བྱུང་སྟེ་སྤྱི་ཚོགས་ཀྱི་རྣམ་པའང་རང་མོས་འགྲན་རྩོད་བྱེད་པ་ནས་སྒེར་སྡེམ་གྱི་ཕྱོགས་སུ་འཕེལ་འགྱུར་བྱེད་པའི་སྐབས་ཤིག་ཡིན་པས།མ་རྩའི་བཤུ་གཞོག་བྱེད་ཤུགས་ཇེ་ཆེ་ནས་ཇེ་ཆེ་རེད་ལ།འཕྲུལ་ཆས་ཅན་པའི་ལས་གྲྭ་ནས་ཕུད་པའི་བཟོ་པའང་ཇེ་མང་ནས་ཇེ་མང་དུ་སོང་བ་དང་།ལས་གྲྭ་ནས་མི་ཕུད་ཙམ་བྱུང་བ་དག་ཀྱང་འཕྲུལ་ཆས་ཀྱི་བྲན་ཁོལ་ལྟ་བུར་གྱུར་ཏེ་འགྲོ་བ་མིའི་རང་བཞིན་ནམ་ངོ་བོར་ཚབས་ཆེ་བའི་གཞན་འགྱུར་གྱི་ཉེན་འགག་འཕྲད་ཀྱི་ཡོད་པ་སོགས་སྐབས་དེའི་ཡོ་རོབ་སྤྱི་ཚོགས་ལ་ཡོ་ལང་ཆེ་ཞིང་། མི་སེམས་ལ་ཟིང་ཆ་ཚ་བ་སོགས་གོང་དུ་སྤེལ་བའི<<མངོན་མཚོན་རིང་ལུགས་པའི་རྩོམ་རིག>>བྱ་བ་ནང་གླེང་ཟིན་པས་འདིར་བསྐྱར་བཟློས་བྱ་མ་དགོས་པར་སྙམ།ཡིན་ནའང་དེ་ཙམ་གཅིག་པུས་ད་དུང་གསལ་ཁ་ཆོད་པའི་རྒྱུ་མཚན་ཞིག་སྟེར་མི་ཐུབ་སྟེ།མངོན་མཚོན་རིང་ལུགས་དང་མ་འོངས་རིང་ལུགས་གཉིས་དུས་མཉམ་དུ་བྱུང་ཞིང་དར་བ་ལ།སོ་སོའི་དགོངས་བཞེད་ལྟ་ཚུལ་ཐད་གྲུབ་མཐའ་གཉིས་སུ་དགར་བའི་ཁྱད་པར་ཡོད་པའི་ཕྱིར།འོ་ན།མ་འོངས་རིང་ལུགས་འདི་ཉིད་དར་ཞིང་འཕེལ་བར་ཐད་ཀའི་ཤུགས་རྐྱེན་སྟེར་བའི་རྒྱུ་རྐྱེན་ཁྱད་པར་ཅི་འདྲ་ཞིག་ཡོད་པ་ཡིན་ནམ་ཞེ་ན།དེ་ཡང་དུས་རབས་བཅུ་དགུ་པའི་སྨད་དང་ཉི་ཤུ་པའི་འགོ་ནི་ཚན་རིག་ལག་རྩལ་ལ་ཡར་ཐོན་བླ་ན་མེད་པ་བྱུང་བའི་དུས་སྐབས་ཤིག་ཡིན་ཞིང་།དངོས་ཁམས་རིག་པ་དང་།རྫས་འགྱུར་རིག་པ།སྐྱེས་དངོས་རིག་པ་སོགས་ཀྱི་གཞུང་ལུགས་རྣམ་གཞག་ཐད་ཀྱི་གསར་རྙེད་དང་།གསར་གཏོད་གཅིག་རྗེས་གཉིས་མཐུད་དུ་བྱུང་དེ་དག་གང་མགྱོགས་ངང་ལག་རྩལ་དུ་སྤེལ་ཏེ་འཛམ་གླིང་ཁྱོན་ལ་གཡོ་འགུལ་སྟེར་བའི་“ཚན་རྩལ་གསར་བརྗེ་ཐེངས་གཉིས་པ”བྱུང་ལ།དེའི་རྐྱེན་གྱིས་བཟོ་ལས་ཐོན་སྐྱེད་ལ་ཡར་ཐོན་ཡིན་ཆེས་དཀའ་བ་ཙམ་བྱུང་སྟེ་ཐོན་སྐྱེད་ཀྱི་ཁྱབ་ཁོངས་ཁག་འཕྲུལ་ཆས་ཅན་དུ་བསྒྱུར་བའི་གོམ་ཁ་ཙམ་བྱུང་སྟེ་ཐོན་སྐྱེད་ཀྱི་ཁྱབ་ཁོངས་ཁག་འཕྲུལ་ཆས་ཅན་དུ་བསྒྱུར་བའི་གོམ་ཁ་ཇེ་མགྱོགས་ནས་ཇེ་མགྱོགས་སུ་སོང་བ་མ་ཟད།ལྟོས་བཅས་སྨྲ་བ(Theoryoy of Relarivity)དང་ཚད་རྡུལ་སྨྲ་བ་(quantum theoy   )སོགས་ཀྱི་གཞུང་ལུགས་རྣམ་གཞག་གི་སྲོལ་ཕྱེ་བ་དེས་རང་བྱུང་ཚན་རིག་ཙམ་མ་ཟད། སྤྱི་ཚོགས་ཁྱོན་ཡོངས་དང་།མིའི་བསམ་བློ་གཏོང་སྟངས་སོགས་ཤུགས་རྐྱེན་གཏིང་ཚུགས་སུ་བཏང་ཡོད།དེའི་ཚེ་འཇར་མན་དང་།ཧྥ་རན་སི།དབྱིན་ཇི་སོགས་ཡོ་རོབ་རྒྱལ་ཁབ་ཆེ་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་ལ་གོང་འཕེལ་ཤུགས་ཆེན་བྱུང་ཡོད་རུང་།ཨེ་ཌ་ལིའི་ངོས་ནས་བཤད་ན་བྱང་ངོས་ཀྱི་གྲོང་ཁྱེར་རྨི་ལན་(Milan )སོསག་སུ་དེང་རབས་བཟོ་ལས་ཅུང་ཟད་དར་བ་ཙམ་མ་གཏོགས་སྤྱི་ཚོགས་ཧྲིལ་པོར་ཁྱབ་པའི་ཡར་བསྐྱེད་དེ་ཙམ་བྱུང་མེད་པས།ཨེ་ཌ་ལོའི་འབྱོར་ཆུང་གྲལ་རིམ་གྱི་གཞོན་ནུ་ཤེས་ཡོན་ཅན་མང་པོའི་བསམ་བློར་སྲོལ་རྒྱུན་རིག་གནས་ཀྱི་འཆིང་རྒྱ་ལས་གྲོལ་ཞིང་།དེང་རབས་འཕྲུལ་ཆས་ཀྱི་རིག་གནས་ལ་བརྩོན་སྙེགས་འབད་འབུངས་མཐའ་གཅིག་ཏུ་བྱེད་དགོས་པའི་ཀུན་སློང་བཟང་པོ་ཤུགས་དྲག་ཏུ་སྐྱེ་གི་ཡོད་པ་ནི་མ་འོངས་རིང་ལུགས་པའི་རྩོམ་རིག་སྒྱུ་རྩལ་གྱི་བསམ་རྒྱུན་དེ་ཐོན་ཞིང་དར་བའི་རྒྱུ་རྐྱེན་ཐད་ལ་གཏུགས་པ་ཞིག་རེད།གཞན་དུ་ན།འཁྲུག་ཆ་དོད་ལ་ཡོ་ལང་ཆེ་བའི་སྤྱི་ཚོགས་ལོ་རྒྱུས་ཀྱི་ཁོར་ཡུག་དེ་ལྟ་བུའི་ནང“གཞན་འགྱུར”དུ་སོང་བའི་མིའི་ལས་དབང་དང་ལ་རྒྱར་དོ་ཁུར་དབ་བསམ་གཞིགས་བྱེད་པའི་དགོས་དབང་གིས་སྤྱི་ཚོགས་བསམ་བློའི་རླབས་རྒྱུན་ཡང་འདྲ་མིན་སྣ་ཚོགས་ལུ་གུ་བརྒྱུད་དུ་བྱུང་ཡོད་པའི་ནང་ནེ་ཁྲེའེ་(FriedrichNeitzesche;1844-1900)དབང་ཐང་ཀུན་གཞི་སྨྲ་བ་དང་།“འཕགས་མིའི་”གཏན་ཚིག་ལྟ་བུས་འགྲན་བསྐྱེད་ཀྱི་ངར་ཁ་མཐོ་བའི་མ་འོངས་རིང་ལུགས་པ་རྣམས་ལ་བག་ཆགས་ཟབ་པོ་སྟེར་ཡོད་ལ།རིན་ཐང་ཡོད་ཚད་ལ་བསྐྱར་ནས་དཔྱད་ཞིབ་བྱ་དགོས་པར་འདོད་པའི་བསམ་བློས་མ་འོངས་རིང་ལུགས་པ་ཚོའི་རིག་གནས་དང་སྲོལ་རྒྱུན་ལྟ་ཚུལ་ལ་ཤུགས་རྐྱེན་མི་ཆུང་བ་ཞིག་བཏང་ཡོད་པ་ནི་ཁོ་ཚོའི་ལྟ་ཚུལ་དགོངས་བཞེད་དག་ལས་ཀྱང་གསལ་པོར་མཐོང་ཐུབ་པ་ཡིན།

༡)རིག་གནས་ཤུལ་བཞག་དང་སྲོལ་རྒྱུན་ཡོད་ཚད་རྩིས་མེད་དུ་གཏོང་བ།མ་འོངས་རིང་ལུགས་པ་ཚོས་བལྟས་ན།དུས་རབས་ཉི་ཤུ་པའི་འགོར་སླེབས་དུས་ཀྱི་ལོ་རྒྱུས་རྩིབས་སྟོང་མདུན་དུ་འཁོར་བ་ཤིན་ཏུ་མྱུར་ཞིང་མགྱོགས་ལ།འགྲོ་བ་མིའི་རིགས་ཀྱིས་སྔར་སོང་གི་ལོ་རྒྱུས་ནང་སྐྲུན་པའི་རིག་གནས་ཀྱི་ཤུལ་བཞག་དང་ད་ཡོད་རྩོམ་རིག་སྒྱུ་རྩལ་གྱིས་མཚོན་པའི་སྲོལ་རྒྱུན་ཡོད་ཚད་དུས་ལས་ཡོལ་ཞིང་།རུལ་སུངས་ཕན་མེད་དུ་གྱུར་པ་ཤ་སྟག་ཡིན་ཕྱིར་ཚང་མ་རྩིས་མེད་གཙང་ཕྱག་བྱེད་དགོས་པར་སྙམ་པ་མ་ཟད།ཐ་ན“རྟེན་རྫས་བཤམས་སྟོན་ཁང་གི་ས་འོག་ཉར་དངོས་ཚང་མ་ཆུར་བསྐྱུར་དགོས”པ་ལ་སོགས་པའི་ཁ་གཡང་འཇིགས་ཡེར་བ་ཙམ་སྒྲོག་ཅིང་།མི་རྣམས་ལའང་སྲོལ་རྒྱུན་ལ་རྒྱབ་གཏོད་བྱེད་དགོས་པའི་སྐུལ་མ་བྱས་ཏེ།“འཐབ་རྩོད་བྱ་རྒྱུ་ནི་མཛེས་སྡུག་ཡི་གར་འོང་བ་ཞིག་ཡིན་ལ།བྱ་ཕོད་བརྟུལ་ཕོད་ཀྱི་སྙིང་སྟོབས་དང་མི་ལྡན་ན་རླབས་ཆེ་བའི་བྱས་རྗེས་ཅི་ཡང་འཇོག་མི་ཐུབ་”པས“ང་ཚོའི་སྙན་ངག་གི་གྲུབ་ཆ་གལ་ཆེ་ཤོས་དེའང་དཔལ་སྟོབས་དང་།བློ་ཁོགརྒྱབ་གཏོད་བཅས་ཡིན་རྒྱུ་དེ་རེད”ཅེས་ཤོད་པ་དང་།སྲོལ་རྒྱུན་རྙིང་པའི་འཆིང་རྒྱ་གཏོར་ཞིང་།མ་འོངས་མདུན་ལམ་གསར་པ་གཏོད་པའི་ལག་ཐབས་སུ་རློམ་པའི་དམག་འཁྲུག་དང་དྲག་ཤུལ་ལ་བསྟོད་པའི་མཐེ་བོང་སྒྲེང་བ་མ་ཟད།“དམག་འཁྲུག་ནི་འཛམ་བུ་གླིང་ལ་བྱི་དོར་བྱེད་སྤྱད་ཉག་ཅིག་ཡིན”པའི་འུད་སྒྲོག་ཀྱང་ཐལ་ཆེར་བྱས་སྟབས།ཀུན་སློང་བཟང་པོས་བསྐྱེད་པའི་བྱ་འགུལ་དེའང་རང་བཞིན་གྱིས་ལམ་ངན་ལ་འཕྱན་་ཏེ་ཧྥ་ཤི་སི་རིང་ལུགས་ཀྱི་ལག་གཡོག་དང་དེ་དང་ངན་འབྲེལ་བྱེད་པོ་ཞིག་ཏུ་གྱུར་པ་རེད།

༢)“མ་འོངས་པའི་སྒྱུ་རྩལ་གསར་པ”གསར་གཏོད་བྱེད་དགོས་པ།མ་འོངས་རིང་ལུགས་པ་ཚོས་སྲོལ་རྒྱུན་གྱི་རྩོམ་རིག་སྒྱུ་རྩལ་ཡོད་ཚད་རྩིས་མེད་དུ་དོར་བ་དང་ཆབས་ཅིགདུས་རབས་ཀྱི་བླང་བྱ་དང་མཐུན་པའི“མ་འོངས་ཀྱི་རྩལ་གསར་པ”གཏོད་དགོས་པའི་འུར་སྒྲ་ཕྱོགས་མེད་དུ་སྒྲོག་པར་བྱེད་ཀྱི་ཡོད་ཅིང་།ཁོ་ཚོས་བལྟས་ན།དུས་རབས་ཉི་ཤུ་པའི“འཕྲུལ་ཆས་ཤེས་རིག”དང་ཚན་རྩལ་གྱི་གོང་འཕེལ།བཟོ་ལས་ཅན་དང་གྲོང་ཁྱེར་ཅན་དུ་འགྱུར་བའི་ལོ་རྒྱུས་ཀྱི་བྱེད་རྩོལ་གྱིས་འཛམ་གླིང་ཁྱོན་རྣམ་པར་འཕོ་འགྱུར་བླ་ལྷག་ཏུ་བཏང་ཡོད་པས།རྩོམ་རིག་སྒྱུ་རྩལ་གྱིས་མ་འོངས་ལ་ཁ་ཕྱོགས་ཏེ་དུས་རབས་ཀྱི་སྙིང་སྟོབས་མཚོན་དགོས་པ་དང་།མི་འཕྲུལ་ཆས་ལ་འགྱུར་ཞིང་འཕྲུལ་ཆས་མིར་གྱུར་བའི་དུས་རབས་ཀྱི་ཁྱད་ཆོས་རླབས་པོ་ཆེར་བསྔགས་པའི་མགྲོན་པ་མཐོན་པོར་བཏེགས་དགོས་པར་བཞེད།དེ་ཡང་།ཁོ་ཚོས་གསར་དུ་གཏོད་པར་རྩོམ་པའི“མ་འོངས་ཀྱི་རྩལ་གསར་པ”དེས་སྲོལ་རྒྱུན་རྩོམ་རིག་ལྟར་དངོས་ཡོད་གནས་སྟངས་ཀྱི་བབ་ཆགས་འགྱུར་མེད་ཀྱི་རང་བཞིན་དེར་སྨྱུག་ཁ་མི་གཏོད་པར་གཙོ་བོ་འགུལ་བསྐྱོད་དང་།མྱུར་ཚད།ཉེན་འགགདྲག་ཤུལ་སོགས་ལ་བསྔགས་པའི་དབྱངས་སྙན་གྱེར་བློ་ཁ་ཕྱོགས་ཤིང་།ཁོ་ཚོས་བསམ་ན།འཇིག་རྟེན་གྱི་ངོ་བོ་འགུལ་བསྐྱོད་དུ་གྲུབ་ཅིང་།འཐབ་རྩོད་ཀྱི་འདུ་འགོད་ནི་ལྟ་ན་སྡུག་པ་ཞིག་དང་།སྟོབས་དང་ནུས་ཤུགས་སོགས་ནི་འཚོ་བའི་ཁྲོད་ཀྱི་མཛེས་ཆོས་བླ་ན་མཐོ་བ་ཞིག་ཡིན་ངར་སྙམ་པ་སོགས་སྐབས་དེའི་རང་བྱུང་ཚན་རིག་གི་ཡར་རྒྱས་དང་།ལག་རྩལ་གྱི་ལེགས་བསྒྱུར་ལས་བྱུང་བའི་བཟོ་ལས་ཐོན་སྐྱེད་ཀྱི་གོང་འཕེལ་དང་།དེས་བསྐྲུན་པའི་“འཕྲུལ་ཆས་ཤེས་རིག”དང་གྲོང་ཁྱེར་ཅན་དུ་བསྒྱུར་བ་སོགས་གསར་དུ་བྱུང་བའི་དངོས་པོ་དང་བྱ་བ་ཚང་མས་མ་འོངས་རིང་ལུགས་ཀྱི་ལྟ་བ་འཛིན་པའི་ཤེས་ཡོན་ཅན་ཚོར་བག་ཆགས་གཏིང་ཟབ་བཞག་ཡོད་ལ།དེའི་སྟོབས་ལས་མ་འོངས་རིང་ལུགས་པ་ཚོས་མཐའ་གཅིག་ཏུ་མྱུར་མགྱོགས་དང་དྲག་རྩལ་གྱིས་མཚོན་པའི“དེང་རབས་ཤེས་རིག”ལ་དགའ་དད་བསྔགས་སྨོན་བྱེད་པའི་བསམ་རྒྱུན་ཞིག་འཕེལ་བ་རེད།དེ་ལྟར་མ་འོངས་རིང་ལུགས་པ་ཚོས་རྩོམ་རིག་སྒྱུ་རྩལ་གྱི་ནང་དོན་ལ་གསར་བཅོས་མཐིལ་ཕྱིན་པ་བྱས་ཡོད་པ་མ་ཟད།སྒྱུ་རྩལ་གྱི་རྣམ་པ་དང་།མཚོན་ཚུལ་ཐད་ཀྱང་མཐའ་གཅིག་ཏུ་བསྒྱུར་བཅོས་བྱ་དགོས་པའི་བླང་བྱ་བཏོན་ཏེ།རྩོམ་རིག་སྒྱུ་རྩལ་གྱིས་མ་འོངས་པར་དོ་གལ་བྱེད་པ་དང་།མ་འོངས་པར་ཁ་ཕྱོགས་པ།མ་འོངས་པར་འཚོལ་ཞིབ་བཅས་བྱེད་དགོས་པ་མ་ཟད།“མ་འོངས་པའི་རྩོམ་རིག་སྒྱུ་རྩལ་”ལ་ “དེང་རབས་ཀྱི་སྣང་བ་”ཐོན་པ་བྱས་ཏེ། དེང་རབས་ཀྱི་བཟོ་ལས་སྤྱི་ཚོགས་ནང་གི་མི་ཚོའི་“ཡིད་འགྱུར་ཅིག་ཅར་བའི”()སེམས་ཁམས་ཁྱད་ཆོས་དག་མཚོན་དགོས་པ་དང་།དེ་མཚོན་པའི་དགོས་དབང་ལ་བསྟུན་ཏེ་རྩོམ་གྱི་སྐད་བརྡར་ཡང་ཚད་བཀག་མེད་པའི་གསར་གཏོད་དང་བཅོས་ཁ་གང་རུང་བྱ་དགོས་པར་བཞེད་དེ།ཐ་ན་ཨང་རྩིས་སྤྱི་འགྲོས་དང་རོལ་མོའི་དབྱངས་བརྡ་སོགས་སྤེལ་མར་གུང་བསྒྲིགས་པ་ལྟ་བུ་ཐལ་ཆེ་བའི་གནས་ཚུལ་ཅི་རིགས་ཀྱང་བྱུང་ཡོད་པ་སོགས་མདོར་ན་ཉབ་ཉོབ་གསོན་ཤུགས་ཀྱིས་དབེན་ཞིང་།དུས་དང་མི་འཚམ་པའི་སྲོལ་རྒྱུན་གྱི་འཆིང་རྒྱ་ལས་གྲོལ་ཏེ་དེང་རབས་ཤེས་རིག་གི་ཕྱོགས་སུ་མདུན་དུ་བསྐྱོད་པར་སྙམ་པའི་ཀུན་སློང་བཟང་པོ་ལས་བསྐྱེད་པའི་རིག་རྩལ་བྱ་འགུལ་དེ་ཉིད་མཐར“མང་དྲགས་ན་སྨན་ཡང་དུག་ཏུ་འགྱུར”པའི་དཔེ་ལྟར་བཟང་ཐལ་ཆེ་བའི་སྐྱོན་གྱིས་སླར་ཡང་གསོན་ཤུགས་དང་འགུགས་ནུས་ཀྱིས་དབེན་པའི་བྱ་འགུལ་ཞིག་ཏུ་གྱུར་སོང་བ་རེད།

༢. བྱུང་འཕེལ་གྱི་ལོ་རྒྱུས་རགས་རིམ།

མ་འོངས་རིང་ལུགས་ནི་དུས་རབས་ཉི་ཤུ་པའི་དུས་འགོར་ཨེ་ཌ་ལི་ནས་དར་བའི་རྩོམ་རིག་གྲུབ་མཐའ་ཞིག་ཡིན་ཞིང་།དེ་ཡང་གོང་དུ་བརྗོད་པ་ལྟར་སྤྱི་ལོ་༡༩༠༩ལོར་ཨེ་ཌ་ལིའི་འཁྲབ་གཞུང་རྩོམ་མཁན་དང་།སྙན་ངག་མཁན་པོ་མ་རི་ནེ་ཐིས་<<མ་འོངས་རིང་ལུགས་པའི་བསྒྲགས་གཏམ>>སྤེལ་བ་ནས་བཟུང་དངོས་སུ་དར་འགོ་ཚུགས་པ་དང་།རིང་པོར་མ་ཐོགས་པར་རྩོམ་རིག་ཙམ་མ་ཟད།ཟློས་གར་དང་།རི་མོ།རོལ་མོ།གློག་བརྙན་སོགས་སྒྱུ་རྩལ་ཁྱབ་ཁོངས་གཞན་དུ་དར་བ་མ་ཟད། ཁྱབ་རྒྱའི་ཆ་ནས་ཀྱང་ཨེ་ཌ་ལོ་ཙམ་གྱི་ས་ཁོངས་བརྒལ་ཏེ་ཧྥ་རན་སི་དང་། ཨུ་རུ་སུ་སོགས་སུའང་དར་འཕེལ་བྱུང་སྟེ་ཡོ་རོབ་གླིང་སྤྱིར་ཁྱབ་པའི་རིག་རྩལ་གྲུབ་མཐའམ་བྱ་འགུལ་ཞིག་ཏུ་ཆགས་པ་དེས་ནུབ་གླིང་དེང་རབས་རིང་ལུགས་པའི་རིག་རྩལ་དང་།ཡང་སྒོས་རྩོམ་རིག་འཕེལ་འབྱུང་གི་ལོ་རྒྱུས་ལ་ཤུགས་རྐྱེན་མི་དམན་པ་སྟེར་ཡོད་མོད།ཐལ་ཆེ་བའི་ཁ་གཡང་དང་ལག་ལེན་གྱི་དབང་གིས་རྩོམ་རིག་ལོ་རྒྱུས་ཀྱི་གར་སྟེགས་ཆེན་པོའི་ཐོག་ནུས་པའི་དུས་ཡུན་རིང་པོ་ཞིག་བྱུང་མེད།

ཡིན་ནའང་།དུས་ཐུང་མི་ཉི་ཤུ་ཙམ་གྱི་བྱུང་འཕེལ་ལོ་རྒྱུས་ནང་ཡང་སྲོལ་རྒྱུན་འཆིང་རྒྱ་ལས་སྒྲོལ་ཏེ་སྒྱུ་རྩལ་གསར་པ་གཏོད་དགོས་པའི་འབོད་སྒྲའི་རྗེས་སུ་འབྲངས་པའི་རྩོམ་རིག་པ་མང་པོ་ཞིག་བྱུང་བ་རྣམས་ཀྱིས་སྒྱུ་རྩལ་གྱི་ནང་དོན་དང་རྣམ་པ་གཉིས་ལ་གསར་གཏོད་ཇི་ལྟར་བྱ་དགོས་པ་སོགས་ཀྱི་ཐད་ལྟ་ཚུལ་བཤད་སྟངས་མཐུན་མིན་ཐ་དད་དུ་སོང་བ་མང་པོ་ཞིག་བཏོན་པའི་དབང་གིས་མ་འོངས་རིང་ལུགས་པའི་ནང་ཁུལ་དུའང་ཕྱོགས་ཁག་མི་འདྲ་བ་བྱུང་ཞིང་།དེ་དག་གི་རྗེས་སོར་གྱི་འཕེལ་ལམ་ཡང་སོ་སོར་གྱེས་ཕྱིན་པ་སོགས་རྙོག་རྫོབ་ཅུང་ཆེ་བར་མཐོང་བས།འདིར་སྐབས་སུ་བབ་པ་མ་འོངས་རིང་ལུགས་པའི་རྩོམ་རིག་གི་བྱུང་འཕེལ་ལོ་རྒྱུས་རགས་རིམ་ཕམ་ཞིག་སོ་སོར་ཕྱེ་སྟེ་གླེང་བ།

A.ཨེ་ཌ་ལོའི་མ་འོངས་རིང་ལུགས།

ཨེ་ཌ་ལི་ནི་མ་འོངས་རིང་ལུགས་པའི་འབྱུང་ཁུངས་དང་ལྟེ་བ་ཡིན་པས་བྱ་འགུལ་ནང་ཞུགས་པའི་སྒྱུ་རྩལ་པ་མང་ཞིང་།སྟོབས་ཆེ་ལ།སྒྱུ་རྩལ་རྣམ་གྲངས་ཀྱི་ཁྱབ་རྒྱའང་ཆེ་ཤོས་སུ་བྱུང་ཡོད།མ་འོངས་རིང་ལུགས་པའི་རྩོམ་རིག་གི་ངོས་བཤད་ན།ཤིང་རྟའི་སྲོལ་འབྱེད་མཁན་པོ་མ་རི་ནེ་ཐི་ཕུད།ད་དུང་ཕ་ལ་རྩེ་ཟི་ཆི(AldoPalazzeschi,   ,1885-1974)དང་།པུ་ཙི་(Buzzai)ཁ་བྷ་ཆོ་ལི་(Cauacchioli)ཆི་ཐི(RemoChiri)སོགས་མང་དག་ཅིག་བྱུང་ཡོད་པ་དེ་ཚོས་སྙན་ངག་དང་།ཟློས་གར་(འཁྲབ་གཞུང་)བརྩམས་སྒྲུང་སོགས་མི་ཉུང་བ་ཞིག་སྤེལ་ཏེ་མ་འོངས་རིང་ལུགས་པའི་རྩོམ་རིག་གི་གྲུབ་མཐའ་དེ་ཉིད་ལ་དར་སྤེལ་ཤིན་ཏུ་ཆེ་བ་བཏང་ཡོད།དེ་ཡང་།མ་འོངས་རིང་ལུགས་པའི་ཤིང་རྟའི་སྲོལ་འབྱེད་མཁན་པོ་མ་རི་ནེ་ཐི་ཁོང་ཉིད་ཆུང་ངུའི་དུས་ནས་ཧྥ་རན་སིར་སློབ་སྦྱོང་ལ་ཕེབས་ཤིང་།སྐབས་དེའི་(དུས་རབས་བཆུ་དགུ་པའི་སྨད)ཧྥ་རན་སིའི་བསྡུས་བརྗོད་རིང་ལུགས་སོགས་དེང་རབས་རིང་ལུགས་པའི་རྩོམ་རིག་སྒྱུ་རྩལ་སོགས་ལ་རྒྱུས་ཞིབ་ཕྲ་བ་བྱུང་བ་མ་ཟད།གང་དེའི་ཤན་ཤུགས་ཀྱང་མི་ཆུང་བ་ཐེབས་ཏེ།བསྡུས་བརྗོད་རིང་ལུགས་ཀྱི་ཁྱད་ཆོས་དང་ལྡན་པའི་སྙན་ངག་མང་པོ་བརྩམས་པ་སོགས་གནང་སྟེ་མིང་གི་གྲགས་པའང་མི་ཆུང་བ་འབར།ཡིན་ནའང་།དུས་རབས་ཀྱི་འཕོ་འགྱུར་དང་།རང་ཡུལ་ཨེ་ཌ་ལིའི་གནས་བབ་ལས་ཐོབ་པའི་བློ་བསྐྱེད་མང་པོ་ཞིག་གིས་སྐུལ་ཏེ།སྤྱི་ལོ་༡༩༠༩ལོར་<<མ་འོངས་རིང་ལུགས་པའི་བསྒྲགས་གཏམ>>སྤེལ་ཞིང་།རང་ཉིད་ཀྱི་ལྟ་ཚུལ་དགོངས་བཞེད་སྟོན་པའི་གྲུབ་མཐའ་གསར་པའི་སྲོལ་ཕྱེ་བ་མ་ཟད།གཞུང་ལུགས་ཀྱི་ལྟ་བའི་རྣམ་གཞག་དང་།ལག་ལེན་གྱི་གསར་རྩོམ་བསྟུད་མར་སྤེལ་བའི་སྒོ་ནས་རང་གི་གྲུབ་མཐའ་གོང་སྤེལ་ཤུགས་ཆེར་བཏང་བས།ཁོང་གི་ལྟ་ཚུལ་དགོངས་བཞེད་ལ་མོས་པའི་སྒྱུ་རྩལ་པ་མང་པོ་ཞིག་ཀྱང་ཁོང་གི་ཕྱི་བཞིན་འབྲངས་ཏེ་མ་འོངས་རིང་ལུགས་འདི་ཉིད་སྟོབས་ཆེ་བའི་རིག་རྩལ་བྱ་འགུལ་ཞིག་ཏུ་གྲུབ་ཐུབ་པ་བྱུང་།

སྤྱིའི་ཆ་ནས་བརྗོད་ན།མ་རི་ནེ་ཐི་ཁོང་ཉིད་མ་འོངས་རིང་ལུགས་ཀྱི་སྲོལ་འབྱེད་མཁན་བྱས་པའི་གྲུབ་འབྲས་གཙོ་བོ་གཞུང་ལུགས་རྣམ་གཞག་གི་གསར་གཏོད་ཐད་བྱུང་ཡོད་མོད།གསར་རྩོམ་གྱི་ལག་ལེན་ངོ་མའི་ཐད་ཀྱང་གྲུབ་འབྲས་མི་དམན་པ་ཐོབ་ཡོད་པ་དཔེར་ན།ཟློས་གར་(འཁྲབ་གཞུང་)ཐད་མ་འོངས་རིང་ལུགས་པའི་ཚབ་མཚོན་བརྩམ་བྱར་བྱེད་པའི་འཁྲབ་ཚན་ཆུང་ངུ<<ཁོང་ཚོ་སླེབས་བྱུང་>>ལྟ་བུ་དང་།སྒྲུང་རིང་<<མ་འོངས་རིང་ལུགས་པ་རྨ་ཧྥར་ཁ>>དང་<<དྷེ་རི་བྷོ་ལའི་དམག་འཁྲུག་>>སོགས་ཡོད་པའི་ནང་མ་འོངས་རིང་ལུགས་པའི་སྒྱུ་རྩལ་རྩ་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ཤིང་།ཁྱད་མཚར་ལ་གོ་དཀའ་བའི་ཚིག་བརྡའི་(རྒྱུན་སྲོལ་གྱི་སྐད་བརྡའི་འགྲོ་སྟངས་དཀྲུག་པ)ཐོག་ནས་འཁྱོག་ལ་འཆང་བའི་རྣམ་ཤེས་དང་།ཡན་པོར་འཆལ་བའི་ཡིད་སེམས་ཀྱི་རང་བཞིན་མཚོན་པར་བྱས་ཡོད་པ་རེད།

མ་འོངས་རིང་ལུགས་པར་ཆབ་སྲིད་བསམ་བློའི་ཐད་ནས་གཡས་ཕྱོགས་དང་གཡོན་ཕྱོགས་གཉིས་སུ་ཡོད་པ་ལས་ཨེ་ཌ་ལོའི་མ་འོངས་རིང་ལུགས་པ་གཡས་ཕྱོགས་ཤས་ཆེ་བ་ཡིན་ཞིང་།ཤིང་རྟའི་སྲོལ་འབྱེད་མཁན་པོ་མ་རི་ནེ་ཐི་ནི་གང་དེའི་འཐུས་ཚབ་གཙོ་ཞིག་རེད།མ་རི་ནི་ཐེས<<མ་འོངས་རིང་ལུགས་པའི་བསྒྲགས་གཏམ>>ནང་དམག་འཁྲུག་ནི“རླབས་ཆེན་མཉམ་སྒྲོག་རོལ་མོ”ཞིག་ཏུ་བསྔགས་ཤིང་།ཐ་ན་དམག་འཁྲུག་དེ་ཉིད་“འཛམ་བུའི་གླིང་ལ་བྱི་དོར་བྱེད་སྤྱད་ཉག་ཅིག”ཡིན་པར་བསྒྲགས་པ་མ་ཟད།འཛམ་གླིང་དམག་ཆེན་དང་པོའི་སྐབས་ཀྱང་ཧུར་བསྐྱེད་སྒོ་ནས་བཙན་འཛུལ་དམག་ལ་ཞུགས་ཡོད་ལ།སྤྱི་ལོ་༡༩༡༤ལོར་<<མ་འོངས་རིང་ལུགས་དང་ཧྥ་ཤི་སི་རིང་ལུགས>>བྱ་བའི་རྩོམ་རིག་སྤེལ་ཏེ་དེ་གཉིས་བར་གྱི“གཉེན་ཚབ”འབྲེལ་བར་འུར་སྒྲོག་དང་།ཧྥ་ཤི་སིར་མཉམ་ལས་རོགས་མཐུན་བྱས་ཏེ་མཐར་རྨུ་ཟོ་ལི་ཉི(BenitoMussolini)དང་ཁྱི་སྤྱང་ལག་སྦྲེལ་བྱེད་པོ་ཞིག་ཏུ་གྱུར་ཕྱིར།སྔར་མ་རི་ནེ་ཐིའི་རྗེས་སུ་འབྲངས་པའི་རྒྱུད་པ་མང་ཆེ་བ་རིམ་གྱིས་ཁོ་དང་གློ་བ་རིང་བར་བྱས་ཏེ་དྲང་བདེན་གྱི་ལམ་བུ་ཞིག་འཚོལ་བར་སྙེགས།

ཕ་ལ་ཙེ་ཟི་ཆི་ནི་ཨེ་ཌ་ལོའི་སྐད་གྲགས་ལྡན་པའི་སྙན་ངག་པ་དང་།རྩོམ་པ་པོ་ཆེན་པོ་ཞི་རེད།མ་འོངས་རིང་ལུགས་པའི་དཔལ་བརྟུལ་ཆེན་པོ་ཞིག་ཀྱང་རེད།ཁོང་སྐུ་གཞོན་ནུའི་དུས་ནས་རྩོམ་རིག་གསར་རྩོམ་ལ་དད་ཞེན་ཆེ་ཞིང་།སྙན་ངག་གི་རྣམ་པར་ལེགས་བསྒྱུར་གསར་བཅོས་བྱ་རྒྱུའི་འདུན་པ་ཞུགས་པ་མ་ཟད།རིང་པོར་མ་ཐོགས་པར་མ་འོངས་རིང་ལུགས་པའི་སྲོལ་ཤིང་ལྟ་བུར་གྱུར།ཁོང་གིས་ཧུར་བརྩོན་བསྐྱེད་ཆེན་པོས་གསར་རྩོམ་ལ་ཞུགས་ཤིང་།མ་འོངས་རིང་ལུགས་པའི་སྒྱུ་རྩལ་རྩ་དོན་དང་གཞུང་ལུགས་རྣམ་གཞག་ལག་ལེན་དུ་བསྟར་ཏེ།སྔ་ཕྱིར་<<སྙན་ངག>>དང་<<མེ་རྒྱག་མཁན>><<སྐྱོ་སྣང་གི་ལྗོངས་རྒྱུ>>སོགས་སྙན་དེབ་དང་།<<བྷེ་ལའི་ཞལ་ལྕེ>>དང་<<དུས་རབས་བཅུ་དགུ་པའི་དོན་གནད>>སོགས་སྒྲུང་རིང་མང་པོ་སྤེལ་ཏེ་མ་འོངས་རིང་ལུགས་པའི་རྩོམ་རིག་གི་འཕེལ་རྒྱས་ལ་མཛད་རྗེས་རླབས་པོ་ཆེ་བཞག་ཡོད།

ཡིན་ནའང་།ཕ་ལ་ཙེ་ཟི་ཆིས་མ་འོངས་རིང་ལུགས་པའི་གྲུབ་མཐར་ཞུགས་པའི་རྒྱུ་རྐྱེན་གཙོ་བོ་ནི་གཅིག་ནས་སྐབས་དེའི་སྤྱི་ཚོགས་ཀྱི་དངོས་ཡོད་གནས་ཚུལ་ལ་མི་མོས་པ་དང་།གཉིས་ནས་སྙན་ངག་གི་རྣམ་པར་གསར་བཅོས་ལེགས་བསྒྱུར་བྱེད་པའི་འདོད་འདུན་གྱིས་སྐུལ་བ་ཞིག་ཡིན་པས།ཁོང་གི་བརྩམས་འབྲས་རྣམས་མ་རི་ནེ་ཐི་སོགས་ཀྱི་བརྩམ་བྱ་དང་མི་འདྲ་བར་རེ་སྙེགས་ལྡན་ཅིང་།གོ་བ་གསར་པ་ཡོད་ལ།སྙན་རོས་ཕྱུག་པ་ཞིག་ཡིན་པས་མ་འོངས་རིང་ལུགས་པའི་བརྩམ་བྱའི་ཕྲོད་ཀྱི་ལེགས་ཤོས་སུ་གྲུབ་ཡོད།དཔེར་ན།ཁོང་གི་སྙན་ངག་<<ང་སུ་རེད་དམ>>ལྟ་བུར་མཚོན་ན་མ་འོངས་རིང་ལུགས་པའི་སྙན་ངག་གི་དཔེ་མཚོན་དུ་རུང་བ་ཞི་རེད།ཡིན་ནའང་།གལ་སྲིད་ང་ཚོས་བརྩམ་བྱ་དེའི་སྲོག་གམ་སྙིང་པོར་གོ་བ་ལེན་མ་ཐུབ་ན།སྒྱུ་རྩལ་མཚོན་ཐབས་ཁོ་ནའི་ཐོག་ནས་དམིགས་སུ་བཀར་བའི་ཁྱད་ཆོས་ཤིག་རྙེད་དཀའ་བ་ཙམ་རེད།དོན་དངོས་ཐོག་སྙན་ངག་དེས་མཚོན་པར་འདོད་པ་ནི་རང་གི་ཡིད་བྱེད་ལ་རྟོག་འཇུག་བཤག་བཅོས་བྱས་པའི་ཐོག་ནས་ནང་སེམས་ཀྱི་འཇིག་རྟེན་གྱི “སྨྱོ་འཚུབ”དང་།“སྐྱོ་གདུང་”“ཡིད་ཆད”བཅས་འཁྱེར་ཏེ་འཇིག་རྟེན་ལ་བལྟ་བ་དང་།ཡོད་ཚད་ལ་བསུན་འབྱིན་བྱས་པའི་ཐོགཕྱི་རོལ་དངོས་ཡོད་ཀྱི་འཆིང་རྒྱ་ལས་གྲོལ་བའི་རབ་རིབ་ཀྱི་མ་འོངས་ཞིང་ཁམས་ཤིག་ལ་སྙེགས་པའི་འདོད་འདུན་དེ་མཚོན་པ་རེད། སྙན་ངག་པས་བལྟས་ན།

ས་སུ་རེད་དམ?

-རྣམ་ཤེས་ཀྱིས་དེད་པའི་ཟོག་པོ་ཞིག སྐབས་འདིའི་“ང”ནི་སྙན་ངག་པ་ཁོང་རང་གཅིག་པུ་ཙམ་མ་ཡིན་པར་སྐབས་དེའི་དངོས་ཡོད་སྤྱི་ཚོགས་ཀྱི་ད་ཡོད་སྣང་ཚུལ་ལ་མ་མོས་ཤིང་།རྩོམ་རིག་དང་སྤྱི་ཚོགས་ཀྱི་ཐར་ལམ་ཞིག་འཚོལ་སྙེགས་ལ་གཞོལ་བའི་གཞོན་སྐྱེས་ཚོའི་བསྡུས་རིས་ཤིག་རེད།དེར་བརྟེན།མ་གཞི་ཕ་ལ་ཙེ་ཟི་ཆིས་ཀྱང་གཞུང་ལུགས་རྣམ་གཞག་ཐད་ཐལ་ཆེ་བའི་ལྟ་ཚུལ་འགའ་སྟོན་ཡོད་མོད།སྤྱིའི་ཆ་ནས་ཁོང་ནི་གཡོན་ཕྱོགས་ཤས་ཆེ་བའི་ཞིག་ཡིན་ཞིང་མ་རི་ནེ་ཐེའི་ལྟ་ཚུལ་འདོད་སྟངས་ལའང་མི་མོས་པ་ཡིན་པས།སྤྱི་ལོ་༡༠༡༤ལོར་མ་རི་ནེ་ཐིས<<མ་འོངས་རིང་ལུགས་དང་ཧྥ་ཤི་སི་རིང་ལུགས>>ཞེས་པའི་རྩོམ་ཡིག་སྤེལ་ཏེ་རྨུ་ཟོ་ལི་ཉི་དང་ངན་པ་ལག་སྦྲེལ་བྱེད་པ་སྤྱི་ཁྱབ་ཏུ་བསྒྲགས་རྗེས་ཚམ་ཚོམ་མེད་པར་མ་འོངས་རིང་ལུགས་དང་ཁ་བྲལ་ཏེ་རང་ཉིད་ཀྱི་ལམ་བུ་བཤངས་པར་ཆས་སོ།

B.ཧྥ་རན་སིའི་མ་འོངས་རིང་ལུགས།

ཨེ་ཌ་ལིའི་མ་འོངས་རིང་ལུགས་ཚ་ཚ་འུར་འུར་དུ་འཕེལ་རྒྱས་འགྲོ་བའི་དྲོད་རླབས་དེ་ཧྥ་རན་སིར་འབྱོར་རྗེས། མི་ཚེའི་ཤུལ་ལམ་སྟེང་གི་ཀྱག་ཀྱོག་དཀའ་ཚེགས་མང་པོ་ཞིག་གི་དབང་གིས་ད་ཡོད་སྤྱི་ཚོགས་ཀྱི་གནས་སྟངས་ལ་ཡེ་ནས་མི་མོས་པའི་སྙན་ངག་པ་ཨ་པོ་ལི་ནེར་(CuillaymeApollnaie1880-1918)ལ་བག་ཆགས་ཟབ་པོ་བྱུང་སྟེ་དང་ལེན་དང་གསར་གཏོད་ལྷན་དུ་འབྲེལ་བའི་སྒོ་ནས་འབུར་གཟུགས་མ་འོངས་རིང་ལུགས་པའི་སྲོལ་ཕྱེ།དེ་ཡང་ཨེ་ཌ་ལིའི་མ་འོངས་རིང་ལུགས་ནི་སྲོལ་འབྱེད་མཁན་པོ་མ་རི་ནེ་ཐེའི་གྲགས་ཤུགས་དབང་གིས་ཆབ་སྲིད་བསམ་བློའི་ཐད་ནས་ཧྥ་ཤི་སི་རིང་ལུགས་དང་གཉེན་མཐུན་བྱེད་པ་ཤས་ཆེ་ཤིང་།ཧྥ་རན་སིའི་མ་འོངས་རིང་ལུགས་ནི་གཙོ་བོ་སྒྱུ་རྩལ་ཐད་ནས“སྲོལ་རྒྱུན་ལ་རྒྱབ་གཏོད་བྱེད་པ”དང་།“མ་འོངས་ལ་མངོན་དུ་ཕྱོགས་པ”སྙིང་པོར་བྱེད་པ་ཞིག་ཡིན་པས་དེ་གཉིས་བར་ཁྱད་པར་ཆེན་པོ་ཡོད་པ་ནི་ཤེས་སླ།

ཨ་པོ་ལི་ནེར་ཆུང་ངུའི་དུས་སུ་འཚོ་བའི་ཐད་ཀྱི་དཀའ་ངལ་མང་པོ་ཐུག་པས་ཡིད་སྐྱོ་ཞིང་།ད་ཡོད་སྤྱི་ཚོགས་ཀྱི་གནས་སྟངས་ལ་བློ་མོས་མེད་ལ།བྷི་ཁ་ཟོ་(PabloRuizPicasso )སོགས་སྐབས་དེའི་ཧྥ་རན་སིའི་དེང་རབས་རིང་ལུགས་པའི་སྒྱུ་རྩལ་བ་མང་པོ་དང་འབྲེལ་འདྲིས་ཟབ་པའི་དབང་གིས་འབུར་གཟུགས་རིང་ལུགས་(Cudism  )པའི་རི་མོ་དང་།དེང་རབས་རིང་ལུགས་པའི་སྙན་ངག་སྐོར་གྱི་དཔྱད་རྩོམ་སྤེལ་ཏེ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་ཐབས་བྱེད་ཀྱིན་ཡོད་པས།མ་རེ་ནེ་ཐིའི་སྲོལ་རྒྱུན་ལ་རྒྱབ་ཀྱིས་གཏོད་དེ་མ་འོངས་པའི་སྒྱུ་རྩལ་གསར་པ་སྐྲུན་དགོས་པར་སྨྲ་བའི་འདོད་ཚུལ་ལ་མོས་པ་རང་ཤུགས་སུ་སྐྱེས་ཏེ།འབད་པས་གསར་རྩོམ་ལ་ཞུགས་པའི་འབྲས་བུ་གང་མང་ཐོབ་པ་ལས་སྙན་ངག་ཁག་ཅིག་བསྡུས་ཏེ་<<བདུད་རྩི་གཡང་འཁྱིལ>>གྱི་མིང་དུ་བྱས་ནས་དཔར་སྐྲུན་བྱས་པ་མ་ཟད།ལོ་དེ་རང་(༡༩༡༣)ལ་<<སྲོལ་རྒྱུན་ལ་རྒྱབ་ཀྱིས་ཕྱོགས་པའི་མ་འོངས་རིང་ལུགས>>ཞེས་པའི་དཔྱོད་རྩོམ་སྤེལ་ཏེ་“འབུར་གཟུགས་མ་འོངས་རིང་ལུགས”ཀྱི་སྲོལ་དངོས་སུ་ཕྱེ་བ་དང་།སྒྱུ་རྩལ་བ་ཚོས་མཛེས་ཚོར་གསར་པ་དང་།སྒྱུ་རྩལ་ཐབས་འཕྲུལ་གསར་པར་འཚོལ་ཞིབ་རེ་སྙེགས་བྱེད་དགོས་པའི་བླང་བྱ་བཏོན།

<<བདུད་རྩི་གཡང་འཁྱིལ་>>ནི་ཨ་པོ་ལི་ནེར་གྱི་ཚབ་མཚོན་སྙན་དེབ་ཅིག་རེད་ལ།སྙན་ངག་གི་སྒྱུ་རྩལ་ལ་འཚོལ་ཞིབ་བྱས་པའི་དུས་ཐོག་མའི་འབྲས་བུ་ཞིག་ཀྱང་ཡིན་པས།དེབ་དེའི་ནང་སྙན་ངག་པ་ཁོང་གིས་བབ་ཆགས་ལ་གོ་བདེ་བ་དང་།ལྷུན་སྡུག་ཡི་གར་འོང་བའི་རྣམ་པའི་ཐོག་ནས་བརྩམས་ཏེ་སྲོལ་རྒྱུན་སྙན་ངག་གི་འཆིང་རྒྱ་ལས་གྲོལ་ཡོད་ལ།ཡང་བསྡུས་བརྗོད་རིང་ལུགས་པའི་སྙན་ངག་ལྟར་ཚིག་མཁྲེགས་ལ་གོ་དཀའ་བ་དེ་འདྲ་ཡང་མ་ཡིན་པའི་སྙན་ངག་གི་རྣམ་པ་གསར་པ་ཞིག་གཏོད་ཡོད་པ་དཔེར་ན་སྙན་དེབ་དེའི་ནང་བསྡུས་པའི<<རྨི་ལ་བྷོ་ཟམ་པ>>ཞེས་པ་ལྟ་བུ་བཀླགས་ན་གསལ་པོར་ཤེས་ཐུབ།

སྤྱི་ལོ༡༩༡༣ལོར་འབུར་གཟུགས་མ་འོངས་རིང་ལུགས་ཀྱི་སྲོལ་དངོས་སུ་ཕྱེ་ནས་བཟུང་།ཨ་པོ་ལི་ནེར་གྱིས་སྙན་ངག་གི་རྣམ་པར་གསར་གཏོད་རང་བཞིན་ལྡན་པའི་འཚོལ་ཞིབ་ལྷོད་མེད་བྱས་ཡོད་ཅིང་།བརྩམས་འབྲས་ཀྱང་གང་མང་སྤེལ་ཡོད་པ་རྣམས་ཕྱིས་སུ<<མཛེས་སྡུག་ལྡན་པའི་ཡི་གེ>>ཞེས་ཁ་བྱང་དུ་བཀོད་ནས་དཔར་སྐྲུན་ཞུས་ཡོད་པ་དེ་ནི་ཁོང་གི་ཚབ་མཚོན་རང་བཞིན་ལྡན་པའི་བརྩམས་དེབ་གཞན་ཞིག་རེད།བརྩམ་བྱ་དེ་ཚོའི་ནང་ཁོང་གིས་བློ་ཁོག་ཆེན་པོའི་སྒོ་ནས་སྙན་ངག་གི་རྣམ་པ་དང་མཚོན་ཚུལ་ལ་གསར་གཏོད་བྱས་ཏེ།སྐས་རིམ་ཅན་གྱི་སྙན་ངག་དང་།རི་མོའི་སྙན་ངགབགྲོ་གླེང་སྙན་ངག་སོགས་སྙན་ངག་གི་རྣམ་པ་གསར་པ་མང་དུ་གཏོད་དེ་སྙན་ངག་དེ་ཉིད་དེང་རབས་འཚོ་བའི་ཁྱད་ཆོས་དང་གང་ཐུབ་བམ་དེང་རབས་འཚོ་བའི་རང་བཞིན་མཚོན་གང་ཐུབ་བྱེད་པ་དང་།སྙན་ངག་དང་རི་མོ་ཟུང་དུ་སྦྲེལ་ཏེ་སྙན་ངག་ཡིན་ལ་རི་མོའང་ཡིན་པའི་རྣམ་པར་སྐྲུན་པ་དཔེར་ན་<<བསད་སོང་བའི་ཞི་བདེའི་ཕུག་རོན>>ཞེས་པའི་སྙན་ངག་དེ་ཉིད་ཕུག་རོན་ཞིག་ལ་མཚོན་ཆ་ཕོག་སྟེ་ཆུར་ཟག་ཅིང་།ཆུའི་ཟེགས་མ་མཁའ་ལ་འཐོར་བའི་དབྱིབས་སུ་བྲིས་ཡོད་པ་ལྟ་བུ་ཁྱབ་གདལ་དུ་འགྲོ་དཀའ་ལ་ཁྱབ་གདལ་དུ་གཏོང་བའི་དགོས་པའང་ཆེན་པོ་མེད་པ་ལྟ་བུ་བྱུང་ཡོད་མོད།སྒྱུ་རྩལ་གསར་གཏོད་ལ་མཚོན་པའི་རིན་ཐང་ནི་ཚང་མས་ཁས་ལེན་དགོས་པ་ཞིག་རེད།

ཨ་པོ་ལེ་ནེར་གྱིས་ད་དུང་དངོས་བརྒལ་རིང་ལུགས་ཀྱི་ཁྱད་ཆོས་དང་ལྡན་པའི་ཟློས་གར་འཁྲབ་གཞུང་<<དྷེ་རོ་ཤིའི་ནུ་མ་>>ཞེས་པ་སོགས་ཀྱང་བརྩམས་པ་དེས་ཕྱིས་འབྱུང་རྩོམ་རིག་སྒྱུ་རྩལ་ལ་ཤུགས་རྐྱེན་ཟབ་ཅིང་།དངོས་བརྒལ་རིང་ལུགས་པའི་སྲོལ་གཏོད་མཁན་པོ་བྷོ་རེ་ཐོན་(AndreBreton    1896-1966)གྱིས་ཐ་ན་ཨ་པོ་ནེར་དངོས་བརྒལ་རིང་ལུགས་ཀྱི་ཡང་མེས་སུ་བཀུར་གྱི་ཡོད་པ་སོགས་ཀྱང་ཞོར་དུ་ཤེས་པར་བྱའོ།།

C,ཨུ་རུ་སུའི་མ་འོངས་རིང་ལུགས།

དུས་རབས་བཅུ་དགུ་དང་ཉི་ཤུའི་སྦྲེལ་མཚམས་ཀྱི་ཨུ་རུ་སུ་ནི་འབྱོར་ཆུང་གྲལ་རིམ་ཤིན་ཏུ་མང་བའི་རྒྱལ་ཁབ་ཅིག་ཡིན་ཞིང་།འབྱོར་ཆུང་གྲལ་རིམ་གྱི་ཤེས་ཡོན་ཅན་པའི་ཁྲོད་ན་ད་ཡོད་སྤྱི་ཚོགས་ཀྱི་གནས་སྟངས་ལ་མི་འོས་པའི་བསམ་རྒྱུན་ཤུགས་དྲག་ཏུ་ལྡང་བཞིན་ཡོད་པས།ཨེ་ཌ་ལིར་མ་འོངས་རིང་ལུགས་ཀྱི་གྲུབ་མཐའ་དར་བའི་ཕྱི་བཞིན་ཨུ་རུ་སུར་ཡང་དར་བྱུང་ལ།ལྷག་པར་སྤྱི་ལོ་༡༩༡༣ལོར་མ་ནེ་ཐི་ཨུ་རུ་སུར་མ་འོངས་རིང་ལུགས་པའི་ལྟ་ཚུལ་དྲིལ་བསྒྲགས་བྱེད་པར་སླེབས་པ་ནས་བཟུང་དེ་བས་ཀྱང་དར་སྒོ་རྒྱས་པ་བྱུང་།དེར་བརྟེན།ཨུ་རུ་སུའི་མ་འོངས་རིང་ལུགས་དང་ཨེ་ཌ་ལོའི་མ་འོངས་རིང་ལུགས་གཉིས་བར་མཐུན་ཁྱད་ཆེ་བར་ཡོད་པ་དཔེར་ན།དེ་གཉིས་ཀས་སྲོལ་རྒྱུན་ཤུལ་བཞག་ཡོད་ཚད་རྩིས་མེད་དུ་བྱེད་པ་དང་།འགུལ་བསྐྱོད་དང་།མགྱོགས་ནུས།གསར་གཏོད་བཅས་ལ་ཡིད་སྨོན་བསྔགས་དབྱངས་གྱེར་བ།སྔར་ཡོད་སྐད་བརྡའི་གོམས་སྲོལ་འགྲོ་སྟངས་ལ་རྩིས་མེད་ཀྱིས་རང་དགར་མིང་བརྡའི་སྦྱོར་བ་སྤེལ་བ་སོགས་འདྲ་བའི་ཆ་མང་དུ་ཡོད་ལ།ཡང་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ཁོར་ཡུག་མི་འདྲ་བ་དང་།རྩོམ་མཁན་སོ་སོའི་འཚོ་བའི་མྱོང་གོམས་མི་མཐུན་པ་སོགས་ཀྱི་དབང་གིས་དེ་གཉིས་བར་ཁྱད་པར་ཡང་མི་ཆུང་བར་ཡོད་དེ།ཨུ་རུ་སུའི་མ་འོངས་རིང་ལུགས་པ་ཚོས་ཀྱང་སྲོལ་རྒྱུན་རིག་གནས་ཡོད་ཚད་དོར་དགོས་པར་སྒྲོག་མོད།ཁོ་ཚོའི་ཁ་གཏད་ས་གཙོ་བོ་ཨུ་རུ་སུའི་ཉོབ་མདངས་འཆོར་བའི་རིག་རྩལ་བྱ་བར་དམིགས་པ་ཡིན་པས།རིག་རྩལ་གྱི་མཁའ་དབུགས་གསར་པ་བསྐྱེད་པའི་དགེ་མཚན་ལྡན་ཡོད་པ་དང་།ཨུ་རུ་སུའི་མ་འོངས་རིང་ལུགས་པ་ཚོས་ཀྱང་འགུལ་བསྐྱོད་དང་།མགྱོགས་ནུས་ཀྱིས་མཚོན་པའི་འཕྲུལ་ཆས་ཤེས་རག་ལ་ཡིད་སྨོན་དགའ་འབོད་བྱེད་མོད།མ་རྩ་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་གྱིས་མི་དམངས་མང་ཚོགས་ལ་སྟེར་བའི་དཀའ་སྡུག་དང་ཟུག་རྔུ་ཡང་མཐོང་ཐུབ་ཀྱི་ཡོད་པ།ལྷག་པར་ཆབ་སྲིད་བསམ་བློའི་ཐད་ནས་ཨུ་རུ་སུའི་མ་འོངས་རིང་ལུགས་པ་ཚོ་གཡོན་ཕྱོགས་ཤས་ཆེ་བ་ཡིན་པས་དྲང་བདེན་དང་།གསར་བརྗེའི་རང་བཞིན་ཐད་ཨེ་ཌ་ལིའི་མ་འོངས་རིང་ལུགས་པས་ཧྥ་ཤི་སོར་རོགས་མཐུན་བྱེད་པ་ལས་རྒྱབ་ཕྱོགས་པ་ཞིག་ཡིན་པ་འདི་ནི་ཁོ་གཉིས་ཀྱི་ཁྱད་པར་འབྱེད་ཆོས་གཏིང་ཟབ་ཤོས་ཤིག་ཡིན་པ་རེད།ཨུ་རུ་སུའི་མ་འོངས་རིང་ལུགས་ལ་བདག་ཉིད་མ་འོངས་རིང་ལུགས་(自我未来主义)དང་འབུར་གཟུགས་མ་འོངས་རིང་ལུགས(立体未来主义)གཉིས་ཡོད་པ་ལས།བདག་ཉིད་མ་འོངས་རིང་ལུགས་ཀྱི་སྲོལ་སྙན་ངག་པ་ཤེ་ཝི་ལེས་ཉིང་(Cebeprhnh,1887-1941)གིས་སྤྱི་ལོ་༡༩༡༡ལོར་ཕྱེ་ཞིང་།སྲོལ་འདི་འཛིན་པ་དག་གིས་ཀྱང་ད་ཡོད་སྤྱི་ཚོགས་ཀྱི་གནས་སྟངས་ལ་སེམས་གཏིང་ནས་མི་མོས།འོན་ཀྱང་ཁོ་ཚོས་རང་ཤེད་རིང་ལུགས་ཀྱི་བསམ་བློའི་རྨང་གཞིའི་ཐོག་ནས་རང་དོན་འབའ་ཞིག་ཁ་ན་འཁྱེར་ཞིང་།བདག་ཉིད་ཁོ་ན་བླ་རུ་བཀུར་བས་གཞན་ལ་བག་ཆགས་དེ་ཙམ་འཇོག་མ་ཐུབ་པར་འཛམ་གླིང་དམག་ཆེན་དང་པོའི་རྗེས་ནུབ་པར་ཏུ་གྱུར།

སྤྱི་ལོ་༡༩༡༢ལོར་སྙན་ངག་པ་ཧེ་ལེ་བྷོན་ཁོབ་(B,Xebbhnkob,1885-1923)མེར་ཁོབ་སི་ཁེ་(B.B.Marklbcknn.  ,1893-1930)སོགས་ཀྱི་སྙན་ངག་<<ཚོགས་མོས་པར་འགྲམ་ལྕག་ཅིག་ཞུས>>བྱ་བ་ཞིག་དཔར་སྐྲུན་བྱས་པའི་ནང་མེར་ཁོབ་སི་ཁི་སོགས་ཀྱིས་སྙན་དུ་བྲིས་པའི<<བསྒྲགས་གཏམ>>ཞིག་བཀོད་ཡོད་པ་དང་།<<བསྒྲགས་གཏམ>>དེའི་ནང་ཁོང་ཚོའི་རྩོམ་རིག་ལྟ་བ་ཞིབ་ཅིང་རྒྱས་པར་གླེང་ཡོད་ལ།ཁོ་ཚོས་བརྩམས་པའི་སྙན་ངག་མང་ཆེ་བ་ཧྥ་རན་སིའི་འབུར་གཟུགས་མ་འོངས་རིང་ལུགས་པ་ཨ་པོ་ནེར་གྱི་སྐས་རིམ་ཅན་གྱི་སྙན་ངག་གི་ཤན་ཞུགས་ཕོག་ཡོད་པ་དེ་རིགས་འདྲེན་བྱེད་མིག་གི་ལམ་དུ་ཤར་དུས་འབུར་གཟུགས་ཀྱི་ཁྱད་ཉམས་དང་ལྡན་པར་སྣང་བས་འབུར་གཟུགས་མ་འོངས་རིང་ལུགས་ཅེས་མིང་གྲགས།

འབུར་གཟུགས་མ་འོངས་རིང་ལུགས་པའི་སྲོལ་གཏོད་མཁན་པོ་གཙོ་བོ་ཧེ་ལེ་བྷོན་ཁོབ་ཡིན་རུང་།གསར་རྩོམ་གྱི་ལག་ལེན་ཐོག་གྲུབ་འབྲས་ཆེ་ཤོས་ཐོབ་པ་ནི་དུས་སྔ་ཆའི་མེར་ཁོབ་སི་ཁི་ཡིན་པ་རེད།མ་གཞི་ཁོ་ཚོས་སྤེལ་བའི་<<བསྒྲགས་གཏམ>>ནང་“ཕུ་ཧྲི་དང་།ཐོ་ཟི་ཐོ་ཡིབ་སོ་ཁི་ཐོ་རུ་སི་ཐེ་སོགས་དེང་རབས་གྲུ་རྫིངས་སྟེང་ནས་གཡུག་དགོས་པ”པར་བཤད་དེ་སྲོལ་རྒྱུན་ཡོད་ཚད་རྩིས་མེད་དུ་གཏིང་རྩིས་ཡིན་མོད།གོང་དུ་བཤད་པ་ལྟར་ཁོ་ཚོས་སྲོལ་རྒྱུན་ལ་རྩིས་མེད་བྱེད་པ་དེ་ཨེ་ཌ་ལིའི་མ་འོངས་རིང་ལུགས་པ་ཚོ་དང་མི་འདྲ་བར་གཙོ་བོ་སྐྱུག་བྲོ་བའི་རྗེས་ལུས་ཀྱི་རྣམ་པ་དོར་ཞིང་།མཛེས་སྡུག་གི་མ་འོངས་ཤིག་ལ་བློ་ཁ་ཕྱོགས་པ་ཞིག་ཡིན་པ་དཔེར་ན།མེར་ཁོབ་སི་ཁིའི་སྙན་ངག་<<མཚན་མོ་>>དང་།<<གྲོང་ཁྱེར་གྱི་དམྱལ་ཁམས་ཆེན་མོ>>།དེ་བཞིན་སྙན་ངག་ཆེན་པོ<<དོར་མ་གྱོན་པའི་སྤྲིན་པ>>ལྟ་བུ་སོགས་ལ་བལྟས་ན་གསལ་པོར་མཐོང་ཐུབ་པ་ཡིན།

<<དོར་མ་གྱོན་པའི>>སྤྱི་ལོ་༡༩༡༥ལོར་སྤེལ་བ་ཡིན་ཞིང་།འདིའི་ནང་མ་འོངས་རིང་ལུགས་པའི་རྩོམ་རིག་གསར་རྩོམ་གྱི་འདོད་ཚུལ་རྩ་དོན་ཁག་གསལ་པོར་མངོན་ཡོད་ལ།སྙན་ངག་པ་ཁོང་རང་གིས་གསུངས་པ་ལྟར་ལྟར་ན།“དབྱངས་ཚན་བཞི་ལས་གྲུབ་པའི་རོལ་དབྱངས་”(སྙན་ངག་འདི་ཀོའི་ཁ་བྱང་ཕལ་པ་རེད)འདིའི་དབྱངས་ཚན་བཞི་ནི་“འབོད་སྒྲ་བཞི”ཡིན་ཏེ།“ཁྱོད་ཚོའི་བརྩེ་བ་དུང་གཏོར་ཕམ་གཏོང་དགོས་”པ་དང་། “ཁྱོད་ཚོའི་སྒྱུ་རྩལ་གཏོར་ཕམ་གཏོང་དགོས་”པ།“ཁྱོད་ཚོའི་ལམ་ལུགས་གཏོར་ཕམ་གཏོང་དགོས་”པ།“ཁྱོད་ཚོའི་ཆོས་ལུགས་གཏོར་ཕམ་གཏོང་དགོས”པ་བཅས་ཡིན་པ་དེ་དག་གི་ནང་དངུལ་གྱིས་དང་།དངུལ་གྱིས་བཏུལ་བའི་བརྩེ་དུང་ལ་འཁང་ར་དང་རྒྱབ་གཏོད་བྱས་པ་དང་།དངུལ་གྱིས་བཏུལ་བའི་བརྩེ་དུང་ལ་འཁང་ར་དང་རྒྱབ་གཏོད་བྱས་པ་དང་།དངུལ་གྱིས་བཏུལ་བའི་བརྩེ་དུང་ལ་ཐོབ་ཏུ་མེད་པའི་རང་ཉིད་ཀྱི་སྐྱོ་གདུང་དེས་སྐུལ་ཏེ་གསར་བརྗེ་བྱེད་དགོས་པའི་ངར་ཤ་སློང་བ་དང་ཆབས་ཅིག་བདག་ཉིད་མ་འོངས་རིང་ལུགས་ལ་སོགས་པའི་སྒྱུ་རྩལ་ཞེན་ཕྱོགས་སྐྱུག་བྲོ་བ་དེ་རིགས་ལ་བསུན་འབྱིན་དགག་རྒྱག་བྱས་ཡོད་ལ།མཐའ་མར་ཆོས་ལུགས་ཀྱི་ཚངས་སྤྱོད་རིང་ལུགས་ལ་སུན་འབྱིན་དང་འབྲེལ་ཆོས་ལུགས་ནི་མི་རྣམས་ཀྱི་ཡིད་སེམས་སྡུག་ལ་སྦྱོར་བའི་བྱེད་གཏེ་ཡིན་པར་སྙམ་སྟེ་འཁང་ཞིང་ཁྲོ་བའི་གད་རྒྱངས་སྒྲོག་པར་བྱས་ཡོད་པ་རེད།

དེ་ལྟར་།སྙན་ངག་མཁན་པོས<<དོར་མ་གྱོན་པའི་སྤྲིན་པ>>ཞེས་པའི་ནང་རང་ཉིད་འཇིག་རྟེན་རྙིང་པ་གཏོར་མཁན་དང་།རིག་གནས་རྙིང་པར་རྒྱབ་གཏོད་བྱེད་མཁན་ཞིག་ཏུ་བྱས་ཏེ།མ་རྩ་རིང་ལུགས་ཀྱི་ལམ་ལུགས་དང་ཤེས་རིག་ལ་སྙིང་ལ་ཟུག་པའི་ཟུར་ཟ་དང་དགག་རྒྱག་གིས་གསར་བརྗེའི་ནང་དོན་བསྟན་ཡོད་མོད།མ་འོངས་རིང་ལུགས་པའི་བསམ་རྒྱུན་བརྟས་ཤིང་།གསར་བརྗེའི་གོ་རྟོགས་ད་དུང་དམའ་པོར་ལུས་ཡོད་པས་རྩོམ་གྱི་ནང་དོན་ཐད་འབྱོར་ཆུང་གྲལ་རིམ་གྱི་བྱིས་བློའི་སྐྱོན་ཡོད་ལ།སྒྱུ་རྩལ་མཚོན་ཚུལ་དང་མཛེས་འཛིན་ཞེན་ཕྱོགས་ཐད་མ་འོངས་རིང་ལུགས་པའི་ཁྱད་ཆོས་མངོན་ཆེ་གཏིང་ཟབ་ཏུ་ཡོད་པའང་གསལ་པོར་མཐོང་ཐུབ་པ་ཡིན།

ཟླ་བ་བཅུ་པའི་གསར་བརྗེ་ལངས་པ་ནས་བཟུང་མེར་ཁོབ་སི་ཁིའི་བསམ་བློར་འགྱུར་བ་ཤུགས་ཆེན་བྱུང་ཞིང་།གསར་རྩོམ་གྱི་ཆུ་ཚོད་གསར་པ་ཞིག་ཏུ་སླེབས་པ་མ་ཟད།མཐར་མ་འོངས་རིང་ལུགས་ལས་བརྒལ་ཏེ་དངོས་ཡོད་རིང་ལུགས་ཀྱི་ཕྱོགས་སུ་འཕེལ་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྙན་ངག་གསར་པའི་ལམ་ཡངས་པོར་ཕྱེ་བ་ཡིན་ནོ།

༣.སྒྱུ་རྩལ་གྱི་ཁྱད་ཆོས།

གོང་དུ་ང་ཚོས་ལེ་ཚན་དང་པོའི་ནང་བརྗོད་ཟིན་པ་ལྟར།མ་འོངས་རིང་ལུགས་ནི་ཚན་རྩལ་གསར་བརྗེ་ཐེངས་གཉིས་པས་བསྐྱེད་པའི་བཟོ་ལས་དང་འཕྲུལ་ཆས་རིག་གནས་ཀྱིས་གནམ་སར་བསྐྱལ་བ་བྱེད་པའི་དོན་གནད་ལ་བག་ཆགས་བརྟས་པས་སྐུལ་ཞིང་།དེང་རབས་མཚན་ཉིད་རིག་པའི་བསམ་རྒྱུན་གྱི་ཤན་ཞུགས་བསྡོམས་པ་ལས་ཐོན་པའི་རིག་རྩལ་བསམ་རྒྱུན་ཞིག་རེད་ལ།སྤྱིར་བཏང་གི་བསམ་རྒྱུན་ཙམ་མ་ཟད།ད་དུང་སོ་སོའི་བསྒྲགས་གཏམ་གྱིས་མཚོན་པའི་རིག་རྩལ་གསར་རྩོམ་གྱི་འདོད་ཚུལ་དང་།རྩ་དོན་སོགས་ཁ་ཚང་ཡོད་པ་ཞིག་ཡིན་ཕྱིར།ཁོ་ཚོའི་འབད་འབུངས་ཧུར་བསྐྱེད་ཀྱི་རྩོལ་བ་ལས་ཐོབ་པའི་བརྩམས་འབྲས་རྣམས་ལའང་སྲོང་རྒྱུན་རྩོམ་རིག་སྨོས་ཅི། དེང་རབས་རིང་ལུགས་པའི་གྲུབ་མཐའ་གཞན་པ་དང་ཡང་མི་འདྲ་བའི་ཁྱད་ཆོས་རང་མཚན་པ་མངོན་གསལ་དུ་འདོད་ཡོད་དེ།

༡)“འགུལ་བསྐྱོད་རང་བཞིན”རྩལ་དུ་འདོན་པ།མ་འོངས་རིང་ལུགས་པ་ཚོས་བལྟས་ན།“འགུལ་བསྐྱོད་”ནི་ད་ལྟ་དང་མ་འོངས་དུས་རབས་ཀྱི་མངོན་རྟགས་ཡིན་ལ།སྟོབས་དང་ཤུགས་ནི་འཚོ་བའི་མཛེས་ཆོས་བཟང་ཤོས་ཡིན་པས།མ་འོངས་པ་དེ་ཉིད་མགྱོགས་སྟོབས་མྱུར་ཤུགས་ལ་དབང་ངེས་པ་ཡིན་ཕྱིར།རྩོམ་རིག་སྒྱུ་རྩལ་གྱིས་ངེས་པར་དུ་ཐོན་སྐྱེད་རྣམ་པའི་འགྱུར་བ་དང་བསྟུན་ཏེ་རང་ཉིད་ཀྱི་རྣམ་པར་ཡང་འགྱུར་བ་གཏོང་དགོས་པར་བཞེད་ལ།ཁོ་ཚོས་འཚོལ་ཞིང་སྙེགས་པའི“མ་འོངས་ཀྱི་སྒྱུ་རྩལ་གསར་པ”དེའི་འོས་འགན་ཡང་འགུལ་བསྐྱོད་དང་།མྱུར་ཚད།སྟོབས་ཤུགས་བཅས་ཀྱི་མཛེས་ཆ་དག་མཚོན་པར་བྱ་རྒྱུ་དེ་རེད།གང་ཞིག་མྱུར་མགྱོགས་སྟོབས་ནུས་དང་ལྡན་པ་དེ་ཉིད་གསོན་ཤུགས་ཀྱིས་ཕོངས་པ་ཡིན་པས།ཁོ་ཚོའི་སྣང་ངོར“དབུགས་རིས་ནར་ནར་དུ་རྒྱུག་འགྲོ་བའི་རླངས་འཁོར”དེ་མཛེས་སྡུག་ལྡན་པ་ཞིག་རེད་ལ།འགུལ་མེད་ཚུགས་པོར་གནས་པའི་བརྐོས་རིང་ལྟ་བུ་ནི་ཡིད་ལ་གཟན་པ་ཙམ་རེད།དེར་བརྟེན།ཁོ་ཚོའི་བརྩམ་བྱའི་ནང་ཐབས་ནུས་ཡོད་རྒུས་འགུལ་བསྐྱོད་དང་།མྱུར་ཚད།སྟོབས་ཤུགས་སོགས་མཚོན་པར་བྱེད་ལ།དམག་འཁྲུག་ཀྱང་འགུལ་བསྐྱོད་ཅིག་དང“འཛམ་གླིང་ལ་བྱི་དོར་བྱེད་པ”ཞིག་ཏུ་བརྩིས་ཏེ་བསྔགས་པའི་མགྲིན་པ་མཐོན་པོར་སྒྲེང་བ་མ་ཟད།ཐ་ན་སྲོག་མེད་བེམ་པོའང་བརྗོད་འདས་ཀྱི་སྟོབས་ཤུགས་ཤིག་གིས་སྐུལ་ཏེ་སྲོག་ལྡན་འགུལ་ཤེས་ཤིག་ཏུ་བྱེད་པ(མ་རི་ནེ་ཐེའི་འཁྲབ་གཞུང་ཐུང་ངུ་<<ཁོང་ཚོ་སླེབས་བྱུུང་>>ཞེས་པའི་ནང་གི་རྐུབ་སྟེགས་ལྟ་བུ)སོགས་མདོར་ན“འགུལ་བསྐྱོད་རང་བཞིན”རྩལ་དུ་བཏོན་ནས་འབྲི་བ་དེ་མ་འོངས་རིང་ལུགས་པའི་རྩོམ་རིག་གི་ཁྱད་ཆོས་མངོན་པར་གསལ་བ་ཞིག་རེད།

༢)“ཡིད་འགྱུར་ཅིག་ཅར་བ”འབྲི་བ།མ་འོངས་རིང་ལུགས་པའི་སྒྱུ་རྩལ་བསམ་བློའི་ཐད་བྷག་སེན(Henri Bergson1841-1941)གྱི་ཐད་ཚོར་རིང་ལུགས་དང་།ཧྥོ་རོད་ཏིའི(SigmundFreud1856-1939)ཡིད་ཀྱི་རྣམ་འགྱུར་རིག་པའི“རྟོག་པ་འོག་འགྱུར”སྨྲ་བའི་ཤུགས་རྐྱེན་ཟབ་མོ་ཕོག་ཡོད་པས།རྩོམ་རིག་གིས་དེང་རབས་བཟོ་ལས་སྤྱི་ཚོགས་ནང་གི་མིའི་འཚོ་བ་མཚོན་དགོས་པར་སྨྲ་བ་དང་ཆབས་ཅིགསྲོལ་རྒྱུན་གྱི་མཚོན་ཚུལ་ལྟར་འཚོ་བའི་ཕྱི་རོལ་སྣང་ཚུལ་ཙམ་བྲིས་པ་མི་འགྲིག་པར་ངེས་དུ་འཚོ་བའི་“ངོ་བོ”གསལ་པོར་མཚོན་དགོས་ཤིང་།འཚོ་བའི་“ངོ་བོ”མཚོན་དགོས་ན།ངེས་པར་དུ“འཕྲུལ་སྣང་”ལ་བརྟེན་ནས་མིའི་སེམས་ཁམས་ཀྱི“ཡིད་འགྱུར་ཅིག་ཅར་བ”དེ་བཀོད་འབྲི་བྱེད་དགོས་པར་འདོད།“ཡིད་འགྱུར་ཅིག་ཅར་བ”བྱ་བའང་དོན་དངོས་ཐོག་འཕྲུལ་སྣང་དང་།འཆར་སྒོ་སྣ་ཚོགས།བསམ་བརྗོད་ལས་འདས་པའི་རྨི་ལམ་གྱི་ཞིང་ཁམས་སོགས་ཡིད་ལ་གང་ཤར་ཐམས་ཅད་བཅོས་མེད་ལྷུག་པོར་འབྲི་དགོས་པར་འདོད་དེ་རེད།དེའི་ཐད་ཀྱི་འཚོལ་ཞིབ་དང་གསར་གཏོད་ཐལ་ཆེ་བའི་སྙན་ངག་སྐོར་ཞིག་ཡིད་བརྙན་ཕུང་གསོག་བྱེད་པའམ་ཡིད་བྱེད་མཆོངས་རྒྱུག་བྱེད་པ་སོགས་འབྲེལ་མི་ཆགས་ཤིང་།གོ་དཀའ་བའི་གནས་སུ་ཐུག་ཅིང་།སྐབས་རེ་ན་ནང་དོན་ལ་གོ་རྒྱུ་འདྲ་ཡོད་མིན་ལའང་ཐེ་ཚོམ་བྱེད་དགོས་པ་ལྟ་བུ་ཡོད།

༣)སྐད་བརྡའི་རང་དབང་བཙན་པར་བྱེད་པ།མ་འོངས་རིང་ལུགས་པས་འགུལ་བསྐྱོད་དང་།མྱུར་ཚད།སྟོབས་ཤུགས་སམ་ཤུགས་ནུས་སོགས་མཚོན་རྒྱུ་རྩལ་དུ་འདོན་ཞིང་།དེ་དག་དམར་རྗེན་དུ་མཚོན་པ་ལ་སྲོལ་རྒྱུན་སྙན་ངག་གི་སྐད་བརྡ་བཀོལ་བས་མི་ནུས་པས།ཁོ་ཚོས་སྙན་ངག་གི་སྐད་བརྡར་བཅོས་ཁ་བྱས་ཏེ་སྲོལ་རྒྱུན་གྱི་སྐད་བརྡའི་གོམས་སྲོལ་ལས་འདས་པ་བཀོལ་ནས་གློག་ཆས་དང་འོད་སོགས་ཀྱི “འགུལ་བསྐྱོད་ཀྱི་ཉམས་”དེ་མཚོན་པར་བྱེད་པ་དང་།སྙན་ངག་གི་ཚིགས་བཤད(标点符号)དོར་བ་སོགས་བྱེད་ལ།གཞན་ཡང་དཔེར་ན།ཨ་པོ་ལི་ནེར་གྱིས་བགྲོ་གླེང་སྙན་ངག་རྩོམ་པར་བྱེད་པ་དང་།མེར་ཁོབ་སི་ཁིས་སྙན་ངག་གི་སྐད་བརྡ“ཁྲོམ་སྲང་གི་ངར་སྐད”དུ་བསྒྱུར་བར་འདོད་པ་མ་་ཟད།ཁོང་རངགི་སྙན་ངག་ཆེན་པོ་<<དོར་མ་གྱོན་པའི་སྤྲིན་པ>>བྱ་བའི་ནང་ཁྲོམ་སྲང་གི་སྐད་ཆ་མང་པོ་ཐད་ཀར་བཅུག་ཡོད་པ་སོགས་མདོར་ན་སོ་སོའི་རྩོམ་རིག་འདོད་མོས་དང་བསྟུན་ཏེ་སྐད་ཅི་རིགས་བེད་སྤྱོད་བྱས་ཡོད་པ་སོགས་སྐད་བརྡའི་རང་དབང་བཙན་པ་འདི་ཉིད་ཀྱང་མ་འོངས་རིང་ལུགས་པའི་སྙན་ངག་སྙན་ངག་གཞན་ལས་ཐ་དད་དུ་སྣང་བའི་ཁྱད་ཆོས་མངོན་གསལ་དོད་པ་ཞིག་རེད། །

རྩོམ་ཁུངས། མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མ་འོངས་རིང་ལུགས་ཀྱི་རྩོམ་རིག་ངོ་སྤྲོད།

2009-10-17 ནོར་བུ་བསམ་འཕེལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།