བསྡུས་བརྗོད་རིང་ལུགས་ཀྱི་རྩོམ་རིག་ངོ་སྤྲོད།

ནོར་བུ་བསམ་འཕེལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-10-16

       བསྡུས་བརྗོད་རིང་ལུགས(SymboIism,
象征主义)པའི་རྩོམ་རིག་ནི་སྤྱི་ལོའི་དུས་རབས་བཅུ་དགུའི་སྨད་ཀྱི་ཆར་ཡོ་རོབ་གླིང་དུ་བྱུང་བའི་རྩོམ་རིག་གི་གྲུབ་མཐའ་ཞིག་ཡིན་ཞིང་།གང་དེའི་བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་ཚིགསྒྱུ་རྩལ་གྱི་མཚོན་ཐབས་སོགས་གང་ཅིའི་ཐད་ནས་ནུབ་ཕྱོགས་ཀྱི་སྲོལ་རྒྱུན་རྩོམ་རིག་དང་མི་འདྲ་བའི་ཁྱད་ཆོས་འབུར་དུ་ཐོན་ཡོད་ལ།གྲུབ་མཐའ་དེ་དབུ་བརྩམས་པའི་ཕྱིས་སུ་མངོན་མཚོན་རིང་ལུགས་དང་།གཞི་གྲུབ་སྨྲ་བ།རྟོག་པ་རང་ཡན་པ་སོགས་དེང་རབས་རིང་ལུགས་པའི་ཁོངས་སུ་གཏོགས་པའི་རྩོམ་རིག་གི་གྲུབ་མཐའ་མང་པོ་བྱུང་བས་ན་རྩོམ་འབྱུང་སྨྲ་བ་དག་གིས་བསྡུས་བརྗོད་རིང་ལུགས་ནི་ནུབ་གླིང་གི་སྲོལ་རྒྱུན་རྩོམ་རིག་དང་དེང་རབས་རྩོམ་རིག་གཉིས་ཀྱི་དབྱེ་སྦྲེལ་མཚམས་ཀྱི་ཟམ་པ་ལྟ་བུར་ངོས་འཛིན་བྱེད་པ་གཅིག་མཐུན་གཉིས་མེད་རེད།
                                           
༡ .གླེང་གཞི།

དེ་ཡང་།སྤྱི་ལོའི་དུས་རབས་བཅུ་དགུ་པའི་སྨད་ཆར་སླེབས་སྐབས་ཡོ་རོབ་གླིང་གི་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་ཁག་ཀྱང་ཟླ་ཕྲེང་ཉིས་བརྒྱ་ལྷག་གི་ལོ་རྒྱུས་འཕེལ་འགྱུར་བརྒྱུད་བཟོ་ཚོང་གཉིས་ཀྱིས་གཙོས་པའི་དཔལ་འབྱོར་ལ་འཕེལ་རྒྱས་ཤུགས་ཆེ་བྱུང་ཞིང་།མ་རྩ་ཅན་ཆེ་ཆུང་ཐམས་ཅད་ཀྱིས་མོས་འགྲན་རྩོད་བྱེད་པའི་དུས་བབ་ཀྱང་རིམ་པས་ཆེ་བཙན་ཆུང་གནོན་དང་།ཉ་ལྕོང་ཟ་རེས་བྱེད་པའི་སྒེར་སྡེམ་མ་རྩ་རིང་ལུགས་ཀྱི་ཞིང་སར་གོམ་པ་སྤོ་བའི་འགོ་བརྩམས་པ་རེད།དེར་བརྟེན་མ་རྩ་ཅན་ཆུང་འབྲིང་མང་པོ་ཞིག་སྒེར་སྡེམ་པ་ཚོའི་འབྱོར་ཤུགས་ཀྱི་ཁ་ཟས་སུ་གྱུར་ནས་ཉིན་རེ་བཞིན་དབུལ་ཕོངས་ཉམ་ཐག་གི་གྲོང་དུ་འགྲོ་ན།སྔར་ནས་དབུལ་ཞིང་ཕོངས་པའི་འབྱོར་མེད་པ་རྣམས་ཀྱི་གནས་བབ་ནི་དེ་བས་ཀྱང་ཉམ་ང་བ་བསམ་ཚོད་ཀྱིས་ཀྱང་ཤེས།དེའི་ཕྱིར།མི་ཚང་མས་རང་ཉིད་འཚོ་ཐབས་བྱེད་ཕྱིར་ཐབས་རྩལ་སྣ་ཚོགས་ལ་བརྟེན་ནས་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱེད་པ་དང་།མི་དང་མི་དབར་གྱི་འབྲེལ་བའང་དགྲ་ཟླ་ཁ་གཏད་དུ་གྱུར་པ་ཤས་ཆེ་བས་དྲང་བདེན་གྱི་སྣང་བྱེད་སྒྲོན་མེ་བརྐམ་སྲེད་ཀྱི་རླུང་དམར་གྱིས་བཀུམ།མི་ཆོས་ཀྱི་བསིལ་སྦྱིན་མཁན་པོ་ངམ་གནག་ཁྲོ་གཏུམ་གྱི་སྤྲིན་གྱིས་གཡོགབྱམས་དང་སྙིང་རྗེ་ཟེར་བ་མིང་གི་ལྷག་མར་སོང་བས་ཞལ་ངོ་འཛུམ་དུ་འཚེར་བའང་གཡོ་ཟོལ་ཚུལ་འཆོས་ཀྱི་པགས་པའི་འཐེན་ཕྱོགས་ཙམ་དུ་ཟད་ཀྱི་དོན་དུ་ནི་བརྣབ་གནག་དུག་གིས་ཡིད་བྱེད་དབང་དུ་བསྒྱུར་བ་ཉག་ཅིག་ཏུ་གྱུར།དེས་ན་མ་རྩ་ཅན་དང་འབྱོར་མེད་པའི་དབར་གྱི་འགལ་ཟླ་དང་།སྤྱི་ཚོགས་ཅན་དུ་འགྱུར་བའི་ཐོན་སྐྱེད་ཆེན་པོའི་བྱེད་ལུགས་དང་ཐོན་སྐྱེད་ཡོ་བྱད་སྒེར་སྡེམ་པ་རེ་གཉིས་ལ་དབང་བའི་དབར་གྱི་འགལ་ཟླ་སོགས་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་སུ་སྔར་ནས་ཡོད་མུས་མིན་པའི་འགལ་ཟླ་ཁག་མངོན་གསལ་ཇེ་དོད་དང་།ཛ་དྲག་ཇེ་ཆེར་སོང་ཞིང་།སྒེམ་སྡེམ་པ་རེ་གཉིས་ཀྱི་འབྱོར་ཕྱུག་རྣམ་སྲས་མཛོད་ལ་སྐྱེངས་པ་སྟེར་བ་ཙམ་དུ་འཕེལ་བ་དང་ཆབས་ཅིག་འབྱོར་ཆུང་འབྱོར་མེད་པ་གྲངས་ལས་འདས་པ་ཞིག་ཉེན་རེའི་ལྟོ་གོས་ཀྱང་རྙེད་དཀའ་བ་སྟེ་དབུལ་ཕྱུགས་ཧེ་བག་གནམ་སའི་ཁྱད་པར་ལས་འགོངས་པ་ཞིག་ཏུ་གྲུབ་པས།དབུལ་ཕོངས་ཉམ་ཐགའཆལ་སྤྱོད་འཁྲུག་ལོང་།མི་གསོད་ནོར་འཕྲོགཇག་རྐུན་མགོ་སྐོར་སོགས་ཟམ་མི་ཆད་པར་བྱུང་སྟེ་སྤྱི་ཚོགས་ཧྲིལ་པོ་འཁྲུག་ལོང་ཡོ་ལང་ཆེ་བར་གྱུར། དེ་དང་དུས་མཚུངས།ཚན་རིག་ལག་རྩལ་ལ་ཡར་སྐྱེད་ཚད་ལས་འདས་པ་བྱུང་སྟེ།ཐོན་སྐྱེད་ཀྱི་ལས་སྒོ་གློག་འཕྲུལ་ཅན་དུ་འགྱུར་བའམ་ཐོན་སྐྱེད་ངལ་རྩོལ་ནང་གློག་འཕྲུལ་སྤྱོད་ཁབ་ཇེ་ཆེ་ནས་སོང་དང་སོང་མུས་སུ་ཡིན་པས།འཕྲུལ་ཆས་ཀྱི་བཟོ་བ་ཟུར་དུ་ཕུད་པའི་སྣང་ཚུལ་ཐོན་པ་སྟེ།བཟོ་པ་མང་པོ་ཞིག་ལས་ཀ་ཤོར་བའི་གནས་སུ་གྱུར་ལ།ལས་ལྡན་རྣམས་ཀྱང་འཕྲུལ་ཆས་ཀྱི་གྲུབ་ཆ་ཞིག་གམ་ཐ་ན་དེ་བས་ཞན་པར་འཕྲུལ་ཆས་ཀྱི་བྲན་ཁོལ་དུ་གྱུར་དང་འགྱུར་བཞིན་པ་རེད།ཚན་རིག་ལག་རྩལ་གོང་འཕེལ་འགྲོ་བ་དང་ཆབས་ཅིག་མི་རྣམས་ཀྱིས་རང་བྱུང་ཁམས་ཆེན་པོའི་གསང་མཐིལ་པས་བརྟོལ་ཞིང་།བློ་གྲོས་ཀྱི་ཉིང་བཅུད་ལས་གྲུབ་པའི་འཕྲུལ་འཁོར་གྱིས་ཐོན་སྐྱེད་ལས་ཆོད་ཆེས་ཆེར་མཐོར་འདེགས་བཏང་ལ།རང་ཉིད་ཀྱིས་བཟོས་ཤིང་སྐྲུན་པའི་གློག་འཕྲུལ་ཆས་སྤྱོད་ཀྱིས་རང་ཉིས་བཟོ་གྲྭ་ལས་ཕུད་དེ་འཚོ་བའི་ལམ་དཀའ་ཁག་ཏུ་བསྐྱལ།དེར་བརྟེན།རང་བྱུང་ཁམས་ཆེན་པོའི་གསང་བ་བརྟོལ་ཞིང་ཡོད་ཚད་མིའི་བྱེད་ལས་ལ་རག་ལས་པར་ཤེས་པས་ཆོས་དང་དཀོན་ཅོག་ལ་དད་མོས་བྱེད་ཚད་ཞན་དུ་གྱུར་བ་དང་ཆབས་ཅིག་སྤྱི་ཚོགས་འཚོ་བའི་འཇིགས་ཟིལ་སྔར་དང་མི་འདྲ་བ་ཞིག་ཐོན་བྱུང་བས་ལག་ལེན་ངོ་མའི་ཁྲོད་ཁོ་ཚོའི་དཀོན་ཅོགmoney(དངུལ་ལོར)རེད།ངོ་མ།དེ་ཡོད་ན་དོན་ཀུན་ལྷུན་གྱིས་འགྲུབ་ཅིང་།གང་དེ་མེད་ན་ཡོད་ཚད་རྩ་ནས་སྟོང་པ་ཞིག་ཡིན་ཕྱིར།སྲོག་ལྡན་ཐམས་ཅད་རང་ཉིད་ཀྱི་ཚེ་བསྲིང་བར་འདོད་པ་ཁོ་ན་ལས་རང་ཉིད་ཀྱི་ཚེ་ཡི་འཕེན་པ་རྫོགས་པར་སྤྲོ་བ་ནི་ནམ་མཁའི་པད་མོའི་ཟླ་བོ་ཙམ་སྡོད་ས་ཧབ་ཐོབ་བྱེད་དགོས་ཀྱི་ཡོད་པ་རེད།དེ་ནི་ཐབས་ཟད་འུ་ཐུག་གི་གནད་ཅིག་རེད་ལ།འུ་ཐུག་ཐབས་ཟད་གྱུར་པའི་ཕྱིར་མི་རྣམས་ལ་རང་ཉིད་ཀྱི་ཚེ་སྲོགལ་རང་ཉིད་ཀྱིས་བཀོད་པ་གཏོང་ཐབས་བྲལ་བའི་སྣང་བ་ཞིག་དང་།རང་ཉིད་ནི་གློག་འཕྲུལ་དང་མ་ནེའི་བདག་པོ་མིན་པར་གང་དེའི་བྲན་ཁོལ་རྣམ་མ་ཞིག་ཡིན་པའི་ཚོར་བ་ངང་ངམ་ཤུགས་ཀྱིས་སྐྱེ་བར་བྱེད་ཀྱི་ཡོད།
       སྐབས་དེ་དུས་ཀྱི་འབྱོར་ཆུང་གྲལ་རིམ་པ་རྣམས་ནི་རང་ཉིད་ཀྱི་གནས་བབ་ལ་ཡིད་ཀྱིས་མི་བཟོད་ལ་མ་བཟོད་རུང་ཐབས་ཀྱིས་དབུལ་བའི་ཕྱིར་ཡིད་མུག་ཅིང་རེ་བ་ཆད་ལ།སྙིང་ན་ཞིང་ཁོག་རུལ།ཕུགས་བསམ་ལ་སྙེགས་པའི་རེ་བ་ལྷོད།མི་ཚེའི་སྙིང་པོ་ཟེར་བ་དོན་གྱིས་སྟོང་བར་བསམ་ལ།ཀུན་སྤྱོད་དང་རིན་ཐང་ཟེར་བའང་ཆུ་ཤིང་གི་གྲོགས་ཟླར་སྙམ།སྐྱི་གཡའ་བའི་བསམ་ཚུལ་ཞིག་གིས་ཁོ་ཚོའི་ཀླད་ཁམས་དབང་དུ་བསྒྱུར་བས་མ་རྩ་ཅན་ཚོའི་འཇིག་རྟེན་ཉམས་དམས་གུད་ཆགས་བཞིན་པའི་གསལ་བརྡ་གཏོང་གིན་ཡོད་པ་དེས་སྐབས་དེའི་བསམ་བློ་བ་དང་རིག་གནས་པ་མང་དག་ལ་བརྡབ་རྡེག་ཚ་ཤུར་དུ་གཏོང་གི་ཡོད་པས་དེ་ལ་འཛིན་པའི་ལྟ་སྟངས་དང་རང་ལུགས་མཚོན་པའི་མཚན་ཉིད་རིག་པའི་བསམ་རྒྱུན་ཡང་འདྲ་མིན་ཐོན་འོངས་པ་ལས་གྲགས་ཆེ་ཞིང་ཤུགས་རྐྱེན་གཏིང་ཚུགས་པ་ནི་ཤོ་ཕེན་ཧོར་(ArturShopnhauey, 叙本华 ,1788-1860)གྱི་ཀུན་གཞི་སྨྲ་བ་དང་། ནེ་ཁྲེའེ་(Fridrich Neitzsche, 尼采  ,1844-1900)དབང་ཐང་ཀུན་གཞི་སྨྲ་བ། བྷག་སེན(HeidriNergson,  柏格森 ,1859-1941)གྱི་ཚེ་སྲོག་མཚན་ཉིད་རིག་པ་སོགས་ཡིན།བསམ་རྒྱུན་དེ་ཚོའི་གཞུང་ལུགས་དང་གཞུང་ལུགས་ཀྱིས་སྤྱད་པའི་བརྡ་ཆད་ཐ་སྙད་སོགས་ལ་ཁྱད་པར་ཆེ་བ་ནི་སྨོས་མི་དགོས་པའི་གནད་ཡིན་མོད།ཁོ་ཚོའི་གཞུང་ལུགས་ཀྱི་གཞི་རྐང་དུ་གྱུར་པའི་ཐ་སྙད་དེ་ཀུན་གཞི་དང་།དབང་ཐང་ཀུན་གཞི།ཚེ་སྲོག་གི་ངར་སྐྱེད་སོགས་ལ་མཐུན་པའི་ཆའང་ཡོད་པར་སྣང་སྟེ།ཚང་མ་མིའི་རྒྱུད་ལ་ཆགས་པའི་རྟོག་པ་རང་ག་བ་ཞིག་ཡིན་པ་ལས་སྣོད་བཅུད་ཀྱི་བཀོད་པ་ཡིད་བྱེད་ཀྱིས་ཚར་སྣང་བྱས་པ་ཞིག་ཡིན་པར་བཞེད་ཀྱི་མེད་པ་དང་།ཀུན་གཞི་ལ་སོགས་པ་དོན་དམ་པའི་བདེན་པར་གྲུབ་པ་ཡིན་གྱི་ཕྱི་ཡུལ་གྱི་བཀོད་པ་དང་སྣང་ཚུལ་སོགས་ཡོད་ཚད་ཚུལ་འཆོས་ཟོག་པོ་ཙམ་ཡིན་པས་ཡིད་བརྟན་འཆའ་བར་འོས་པ་ཞིག་མ་ཡིན་པར་བཞེད་པ་ལྟ་བུ་སྟེ་མི་དང་མིའི་བསམ་སྦྱོར།ཀུན་སྤྱོད།རིན་ཐང་ཟེར་བ་རྣམས་དང་།མིའི་འཚོ་གཞེས་ལས་གྲུབ་པའི་སྤྱི་ཚོགས་དང་སྤྱི་ཚོགས་ཀྱི་སྣང་ཚུལ་ཡོད་དོ་ཅོག་དཔོག་དཀའ་ལྐོག་ཏུ་གྱུར་པ་ཞིག་ཡིན་པར་བརྟེན་རང་ཉིད་ཀྱི་ཡིད་ཀྱི་འདུན་མ་བཅོལ་སའི་གཞི་རྟེན་མེད་པའི་སྐྱོ་སྣང་རིང་ལུགས་ཀྱི་བསམ་བློ་ཞིག་སྟེ།འདུན་མ་བདེ་བར་བཤད་ན་ཡུལ་དང་ཡུལ་ཅན་གཉིས་ལས་ཡིད་ཆེས་འཕེར་ཞིང་ཡིད་བརྟན་འཆའ་བར་རུང་བ་ནི་རང་སྣང་ཡུལ་ཅན་ཉག་ཅིག་ལས་མེད་པར་བཞེད་པའོ།བསམ་བློ་བ་ཚོས་སྐབས་དེའི་སྤྱི་ཚོགས་སྣང་ཚུལ་དང་མིའི་གནས་བབ་ལས་མཚོན་པའི་མི་དང་མིའི་དབར་དང་།མི་དང་སྤྱི་ཚོགས།མི་དང་མིའི་མ་བཅོས་གཤིས་རྒྱུད་དབར་སོགས་ཀྱི་འགལ་འབྲེལ་ལ་གཞིགས་པའི་དགོངས་བཞེད་མཛད་པ་ལྟར།སྤྱི་ཚོགས་འདུ་ཤེས་འཛིན་སྟངས་ཀྱི་རིགས་ཤིག་ཏུ་གྲུབ་ཅིང་སྤྱི་ཚོགས་ལ་ཐེ་ཇུས་བྱེད་རྒྱུར་ནམ་ཡང་ལྷོད་པ་མེད་པའི་རྩོམ་རིག་གིས་ཀྱང་ཚུལ་དེར་རྟོག་ཞིབ་དང་སྦྲགས་རང་གི་ལྟ་ཚུལ་འདོད་སྟངས་སྟོན་པར་རིངས་པས་གོང་སྨོས་ཀྱི་སྣང་ཚུལ་དེ་དང་དེ་ལྟ་བུ་དང་།མཚན་ཉིད་རིག་པའི་བསམ་བློ་དང་ལྟ་ཚུལ་དེ་དང་དེ་ལྟ་བུ་དར་བའི་ཤན་ཞུགས་འོག་དེང་རབས་རིང་ལུགས་པའི་རྩོམ་རིག་གི་མེས་པོའམ་ཐོག་མར་གྱུར་པ་སྟེ་བསྡུས་བརྗོད་རིང་ལུགས་པའི་རྩོམ་རིག་གི་མེས་པོའམ་ཐོག་མར་གྱུར་པ་སྟེ་བསྡུས་བརྗོད་རིང་ལུགས་པའི་རྩོམ་རིག་འདི་བཞིན་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་མིག་ཡིད་རྣ་བའི་བདུད་རྩིར་འཁྲུངས་ཐུབ་པ་བྱུང་ངོ་།

 བྱུང་བ་མདོར་བསྡུས།
      བསྡུས་བརྗོད་རིང་ལུགས་པའི་རྩོམ་རིག་ནི་སྤྱི་ལོའི་དུས་རབས་བཅུ་དགུ་པའི་ལོ་རབས་བརྒྱད་བཅུའི་ནང་ཐོག་མར་ཧྥ་རན་སིར་བྱུང་ཞིང་རིམ་པས་ཡོ་རོབ་གླིང་སྤྱི་དང་ཨ་རི་སོགས་ལ་དར་བ་མ་ཟད།དུས་རབས་ཉི་ཤུ་པའི་ལོ་རབས་ཉི་ཤུའི་ནང་འཕེལ་རྒྱས་ཀྱི་ཡང་རྩེར་སོན་ཏེ་འཛམ་གླིང་རང་བཞིན་ལྡན་པའི་དེང་རབས་རིང་ལུགས་རྩོམ་རིག་ལས་འགུལ་གྱི་ཐོག་དང་པོར་གྲུབ་པ་རེད།མཁས་དབང་རྣམས་ཀྱིས་ཞིབ་འཇུག་མཛད་པ་ལྟར་ན།ཧྥ་རན་སིའི་སྙན་ངག་པ་བྷོ་དྷི་ལེར(Baudelair,   波德采尔  ,1821-1867)བསྡུས་བརྗོད་རིང་ལུགས་རྩོམ་རིག་གི་གདོང་མཆོང་པའམ་མེས་པོར་བཞེད་པ་མ་ཟད།ཁ་ཅིག་གིས་ད་དུང་ཨ་མེ་རི་ཀའི་ཨེ་ལན་ཕོ(EdgarAllanPoe,艾伦波  ,  1809-1949)ཡང་བགྲངས་སྟེ་ཕྱི་མ་འདིས་བསྡུས་བརྗོད་རིང་ལུགས་པའི་རྩོམ་རིག་ལ་གཞུང་ལུགས་ཀྱི་རྨང་གཞི་བཏིང་བ་དང་།སྔ་མས་ལག་ལེན་གྱི་དཔེ་བསྟན་པར་བཞེད་ཀྱིན་ཡོད།གང་ལྟར་ནའང་།བྷོ་དྷི་ལེར་གྱིས་བརྩམས་པའི་སྙན་ངག<<ཡ་ཟླ>>ཞེས་པའི་ནང་“ཡ་ཟླ་སྨྲ་བ”སྟེ་བསྡུས་བརྗོད་ཀྱི་རྣམ་གཞག་བསྟན་ཡོད་པ་སྟེ། ༡)རང་བྱུང་ཁམས་ཆེན་པོའི་ནང་གི་བྱ་དངོས་ཡོད་ཚད་ཕན་ཚུན་ཡ་ཟླ་ལྟོས་རེས་བྱེད་པ་དང་།༢)མིའི་སྐྱེ་མཆེད་ཀྱི་དབང་པོའི་ཤེས་པ་རྣམས་ཀྱང་ཕན་ཚུན་ཤུགས་རྐྱེན་གཏོང་རེས་ཀྱིས་གཟུགས་སྒྲ་དྲི་རོ་སོགས་ཕན་ཚུན་འདྲེས་ཤིང་བསྣོལ་བར་བྱེད་པ།༣)ཕྱིའི་ཡུལ་དུ་གྱུར་པའི་བྱ་དངོས་ཐམས་ཅད་ནང་ཡུལ་ཅན་ཤེས་པའི་མཚོན་བྱེད་ཙམ་ཡིན་པར་བཤད།དེས་ན་སྙན་ངག་མཁན་པོའི་ལས་འགན་ནམ་བྱེད་ལས་ཀྱང་ཕྱོགས་དེ་གསུམ་པོའི་ཡ་ཟླ་ལྟོས་རེས་ཀྱི་འབྲེལ་བར་འགྲེལ་པ་དང་།ལྷག་པར་ཕྱི་རོལ་ཡུལ་དང་རང་སྣང་ཅན་གཉིས་དབར་གྱི་བསྡུས་བརྗོད་མཚོན་བྱེད་ཀྱི་འབྲེལ་བར་བསྔོགས་འདོན་གསལ་འགྲེལ་བྱེད་དགོས་པ་ཡིན་ལ།དེ་ལྟར་བྱེད་པའང་ཡུལ་དང་ཡུལ་ཅན་གཉིས་དབྱེར་མེད་མཉམ་འདྲེས་སུ་གྲུབ་པའི་ཞིང་ཁམས་དཔོག་དཀའ་བ་ཞིག་ལ་རྩོམ་མཁན་གྱི་ཤེས་པ་ཞུགས་སྐབས་གཞི་ནས་གྲུབ་པ་ཞིག་ཡིན་པར་བསྟན་ཡོད་པ་དེ་ཕྱིས་སུ་བསྡུས་བརྗོད་རིང་ལུགས་རྩོམ་རིག་གི་དམིགས་དོན་དུ་བཟུང་བ་རེད།སྤྱི་ལོ་༡༨༥༧ལོར་བྷོ་དྷི་ལེར་གྱི་སྙན་ངག་ཕྱོགས་བསྡུས<<སྡིག་ལྟུང་གི་མེ་ཏོག>>ཅེས་པ་དཔར་བསྐྲུན་འགྲེམས་སྤེལ་བྱས་པ་དེ་བསྡུས་བརྗོད་རིང་ལུགས་ཀྱི་འབྲས་བུ་སྨིན་ལ་ཉེ་བའི་སྔ་ལྟས་སུ་བྱེད་ཀྱི་ཡོད།ཡིན་ནའང་།དེ་ནི་ཕྱི་རབས་རྣམས་ཀྱིས་ཞིབ་འཇུག་བྱས་ནས་བསྡུས་བརྗོད་རིང་ལུགས་ཀྱི་རྩོམ་རིག་ཀྱི་ཐོག་མར་བགྲང་བ་མ་གཏོགས་སྐབས་དེར་གྲུབ་མཐའ་ཞིག་ཏུ་བྱས་པའི་བསྡུས་བརྗོད་རྩོམ་རིག་ད་དུང་གྲུབ་མེད།
      
སྤྱི་ལོ་༡༨༨༩ལོར་ཧྥ་རན་སིའི་གཞོན་སྐྱེས་སྙན་ངག་པ་ཅིན་མོ་རེས(JeanMoreas,  让莫雷阿1856-1910)ཀྱིས་ཐོག་དང་པོར“བསྡུས་བརྗོད་རིང་ལུགས་”པའི་ཐ་སྙད་སྤྱད་པ་མ་ཟད།<<བསྡུས་བརྗོད་རིང་ལུགས་པའི་བསྒྲགས་
གཏམ>>སྤེལ་བས་གཞི་ནས་སྒྱུ་རྩལ་དང་།ཐབས་རྩལ།འབྲི་སྟངས་ཅུང་འདྲ་བའི་རྩོམ་པ་པོ་སྐོར་ཞིག་ལས་གྲུབ་པའི་རྩོམ་རིག་གྲུབ་མཐའ་སྟེ་བསྡུས་བརྗོད་རིང་ལུགས་བྱུང་བའི་རྐང་ཚུགས་པ་ཡིན།བསྡུས་བརྗོད་རིང་ལུགས་བྱུང་འཕེལ་གྱི་ལོ་རྒྱུས་ལ་བལྟས་ན།གང་དེའི་ལོ་རྒྱུས་སྔ་དར་དང་ཕྱི་དར་གཉིས་སུ་དབྱེ་ཆོག་པ་སྟེ།སྔ་དར་བསྡུས་བརྗོད་རིང་ལུགས་ནི་གཙོ་བོ་ཧྥ་རན་སིར་དར་ཞིང་འཕེལ་བ་ཞིག་ཡིན་ཞིང་།དུས་བཅད་ཀྱི་ཐོག་ནས་བལྟས་ན་སྤྱི་ལོའི་དུས་རབས་བཅུ་དགུ་པའི་ལོ་རབས་བརྒྱད་བཅུ་ནས་དུས་རབས་ཉི་ཤུ་ཟིན་པ་བཞག་ཆོགདེའི་རིང་གི་ཚབ་མཚོན་རང་བཞིན་ལྡན་པའི་རྩོམ་པ་པོ་ནི་ཧྥ་རན་སིའི་སྙན་ངག་པ་གསུམ་སྟེ། ཝེར་ལེན་(Paul Verlaine,   
魏尔伦 , 1844-1896)དང་། མ་ལ་མེ……(Stephane Mallarme,   马拉美 1842-1898)རེམ་བྷོད་(ArthurRimbaud, 兰波   ,1854-1891)བཅས་ཡིན་ལ་རྩོམ་ལུས་ཀྱི་ཆ་ནས་གཙོ་བོ་སྙན་ངག་ཡིན།སྐབས་དེའི་སྙན་ངག་གི་ཁྱད་ཆོས་གཙོ་བོ་ནི།ནང་དོན་ཆ་ནས་ཤས་ཆེ་བ་ཤེས་ལྡན་པ་སྐོར་ཞིག་གིས་མ་རྩ་རིང་ལུགས་ཀྱི་ཤེས་རིག་ལ་བཅངས་པའི་བསུན་སྣང་དང་རེ་ཆད་ཀྱི་བློ་ཁ་མཚོན་ཞིང་ཉོབ་མདངས་ཚ་བས་མཐོང་ལ།སྒྱུ་རྩལ་གྱི་ཆ་ནས་གཙོ་བོ་ངོས་ཟིན་མེད་པའི་རབ་རིབ་ཀྱི་རྨི་ལམ་འབྲི་ཞིང་།སྙན་ངག་གི་ནང་དོན་ཤུགས་ནས་བསྟན་པ་དང་།ཚིག་སྦྱོར་གྱི་རོལ་དབྱངས་རང་བཞིན་ལ་གཙིགས་ཆེ་བར་བྱེད་པ་དཔེར་ན།ཝེར་ལེན་གྱིས་“རོལ་དབྱངས་དགོས།ཨང་དང་པོར་རོལ་དབྱངས་དགོས”ཞེས་གསུངས་པ་ལྟ་བུས་མཚོན་པ་ལྟར་ཚིག་སྦྱོར་གྱི་མཛེས་ཉམས་སམ་སྙན་ཆ་ཙམ་མ་གཏོགས་དོན་སྙིང་ཆེར་མེད་པར་མཐོང་།དེ་རྣམས་ལས་མ་ལ་མེ་ནི་འགངས་ཆེ་བ་ཞིག་སྟེ་ཁོང་ཉིད་བསྡུས་བརྗོད་སྨྲ་བའི་སྙན་ངག་མཁན་པོ་ཡིན་པར་མ་ཟད།རྩོམ་རིག་གཞུང་ལུགས་མ་ལག་ཚང་བ་ཞིག་གསར་གཏོད་འཛུགས་སྐྲུན་གནང་ཡོད།དེ་ལྟར་ཡིན་མོད།སྒྱུ་རྩལ་བསམ་བློའམ་ལྟ་ཚུལ་གྱི་ཐད་ནས་ཞུས་ན།སྔོན་མར་བྷོ་དྷི་ལེར་གྱིས་བསསྟན་པའི“ཡ་ཟླ་སྨྲ་བའི”རྣམ་གཞག་ལས་ཆེར་བརྒལ་ཐུབ་མེད།

ཕྱི་དར་བསྡུས་བརྗོད་རིང་ལུགས་ནི་དུས་རབས་ཉི་ཤུར་སླེབས་སྐབས་འཕེལ་འགོ་ཚུགས་ཤིང་།དུས་རབས་ཉི་ཤུ་པའི་ལོ་རབས་ཉི་ཤུར་སླེབས་སྐབས་འཕེལ་རྒྱས་ཀྱི་ཡང་རྩེར་སོན་ཏེ་ཤུགས་རྐྱེན་ཆེ་བ་ཞིག་ཏུ་གྲུབ་ཡོད།ཕྱི་དར་བསྡུས་བརྗོད་རིང་ལུགས་ཀྱིས་སྔ་དར་བསྡུས་བརྗོད་རིང་ལུགས་ཀྱི་རྩོམ་སྲོལ་རྒྱུན་འཛིན་བྱས་ཡོད་པ་མ་ཟད།ད་དུང་ཨ་མེ་རི་ཀའི“ཡིད་བརྙན་སྨྲ་བ”(Imagism,  意象派)དང་བསྲེས་འདྲེ་བྱས་ཤིང་། གསར་དུ་དར་བའི་དེང་རབས་རིང་ལུགས་པ་གཞན་གྱི་ལེགས་ཆའང་སྙིང་བསྡུས་བཅུད་ལེན་བྱས་ཡོད་པས་སྔ་དར་བསྡུས་བརྗོད་ལུགས་ཀྱི་སྙན་ངག་དང་མི་འདྲ་བའི་ཁྱད་པར་མངོན་གསལ་དོད་ཙམ་ཡོད།

དེ་ཡང་།༡)དར་ཡུལ་གྱི་ཆ་ནས་ཧྥ་རན་སི་གཅིག་པུ་མིན་པར་དབྱིན་ཇི་དང་།འཇར་མན།ཨ་མེ་རི་ཀ།སྦེལ་ཀྲམ།ཨེར་ལན་སོགས་སུ་དར་འཕེལ་བྱུང་བས་སྙན་ངག་མཁན་པོའང་ཧྥ་རན་སིའི་ཝ་ལྰེར་(PaulValery,瓦雷里  ,  1871-1945)དང་།དབྱིན་ཇིའི་ཨེ་ལོད་ཐེ……(ThomasStearns艾略特 Eliot,    1888-1926)འཇར་མན་གྱི་རིལ་ཁེ(Rainer Maria Rilke; 里尔克  1875-1926)ཨ་མེ་རི་ཀའི་ཕང་ཏི་(Ezra Pound; 庞德 1885-1974)སྦེལ་ཀྲམ་གྱི་ཝེར་ཧ་རིན(Emile Verhaeren;   维尔哈伦1855-1916)ཨེར་ལན་གྱི་དབྱི་ཙི(William Butler Yeats, 叶芝  1986-1939)སོགས་གྲགས་ཆེ་བ་མང་དུ་བྱུང་བ་དང་།

༢)ནང་དོན་གྱི་ཆ་ནས་མ་གཞི་སྐྱོ་སྡུག་སྨྲེ་ངག་འདོན་པ་ཞིག་རྐང་ཡིན་མོད།ངོས་ཟིན་རྒྱུ་མེད་པའི་ཆ་ཉུང་དུ་སོང་ཞིང་།སྙན་རྩོམ་འགའ་རེས་གོ་དཀའ་ཀྱག་ཀྱོག་གི་སྒོ་ནས་བཙན་རྒྱལ་རིང་ལུགས་སྐབས་ཀྱི་ནུབ་གླིང་པའི་བསམ་བློའི་འཇིག་རྟེན་མཚོན་གྱི་ཡོད།

༣)སྒྱུ་རྩལ་མཚོན་ཐབས་ཀྱི་ཆ་ནས“ཡིད་བརྙན་སྨྲ་བའི”སྙན་ངག་གིས་རི་མོའི་མཛེས་ཉམས་དང་།བཟོ་སྐྲུན་མཛེས་ཉམས་ལ་གཙིགས་སུ་བྱེད་པའི་ཉམས་མྱོང་བླངས་ཏེ་རང་ཉིད་ཀྱི་སྔ་ནས་ཡོད་མུས་ཡིན་པའི་རོལ་དབྱངས་ཀྱི་མཛེས་ཉམས་ལ་བསྣན་པས་མཛེས་ཕུལ་ཆེ་བར་གྱུར་བ་མ་ཟད།ད་དུང་གསར་དར་དེང་རབས་རིང་ལུགས་པ་གཞན་གྱི་སྒྱུ་རྩལ་མཚོན་ཐབས་དཔེར་ན་རྟོག་པ་རང་ཡན་དང་།དུས་དང་གནས་ཀྱི་རྣམ་གཞག་དཀྲུག་པ།འགོག་མེད་རྟོག་འཆར་བྱེད་པ་སོགས་དང་ལེན་བྱས་པས་རྩོམ་གྱི་གཤིས་ཉམས་འབུད་དུ་དོད་པ།

༤)རྩོམ་ལུས་ཀྱི་ཆ་ནས་ཀྱང་སྙན་ངག་ཁོ་ན་ཙམ་མ་ཡིན་པར་ཟློས་གར་སོགས་ཀྱི་ཁྱབ་ཁོངས་སུ་འཛུལ་ཕྱིན་པ་དཔེར་ན་སྐད་གྲགས་ལྡན་པའི་སྦེལ་ཀྲེམ་གྱི་བསྡུས་བརྗོད་རིང་ལུགས་ཟློས་གར་རྩོམ་པ་པོ་མེ་ཐེར་ལིན་ཁེས(Maurice Maererlinck,梅特林克1862-1949)བརྩམས་པའི་བྱིས་སྒྲུང་ཟློས་གར<<འདབ་བྱ་སྔོན་པོ>>ལྟ་བུ་གྲགས་ཆེ་བ་རེད།
                             
  ༣ ,བསྡུས་བརྗོད་རིང་ལུགས་པའི “བསྡུས་བརྗོད”ཀྱི་གོ་དོན།
        བསྡུས་བརྗོད་མཚོན་བྱེད་དཀོད་པར་བརྟེན་ནས་བརྗོད་བྱའི་དོན་ཤུགས་ཀྱིས་གོ་བར་བྱེད་པའི་སྒྱུ་རྩལ་མཚོན་ཐབས་ནི་ཕྱི་ནང་རྒྱལ་ཁབ་བག་གི་སྤྱི་ཚོགས་འཚོ་བ་དང་གནའ་དེང་རྩོམ་རིག་བརྩམ་བྱའི་ནང་མང་དུ་མཆིས་ཏེ། དཔེར་ན།ཁ་མདོག་ལྗང་ཁུས་ཚེ་སྲོག་མཚོན་པ་དང་།ཕུག་རོན་གྱིས་ཞི་བདེ་མཚོན་པ།ཁ་བཏགས་དང་གངས་དཀར་གྱིས་བསྲེས་བསླད་མེད་པའི་ལྷག་བསམ་རྣམ་པར་དག་པ་མཚོན་པ།དབྱིན་ཇིའི་རྩོམ་པ་པོ་གྲགས་ཅན་ཏི་ཁེན་སིས(CharlesDickens,    狄更斯,1812-1870) “གད་སྙིགས་ཀྱི་ཕུང་པོས”རུལ་སུངས་སུ་གྱུར་པའི་མ་རྩ་རིང་ལུགས་སྤྱི་ཚོགས་ལ་རྒྱག་གཏམ་གཏོང་བ(<<ང་ཚོ་ཐུན་མོང་གི་གྲོགས་པོ་>>)ལྟ་བུ་དང་།རང་རེ་བོད་ཀྱི་རྩོམ་རིག་ཁྲོད་ནའང་སྙན་ངག་གི་གཞུང་ལས་བསྟན་པའི་བསྡུས་བརྗོད་ཀྱི་རྒྱན་གྱིས་སྦྱར་བའི་བརྩམས་ཆོས་ནང་བུང་བ་དང་པད་མར་ཆགས་ཤིང་འཁོར་བ་སྲེད་ལྡན་སྐྱེ་བོ་གཞོན་ནུ་མར་དགའ་ཞིང་རྩེ་བའི་དོན་མཚོན་བྱེད་དུ་དཀོད་པ་ལྟ་བུ་གང་མང་མཆིས།བསྡུས་བརྗོད་རིང་ལུགས་པའི་རྩོམ་རིག་རྣམས་སུའང་བསྡུས་བརྗོད་མཚོན་བྱེད་མི་ཉུང་བ་ཞིག་བཀོད་ཡོད་ནི་ཤོད་མི་དགོས་པའི་གནས་ལུགས་ཤིག་ཏུ་འཁུམས།ཡིན་ནའང་།དེ་ཙམ་གྱི་རྐྱེན་གྱིས་བསྡུས་བརྗོད་རིང་ལུགས་ཞེས་རྩོམ་རིག་གི་གྲུབ་མཐའ་ཞིག་ཏུ་གྲུབ་པ་མ་ཡིན་ཏེ།གཙོ་བོ་ནི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་ལྟ་བ་དང་།འཇིག་རྟེན་ལྟ་ཚུལ་གཏིང་ཚུགས་པའི་རིག་རྩལ་བསམ་བློ།རང་རྐྱ་འཕེར་བའི་གསར་རྩོམ་ལག་ལེན་སོགས་ཐུན་མིན་དུ་གྲུབ་པའི་དབང་གིས་ཡིན་ལ།ལྷག་པར་དུ་ཁོ་ཚོའི་སེམས་ཁོང་ན“བསྡུས་བརྗོད”ལ་འཛིན་པའི་ངོས་འཛིན་དང་ལྟ་སྟངས་ཁྱད་པར་བ་ཞིག་མངའ་བ་དང་།ཁོ་ཚོའི་ངོས་འཛིན་ལྟར་མཚོན་ཐབས་འདི་བེད་སྤྱད་བྱེད་པའི་ཐབས་ལམ་ཞིག་ཀྱང་མངའ་བས་ད་གཟོད་གཞི་ནས“བསྡུས་བརྗོད་རིང་ལུགས་”ཞེས་དེང་རབས་རིང་ལུགས་པའི་རྩོམ་རིག་གྲུབ་མཐའ་ཞིག་ཏུ་གྲུབ་པ་རེད།
       འོ་ན་ཁོ་ཚོའི་ལྟ་ཚུལ་ལམ་དགོངས་པ་སྟངས་ཁྱད་པར་བ་ཇི་ལྟ་བུ་ཞིག་རེད་སྙམ་ན།ང་ཚོས་མ་མཐར་ཡང་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཁག་གསུམ་མཐོང་སྟེ།
      ༡)ཕྱི་རོལ་ཡུལ་གྱི་སྣང་ཚུལ་དང་བཀོད་པ་ཐམས་ཅད་རང་སྣང་ཡུལ་ཅན་ཏེ་མིའི་ཤེས་པའི་མཚོན་བྱེད་ཙམ་ཡིན་པར་བཞེད།ང་ཚོས་གོང་དུ་ཅུང་ཟད་སྨོས་ཟིན་པ་ལྟར།བྷོ་དྷི་ལེར་གྱིས་དབུ་ཕྱེས་ནས“ཡ་ཟླ་སྨྲ་བའི”རྣམ་གཞག་སྤེལ་བ་ལཏར་བསྡུས་བརྗོད་རིང་ལུགས་པ་ཚོས་མཚན་ཉིད་རིག་པའི་རིང་ལུགས་སམ་གྲུབ་མཐའ་ཀུན་གཞི་སྨྲ་བ་དང་།དབང་ཐང་ཀུན་གཞི་སྨྲ་བ།ཚེ་སྲོག་མཚན་ཉིད་རིག་པ་སོགས་ཀྱི་ནང་བསྟན་པའི་ཚེ་སྲོག་གི་ངར་སྐྱེད་སོགས་སེམས་གཙོ་སྨྲ་བའི་གཞུང་ལུགས་ཀྱི་དགོངས་བཞེད་ལས་བརྩམས་ཤིང་།ཆོས་ལུགས་ཀྱི་དཔོག་དཀའ་ལྐོག་གྱུར་གྱི་བསམ་བློ་སྟེ“མི་ཡུལ་གྱི་འཇིག་རྟེན་ནི་ལྷ་ཡུལ་གྱི་མཚོན་བྱེད་ཡིན”པར་སྨྲ་བ་སོགས་ལ་གཞི་བཅོལ་ཏེ།“འཇིག་རྟེན་གང་ཞེ་ན་བདག་གི་ཤེས་པའོ”(ཤོ་པེན་ཧོར་གྱི་གཏམ)ཞེས་པ་ལྟར་རང་ཉིད་ཀྱི་ཤེས་པ་ནི་འཇིག་རྟེན་གྱི་ཁམས་ཡངས་པོའི་བཀོད་པ་ཐམས་ཅད་ལས་སྔ་བར་བྱུང་བའི་སྔོན་རྟོགས་རིང་ལུགས་ཀྱི་བསམ་བློ་དང་།ཕྱི་རོལ་ཡུལ་གྱི་སྣང་ཚུལ་ཐམས་ཅད་བརྟན་མེད་གཡོ་བའི་ཆོས་ཅན་ཡིན་ན་ཡིད་བརྟན་འཆའ་བའི་ངེས་གཞི་ཞིག་ཡོང་ཐུབ་ཐབས་མེད་ལ།ངོས་ཟིན་ཞིང་ཡིད་བརྟན་འཆའ་བར་འོས་པ་ནི་རང་སྣང་ཡུལ་ཅན་གྱི་ཤེས་པ་གཅིག་པུ་ཡིན་པས་ཕྱི་རོལ་ཡུལ་གྱི་ཡོད་ཚད་ནང་སེམས་ཀྱི་མཚོན་བྱེད་ཡིན་དང་།སྙན་ངག་པའི་ལས་འགན་དུ་གྱུར་པའང་ཕྱི་རོལ་ཡུལ་དུ་གནས་པའི་བརྟན་གཡོའི་དངོས་པོ་རྣམས་ལས་རང་སྣང་ཡུལ་ཅན་གྱི་ཡ་ཟླ་འཚོལ་བ་དང་།གཟུགས་སུ་སྣང་བའི་དངོས་པོར་བརྟེན་ནས་གཟུགས་མེད་ཀྱི་ཤེས་པ་སྟེ་ནང་སེམས་ཀྱི་རབ་རིབ་གསང་དོན་དག་སྟོན་དགོས་པ་ཡིན་པར་བཞེད་ཀྱི་ཡོད།དེར་བརྟེན་ཁོ་ཚོས་སྒྱུ་རྩལ་རྩོམ་རིག་གིས་ཕྱི་རོལ་ཡུལ་གྱི་གནས་ཚུལ་ཚུར་སྣང་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ་རྩོམ་པ་པོའི་ནང་སེམས་ཀྱི“བདེན་དོན་ཆེ་ཤོས”དེར་འཚོལ་ཞིབ་དང་།ཕྱི་ཡུལ་བྱ་དངོས་མཚོན་བྱེད་དུ་བཀོད་པར་བརྟེན་ནས་བརྗོད་དོན་ཡིད་ཀྱི་འགྱུར་བ་དག་ཤུགས་ཀྱིས་བསྟན་དགོས་པར་བཞེད་ཀྱི་ཡོད་ཅིང་།ཞིབ་ཕྲའི་དཔེ་མཚོན་དུ་ཝ་ལྰེར་གྱི་<<མཚོ་འགྲམ་གྱི་དུས་ས>>དང་།ཨེ་ལོད་ཐེའི་<<མྱ་ངམ་ཐང་>>སོགས་ལ་གཟིགས་པར་འཚལ།
        ༢)གསར་རྩོམ་གྱི་བྱ་བ་ནི་ཉོན་མོངས་ཡིད་མུག་གི་མཚོན་བྱེད་ཡིན། བྷོ་དྷི་ལེར་གྱི་ལྟ་ཚུལ་ལྟར་ན། འཇིག་རྟེན་མི་ཡུལ་ནི་གདུག་རྩུབ་ཆེ་བ་ཞིག་ཡིན་པས་སྙན་ངག་གི་དམིགས་ཡུལ་ཡང་“མི་ཚེའི་སྐྱོ་གདུང་”བཤད་ཅིང་དྲངས་པ་ཡིན་ལ།“མཛེས་སྡུག་གི་གྲོགས་ཟླ་འོད་དུ་འཚེར་བ་ཞིག་ཡིན་པ”པར་བཞེད་པ་དང་།མ་ལ་མེ་ཡིས་ཀྱང་སྙན་ངག་པའི་གནས་བབ་ནི“རང་ཉིད་ལ་དུས་འདྲུ་བའི་ཁེ་རྐྱང་པ་ཞིག་གི་གནས་བབ་ཡིན”པར་བཞེད་པ་སོགས་ཀྱིས་མཚོན་ལྟར།ཁོ་ཚོའི་བརྩམས་ཆོས་རྣམས་སུ་ཡིད་མུག་དང་།རེ་ཆད།ཉོན་མོངས།སྐྱོ་ཤས་སོགས་གདུང་སྣང་གིས་ཁེངས་ཡོད་པས། ཁོ་ཚོས “འཚོ་བའི་སྡིག་གདུང་གྱེར་བའི་གླུ་མཁན”ཞེས་ཀྱང་གྲགས་པ་རེད། བསྡུས་བརྗོད་རིང་ལུགས་ཀྱི་སྙན་ངག་བརྩམས་ཆོས་ནང་སྐྱོ་གདུང་གཟི་དཔལ་དུ་ངོམས་ནས་འབྲི་ཡི་ཡོད་ལ། ཐ་ན་རྨི་ལམ་གྱི་འཁྲུལ་སྣང་འབྲི་སྐབས་ཀྱང་འཆར་ཡན་རིང་ལུགས་ལྟར་ཉམས་དགའ་བ་ལ་ཡིད་སྤྲོ་བ་ཞིག་མིན་པར་སྐྱོ་ཤས་ཡིད་གདུང་གི་དྲི་མས་གོས་པ་ཞིག་ཡིན་པ་སོགས་ཞིབ་ཕྲ་བྷོ་དྷི་ལེར་གྱི་<<ཡིད་མུག>>དང་།ཝེར་ལེན་གྱི་<<སྟོན་ཁའི་གླུ་དབྱངས>>སོགས་ལ་གཟིགས་ན་གསལ་པོར་མཁྱེན་ངེས།
     ༣)དཔོག་དཀའ་ཞིང་ལྐོག་ཏུ་གྱུར་པ་ནི་བསྡུས་བརྗོད་ཀྱི་རྨང་གཞི་ཡིན།བསྡུས་བརྗོད་རིང་ལུགས་པས་ཐོལ་དུ་བྱུང་བའི་ཚོར་འདུ་གཙིགས་སུ་བྱེད་པ་ལས་རྗེས་དཔག་ཚད་མས་སྒྲུབ་པར་ངོ་རྒོལ་བྱེད་ཀྱི་ཡོད།དཔེར་ན།བྷོ་དྷི་ལེར་གྱིས“སྒྱུ་རྩལ་རྣལ་མ་གང་ཞེ་ན།ཤུགས་བསྟན་གྱི་སྒྱུ་འཕྲུལ་གཏོད་པའོ”ཞེས་དང་།ཝེར་ལན་གྱིས“ཆེས་གཙིགས་སུ་བྱ་རུང་བ་ནི་ཀློག་མཁན་བཟི་མ་འཐོམ་དུ་འགྱུར་བའི་སྙན་ངག་ཡིན”པར་གསུངས་པ་ལྟ་བུ་ལས་ཤེས་ལ།མ་ལ་མེ་ཡིས་ཐ་ན“ཀློག་མཁན་མགོ་བོ་རྨོངས་ཕྱིར་རྐང་བཙུགས་ནས་བརྩམས་ཆོས་ཀྱི་མགོ་མཇུག་འཕྲལ་བའམ་དཀྲུག་དགོས”ཤིང་།“སྙན་ངག་ནི་ནམ་ཡིན་རུང་གབ་ཚིག་ཞིག་ཡིན”པར་བཞེད་པ་མ་ཟད།ཀློག་མཁན་གྱིས་བརྩམ་བྱའི་བསྟན་དོན་གང་ཡིན་མི་ཤེས་པ་ནི“ཀློག་མཁན་གྱི་ཆུ་ཚད་དམའ་བའི་རྐྱེན་ཡིན”ཞེས་སྨྲས།མ་གཞི་ཕུལ་དུ་བྱུང་བའི་སྙན་ངག་ཞིག་ཡིན་ཕྱིན་ཀློག་པ་པོར་རྟོགས་འཆར་བསམ་གཞིགས་ཀྱི་འཁོར་རྒྱ་ཆན་པོ་ཞིག་གཏོད་ཀྱི་ཡོད་མོད།ཁོ་ཚོས་རེ་སྙེགས་བྱེད་ཚད་ཐལ་དྲགས་པས་ཁོ་ཚོའི་སྙན་ངག་ནི་ཁེད་ལན་མེད་པའི་གབ་ཚིག་ཞིག་ཏུ་གྲུབ་པ་དང་།ཀློག་མཁན་རྣམས་ནམ་ཡང་ཤེས་ལ་མ་ཤེས་སམ་བཟི་མ་འཐོམ་གྱི་གནས་སུ་ལུས་ཀྱི་ཡོད།མདོར་བསྡུས་ན་བཤད་ན།བསྡུས་བརྗོད་རིང་ལུགས་པས་དབང་ཤེས་གཙིགས་སུ་འཛིན་ཅིང་ལྐོག་གྱུར་གྱི་དོན་ལ་སྙེགས་པ་དང་།རང་སྣང་རྩ་ཆེར་བལྟ་ཞིང་དངོས་ཡོད་འཚོ་བ་ལས་གཡོལ་བ་དང་།ཤུགས་བསྟན་ལ་དང་དོན་དང་གཟབ་འབྲི་གསལ་བཤད་བྱེད་རྒྱུར་ཁྱད་གསོད་བྱེད་པ་ཡིན་ལ།དེ་དག་གི་ཡང་སྙིང་ནི་རང་སྣང་ཡུལ་ཅན་གྱི་གསང་དོན་མངོན་པར་མཚོན་རྒྱུ་ཡིན་པ་དང་།གསང་དོན་དེའང་མཐར་གཏུགས་ན་ཉོན་མོངས་སྐྱོ་གདུང་དང་།བློ་ཕམ་ཡིད་མུག་གི་སྣང་བ་དེ་རེད། དེས་ན་བསྡུས་བརྗོད་རིང་ལུགས་ཀྱི་བསྡུས་བརྗོད་ནི་སྲོལ་རྒྱུན་གྱི་བསྡུས་བརྗོད་མཚོན་ཐབས་ལས་འགོངས་པ་ཞིག་ཡིན་པ་གསལ་པོར་མཐོང་བ་མ་ཡིན་ནམ།
                                                  ༤ ,སྒྱུ་སྩལ་གྱི་ཁྱད་ཆོས། 
    གོང་དུ་རགས་ཙམ་ཞུས་ཟིན་པ་ལྟར་བསྡུས་བརྗོད་རིང་ལུགས་པའི་རྩོམ་རིག་ལ་སྔ་དར་དང་ཕྱི་དར་གཉིས་སུ་བྱུང་ཞིང་།ཕྱི་དར་གྱི་སྐབས་སུའང་རྒྱལ་ཁབ་མི་འདྲ་བ་དང་།སྙན་ངག་མཁན་པོ་མི་འདྲ་བ་སོ་སོར་ཁྱད་ཆོས་ཐུན་མོང་མིན་པ་འགའ་ཡོད།ཡིན་ནའང་།ཁོང་རྣམ་པའི་སྙན་ངག་ལ་ཐུན་མོང་དུ་མངའ་བའམ་ཡང་ན་ཆ་མཐུན་པའི་རང་བཞིན་ཡང་གང་འཚམ་ཞིག་ཡོད་དེ།དེ་ལྟར་མིན་ན་བསྡུས་བརྗོད་རིང་ལུགས་ཞེས་རྩོམ་རིག་གྲུབ་མཐའ་གཅིག་ཏུ་གྱུར་ཐབས་བྲལ་བ་རེད།    
      ༡)བརྗོད་བྱའི་དོན་ནམ་བསམ་བློའི་བསྟན་དོན་གྱི་ཆ་ནས་བལྟས་ན།བསྡུས་བརྗོད་རིང་ལུགས་པའི་སྙན་ངག་མཁན་པོ་ཚང་མས་ངེས་ཅན་ཞིག་གི་ཐོག་ནས་ཁོ་ཚོར་རང་ཉིད་འཚོ་ཞིང་གཞེས་པའི་སྐབས་ཀྱི་ནུབ་ཕྱོགས་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་ནང་གི་མི་དང་མིའི་དབར་དང་།མི་དང་སྤྱི་ཚོགས་དབར།མི་དང་རང་བྱུང་ཁམས་དབར།དེ་བཞིན་མི་དང་མིའི་མ་བཅོས་གཤིས་རྒྱུད་དབར་གྱི་འབྲེལ་བ་ཡ་མ་གཟུགས་དང་།དེ་ལས་འཕྲོས་པའི་དཔོག་དཀའ་ལྐོག་གྱུར་གྱི་བསམ་བློ་དང་ཉོབ་མདངས་ཐོན་པའི་བློ་ཁ།རྒྱུན་གཏན་གཏན་ཚིག་ལས་ལྡོག་པའི་སེམས་ཁམས་སོགས་བརྗོད་བྱར་བཀོད་ཀྱི་ཡོད་པ་དེས་ཚད་ངེས་ཅན་ཞིག་གི་ཐོག་ནས་ཁོ་ཚོས་མ་རྩ་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ལ་དོགས་འཆར་དང་བསྙོན་འབྱིན་བྱེད་པ་མཚོན་གྱི་ཡོད།དེ་ཡང་།བསྡུས་བརྗོད་རིང་ལུགས་པས་ཕྱི་རོལ་ཡུལ་གྱི་བྱ་དངོས་གང་རུང་ཞིག་མཚོན་བྱེད་དུ་བདཀོད་ནས་དོན་དུ་ནང་ཡུལ་ཅན་སེམས་ཀྱི་བྱ་དངོས་གང་རུང་ཞིག་མཚོན་བྱེད་དུ་བཀོད་ནས་དོན་དུ་ནང་ཡུལ་ཅན་སེམས་ཀྱི་འཆར་སྒོ་དང་གསང་རྒྱ་སྟོན་པར་བྱེད་ཅིང་།དོན་ངོ་མའི་བདེན་པར་གྲུབ་པ་ནང་གནས་ཀྱི་ཤེས་པ་ཡིན་པར་འདོད་མོད།ཞིབ་པར་དཔྱད་ན་ནང་སེམས་ཀྱི་འགྱུར་བའམ་སྣང་འཆར་ཐམས་ཅད་ཀྱི་རོལ་ཡུལ་གྱི་བྱ་དངོས་གང་ཞིག་མིའི་ཀླད་པར་ཤར་བ་ལས་བྱུང་བ་ཞིག་ཡིན་པས།ཁོ་ཚོས་བློ་མིག་གིས་རྒྱུར་གྱུར་པའི་སྤྱི་ཚོགས་ཀྱི་འཚོ་བའི་གནས་བབ་དེ་མཐོང་ཐུབ་པ་ཡིན།དཔེར་ན།བསྡུས་བརྗོད་རིང་ལུགས་པའི་སྙན་ངག་གི་མེས་པོར་གྲགས་པའི་བརྩམས་ཆོས<<སྡིག་ལྟུང་གི་མེ་ཏོག>>ཞེས་པའི་ནང “ཉོན་མོངས་དང་རེ་སྨོན།” “ཕ་རི་སིའི་ཡུལ་ལྗོངས”“ཆང་།”“སྡིག་ལྟུང་གི་མེ་ཏོག”“རྒྱབ་གཏོད”“འཆི་འདས”སོགས་ཁག་དྲུག་ལ་བགོས་པའི་སྙན་རྩོམ་བསྡོམས་༡༦༠ཙམ་བསྡུས་ཡོད་པ་དེ་ཚོ་ལས་མི་ཡུལ་གྱི་སྡིག་ཉེས་དང་།འཚོ་བའི་སྐྱོ་གདུང་།སྐྱུག་བྲོ་བའི་སྤྱི་ཚོགས་དང་།མི་གཤིས་ཀྱི་གཞན་འགྱུར་སོགས་ལས་མཚོན་པའི་སེམས་རྨུས་མངོན་ཞིང་།སེམས་རྨུས་དེ་ལས་རྩོམ་པ་པོས་མཛེས་སྡུག་དགེ་ལྡན་གྱི་ཞིང་ཁམས་ཤིག་ལ་སྙེགས་པའི་བསམ་འདུན་ཡང་ཤུགས་ཆེར་མངོན་ཡོང་གི་ཡོད་དེ།ཨ་རུ་སུའི་རྩོམ་རིག་སྨྲ་བ་ཆེན་པོ་ཀོར་ཀིས་བྷོ་དྷི་ལེར་ནི་“འཚོ་བ་སྡིག་ལྟུང་གི་ཁྲོད་དུ་སྐྱེལ་ནའང་། དགའ་ཞིང་ཞེན་པ་ནི་དགེ་བ་རེད”ཅེས་གསུངས་པ་དོན་ལ་གནས་སོ།གཞན་ཡང་ཨེ་ལོད་ཐེས་བྲིས་པའི<<མྱ་ངམ་ཐང>>ཞེས་དེང་རབས་རིལ་ལུགས་པ་སྤྱི་ཡི་རྩོམ་གྱི་ཕུལ་དུ་བྱེད་པ་དེའི་ནང་ཡང་འཛམ་གླིང་དམག་ཆེན་དང་པོ་ལངས་རྗེས་ནུབ་གླིང་པའི་ཉམས་ཤོར་བའི་བསམ་བློ་དང་།མདངས་ཡལ་བའི་བརྩེ་དུང་གི་སྣང་ཚུལ་ཡ་མ་ཟུང་མཚོན་ལ།གནམ་བདག་ཆོས་ལུགས་ཀྱི་བསམ་བློ་དཔོག་དཀའ་བློ་ལས་འགོངས་པའང་ཤུགས་ཆེར་མཚོན་གྱི་ཡོད་པ་ལྟ་བུ་ཞིག་རྙེད་རྒྱུ་ཡིན་པར་གདོན་མི་ཟ་ན་འདིར་ཡིག་རྫོབ་ཆེ་བའི་ངལ་བ་མི་བྱེད་དོ།

     ༢)སྒྱུ་རྩལ་གྱི་མཚོན་ཐབས་ཀྱི་ཆ་ནས་བལྟས་ན།བསྡུས་བརྗོད་རིང་ལུགས་ཐོག་མར་དར་བའི་སྐབས་ཉིད་ནས་སྐབས་དེ་ཤེད་ཀྱི་རྩོམ་རིག་གྲུབ་མཐའ་སྟེ་དངོས་ཡོད་རིང་ལུགས་(དགག་སྒྲུབ་དངོས་ཡོད་རིང་ལུགས་ཚུད)དང་འཆར་ཡན་རིང་ལུགས་ཀྱི་རྩོམ་ཚུལ་ལ་རྒྱབ་གཏོད་ངོ་རྒོལ་བྱེད་པའི་ལངས་ཕྱོགས་ཤིག་གི་ཐད་ནས་དར་བ་ཡིན་པས་ཁོ་རང་གི་ཐབས་རྩལ་ཐུན་མིན་འབུར་དུ་ཐོན་པ་ཞིག་དགོས་ཀྱང་དགོས་ལ་བྱུང་ཡང་བྱུང་ཡོད།དེ་ཡང་།སྔོན་གྱི་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་གི་སྒྱུ་རྩལ་མཚོན་ཐབས་ནང་ཕྱི་རོལ་ཡུལ་གྱི་ཡུལ་ལྗོངས་དང་བྱ་དངོས་བཀོད་འབྲི་བྱེད་རྒྱུར་དོ་གལ་ཆེ་བར་བྱེད་ལ་བསྡུས་བརྗོད་རིང་ལུགས་པས་དེ་ལས་ལྡོག་སྟེ།མི་རྣམས་ཀྱི་མིག་ཟུང་དེ་ཕྱི་རོལ་ཡུལ་གྱི་དངོས་པོ་བཀོད་རྒྱུ་གཙིགས་སུ་འཛིན་པ་ནས་བསྡུས་བརྗོད་མཚོན་བྱེད་འགོད་པར་བརྟེན་ནས་ནང་སེམས་ཀྱི་གསང་བ་ཕྲ་ཞིང་ཕྲ་བ་རྣམས་བསྔོགས་ཤིང་བཤེར་བ་དང་།རོ་མེད་གཟུགས་མེད་ཀྱི་འགྱུར་བ་ལྐོག་གྱུར་དེ་མིག་མཐོང་ལག་ཟིན་ཐུབ་པའམ་རྣ་ཐོས་ངག་ཟིན་ཐུབ་པའི་གཟུགས་སྣང་དུ་བསྒྱུར་ནས་བརྗོད་དོན་སྟོན་པར་བྱེད་ཀྱི་ཡོད།དཔེར་ན་ཝ་ལེར་གྱི་བརྩམས་ཆོས་ནང་ཕྱི་ཡུལ་གྱི་དངོས་པོ་འབྲི་རྒྱུ་ལྷོད་ནས་ནང་སེམས་ཀྱི་བདེན་དོན་གང་ཡིན་པ་མངོན་པར་མཚོན་པར་བརྩོན་པ་ལྟ་བུ་ཁོང་གི་<<མཚོ་འགྲམ་གྱི་དུས་ས>>ལ་སོགས་པར་གཟིགས་ན་མཁྱེན་པ་དང་།ཨེ་ལོད་ཐེའི<<མྱ་ངམ་ཐང>>གི་ནང་དུའང་བཀོད་འབྲི་དང་བསླབ་གཅུན་སྤོམ་ཚིག་ཏུ་སྤེལ་བ་མ་ཡིན་པར་བྱ་མཁས་བྱེད་བདེས་ལྷ་སྒྲུང་ཤོད་སྲོལ་བེད་སྤྱད་དེ་ཞིབ་ཅིང་གསལ་ལ་གསོན་ཉམས་དོད་པའི་དངོས་གཟུགས་ལ་བརྟེན་ནས་མི་རྣམས་ཀྱི་ནང་སེམས་ཀྱི་འཇིག་རྟེན་གང་འདྲ་ཞིག་ཡིན་པ་ཤུགས་ཀྱིས་སྟོན་གྱི་ཡོད་པས་ཕྱི་རབས་པས“མྱ་ངམ་ཐང་”ཞེས་པ་འདི་ནུབ་གླིང་སྤྱི་ཚོགས་ཀྱི་འཁྲུག་ལོང་དང་།བསམ་བློའི་འཇིག་ཉེན་མཚོན་པའི་བརྡ་བྱེད་དུ་བཀོལ་ཞིང་སྤྱོད་གྱི་ཡོད།གཞན་ཡང་སྔར་གྱི་འཆར་ཡན་རིང་ལུགས་ཀྱི་རྩོམ་ལུགས་ལྟར་ན་རྩོམ་པ་པོས་རང་ཉིད་ཀྱི་བསམ་པའི་བརྩེ་དུང་དྲག་ཞན་གང་ཡང་རུང་བ་བཤར་མར་ཇི་མ་ཇི་བཞིན་གྱེར་འདོན་བྱེད་ཀྱི་ཡོད་ཅིང་།བསྡུས་བརྗོད་རིང་ལུགས་པས་དེ་ནི་སྒྱུ་རྩལ་མཚོན་ཐབས་ཀྱི་ཞན་མཐར་རྩིས་ཏེ་བསྡུས་བརྗོད་མཚོན་བྱེད་དེ་མཚོན་བྱེད་རང་བཞིན་ལྡན་པའི་དངོས་གཟུགས་ལ་བརྟེན་ནས་བརྗོད་དོན་ཤུགས་ཀྱིས་བསྟན་པ་དང་། རྩོམ་པ་པོའི་ཚོར་འདུ་དྲག་པོ་མི་མངོན་པའི་ཟོལ་གྱིས་ཤུགས་སུ་སྟོན་དགོས་པར་བཞེད་ཀྱི་ཡོད།<<སྡིག་ལྟུང་གི་མེ་ཏོག>>ལྟ་བུར་མཚོན་ན་བརྗོད་གཞིའི་ཐད་ནས་ཉམས་རྒུད་དུ་འགྲོ་བཞིན་པའི་འཆར་ཡན་རིང་ལུགས་ཀྱི་རྙིང་སོང་ཆོ་མེད་ཀྱི་གཏམ་མམ་སྲོག་མེད་བེམ་རོའི་འཕྱོར་སྒེག་ཙམ་སྟོང་བྱེད་པ་ལས་བརྒལ་ཏེ། འཚོ་བར་འཆར་ཡན་གྱི་མཛེས་རྒྱན་སྤྲས་པ་མ་ཡིན་པར་སྙན་ངག་མཁན་པོའི་ལངས་ཕྱོགས་ཐོག་ནས་སྐྱུག་བྲོ་བའི་སྤྱི་ཚོགས་དང་། སྡུག་བསྔལ་བའི་མི་ཚེ་ལ་ངོ་ཕྱོགས་ཏེ་ཆེས་ཟབ་པའི་མྱོང་ཚོར་དང་། སྐྱོ་གདུང་། འཇིག་སྣང་། གནོང་འགྱོད།འདོད་མོས་སོགས་མྱོང་མཚོན་པ་མ་ཟད།མཚོན་ཐས་ཐད་ནས་ཀྱང་བསམ་ཚུལ་ཇི་མ་ཇི་བཞིན་བཤར་མར་འབྲི་བ་མ་ཡིན་པར།“བསྡུར་བརྗོད་མཚོན་བྱེད་ཀྱི་ནགས་ཚལ”ལ་བརྟེན་ནས་ངེས་མེད་གཡོ་འགྱུར་ཆེ་བའི་སེམས་ཁམས་ཀྱི་འཇིག་རྟེན་ཡངས་པོ་ཤུགས་ཀྱིས་སྟོན་པ་རེད།མདོར་བསྡུས་ནས་བཤད་ན།བསྡུས་བརྗོད་རིང་ལུགས་པའི་རྩོམ་རིག་གི་ཁྱད་ཆོས་གཙོ་བོ་ནི་རང་སྣང་རང་བཞིན་ཏེ།ནང་སེམས་ཀྱི་འགྱུར་བ་མཐའ་ཡས་ཕྲ་ཞིང་ཕྲ་བ་དེ་མངོན་པར་མཚོན་པ་ཡིན་ཞིང་།མཚོན་ཐབས་ཀྱང་གཙོ་བོ་བསྡུས་བརྗོད་མཚོན་བྱེད་འགོད་པར་བརྟེན་པ་ཡིན་པས་དེའི་སྒྱུ་རྩལ་ཁྱད་ཆོས་གཞན་འགའ་ཞིག་ཀྱང་ཤུགས་ལས་ཐོན་འོང་སྟེ།གནམ་སྔོན་པོ“སྔོ་ལྷོག་ལྷོག་གྲོད་ཁོག་དང་འདྲ”ཞེས་པ་ལྟ་བུ་དཔེ་སྦྱོར་ཚུལ་ཁྱད་མཚར་བ་དང་།ཡིད་ཀྱི་འགྱུར་བ་སྟོན་ཕྱིར་བསྡུས་བརྗོད་མཚོན་བྱེད་ཅིག་ནས་གཞན་ཅིག་ལ་རང་འདོད་ལྟར་སྤོ་བསྒྱུར་བྱེད་པ་ལས་དེ་ཚོའི་དབར་གྱི་གཏན་ཚིག་དང་འབྲེལ་བར་སྣང་འཇོག་མི་བྱེད་པའི“ལྡེམ་མཆོངས་རང་བཞིན”དང་ལྡན་པ་སོགས་མང་དུ་མཆིས་ན་འདིར་ཚང་ཞིང་འཛོམས་པ་ཞིག་ཞུ་ནུས་བྲལ། 
                                 ༥ ,སྲོལ་རྒྱུན་གྱི་བསྡུས་བརྗོད་མཚོན་ཐབས་དང་བསྡུས་བརྗོད་རིང་ལུགས་པའི་མཚོན་ཐབས་གཉིས་ཀྱི་ཁྱད་པར།
        མཚོན་བྱེད་ཀྱི་དཔེའམ་ཆོས་ཤིག་དངོས་སུ་སྨོས་པའི་ཤུགས་ལས་མཚོན་བྱ་དོན་དངོས་པོ་གཞན་ཞིག་བསྡུས་པའི་ཚུལ་གྱིས་སྟོན་པ་ནི་སྤྱིར་བཏང་གི་རྒྱན་གྱི་སྦྱོར་ཚུལ་ཞིག་ཡིན་པས་ཕྱི་ནང་རྩོམ་རིག་ཁག་ནང་གང་མང་བེད་སྤྱད་བྱས་ཡོད་པ་གོང་དུ་ཧྲོབ་ཙམ་ཞུས་ཟིན་པ་ལྟར་ཡིན་ལ།བསྡུས་བརྗོད་རིང་ལུགས་པའི་དགོངས་ཚུལ་ལག་ལེན་ལྟར་གྱི་མཚོན་ཐབས་ནི་སྲོལ་རྒྱུན་གྱི་བསྡུས་བརྗོད་མཚོན་ཐབས་དང་འདྲ་བའི་ཆ་ཡོད་ལ།སྲོལ་རྒྱུན་ལས་བརྒལ་བའི་རང་གི་ཁྱད་ཆོས་འབུར་དུ་ཐོན་པའང་ཡོད་པ་ཞིག་རེད།བསྡུས་བརྗོད་རིང་ལུགས་པའི་མཚོན་ཐབས་ནི་རང་སྣང་རང་བཞིན་ཤུགས་ཆེར་ལྡན་པ་ཞིག་ཡིན་པས་དམིསག་བསལ་ཁོར་ཡུག་གི་གནས་བབ་བྱེ་བྲག་པ་ལས་བྱུང་བའི་ཚོར་འདུ་བྱེ་བྲག་པ་ཁྱད་པར་དུ་མཚོན་པར་བྱེད་པར་དགེ་མཚན་ལྡན་པ་ཞིག་རེད། ཞིབ་པར་བསམ་ཚེ། སྲོལ་རྒྱུན་གྱི་བསྡུས་བརྗོད་མཚོན་ཐབས་དང་བསྡུས་བརྗོད་རིང་ལུགས་པའི་མཚོན་ཐབས་གཉིས་དབར་ཁྱད་པར་འདི་འདྲ་ཞིག་མཆིས་ཏེ།
         ༡)སྲོལ་རྒྱུན་གྱི་བསྡུས་བརྗོད་མཚོན་ཐབས་སུ་མཚོན་བྱ་མཚོན་བྱེད་གཉིས་བར་འདྲ་མཚུངས་ཀྱི་ཆོས་ཤིག་ངེས་པར་དགོས་ཤིང་ཁྱད་ཆོས་དེའི་ཤུགས་ལས་བསྡུས་བརྗོད་ཡོད་པའི་མཚོན་བྱའི་དོན་གང་ཡིན་པ་དེ་གསལ་པོར་རྟོགས་ཐུབ་པ་ཞིག་ཡིན་ཏེ།དཔེར་ན་རང་རེ་བོད་ཀྱི་སྙན་གཞུང་ནང་བསྟན་པའི་བསྡུས་བརྗོད་ཀྱི་རྒྱན་ལྟ་བུ“དངོས་པོ་འགའ་ལ་བསམ་བྱས་ནས།དེ་དང་མཚུངས་པའི་དངོས་པོ་གཞན།བསྡུས་པའི་ཚུལ་གྱིས་བརྗོད་པ”ཞིག་ཡིན་དགོས་པ་དང་།ངེས་བསྟན་གྱི་རྒྱན་ནི་དེ་བས་ཀྱང་ཁ་གསལ་བ་ཡིན་ཏེ།བསྟན་བྱའི་དོན་གང་ཡིན་པ་མཚོན་བྱེད་དཔེ་ཡི་ཕྱི་བཞིན་གསལ་པོར་སྟོན་པ་ཡིན་པས་སོ།དེས་ན་སྲོལ་རྒྱུན་གྱི་བསྡུས་བརྗོད་ནང་བསྡུ་བྱ་བསྡུ་བྱེད་དམ་མཚོན་བྱ་མཚོན་བྱེད་གཉིས་དབར་འདྲ་མཚུངས་ཆེ་བས་དེ་གཉིས་ཀྱི་བར་ཐག་ཉེ་ཞིང་བསྟན་དོན་དངོས་དེ་གང་ཡིན་པ་ཇི་བཞིན་ཤེས་སླ་བ་རེད།བསྡུས་བརྗོད་རིང་ལུགས་པས་ནི་དེ་ལས་ལྡོག་ཏེ་བསམ་ཡུལ་ལས་འདས་པའི་དཔེ་ཞིག་མཚོན་བྱེད་དུ་བཀོད་ནས་གློ་བུར་ཐོག་རྒྱག་དང་དཔེ་གསར་ཁྱད་མཚར་བའི་ཉམས་ཤིག་སྟེར་ཐབས་བྱེད་ཀྱི་ཡོད་པས་མཚོན་བྱའི་ནང་དོན་ངོ་མ་གང་ཡིན་བཤར་མར་དཔོག་དཀའ་བའམ་མ་མཐའ་ཡང་མཚོན་བྱ་མཚོན་བྱེད་གཉིས་བར་འདྲ་མཚུངས་ཀྱི་བར་ཁྱད་ཅུང་ཆེ་བ་ཞིག་འབྱུང་བས་སྒྱུ་རྩལ་ཕན་འབྲས་ཀྱང་ཉམས་མཚར་བ་ཞིག་ཐོན་གྱི་ཡོད།དཔེར་ན།ཨེ་ལོད་ཐེའི་སྙན་ངག་ཝ“མྱ་ངམ་ཐང་”ཞེས་པའི་ནང་སྨུག་ཞགས་ཞི་མི་གཉིད་ཡུར་དུ་བཀོད་པ་དང་།དགོང་ཁའི་སྲོད་ནི“ནད་ཁྲིའི་ཐོག་སྦྲིད་སྨན་བཏབ་ནས་འདུག་པའི་ནད་པ”ལྟ་བུར་བཀོད་པ་ཡོད་པ་ལྟ་བུ་མཐོང་སྐབས་ཐོག་མར་ཡ་མཚན་པའམ་ལུང་འཆོལ་བའི་སྣང་བ་ཞིག་སྟེར་ཞིང་།ཞིབ་ཏུ་བསམ་སྐབས་མི་སྣ་བྱེ་བྲག་པའི་བསམ་ཚུལ་བྱེ་བྲག་པ་ཁྱད་པར་དུ་སྟོན་གྱིན་ཡོད་པ་གང་ལེགས་རྟོགས་ཐུབ་པ་ལྟ་བུ་རེད།
       )བསྡུས་བརྗོད་མཚོན་བྱེད་བཀོད་པ་ཞིག་ཡིན་ཕྱིན་ཚང་མར་གོ་ཕྱོགས་མང་བའི་ཁྱད་ཆོས་ཤིག་ལྡན་ཡོད།ཡིན་ནའང་སྲོལ་རྒྱུན་གྱི་བསྡུས་བརྗོད་མཚོན་ཐབས་སུ་བཀོད་པ་རྣམས་ཀྱིས་ནི་ཡང་ན་ཕུག་རོན་གྱིས་ཞི་བདེ་མཚོན་པ་ལྟ་བུ་བྱ་དངོས་བྱེ་བྲག་པ་གཞན་ཞིག་སྟོན་པ་དང་།ཡང་ན་ཁ་བཏགས་དང་གངས་དཀར་གྱིས་ཟོལ་མེད་ལྷག་བསམ་མཚོན་པ་ལྟར་བསམ་བློ་དང་རང་གཤིས་སོགས་དམིགས་སུ་བཀར་ན་ཞིག་མཚོན་པ་ཡིན་པས་མཚོན་བྱའི་དོན་ནམ་བསྡུས་པའི་ཚུལ་དུ་ཡོད་པའི་བརྗོད་དོན་ངོས་འཁྲི་འཕེར་བ་ཞིག་སྟོན་པ་ཡིན་ལ།བསྡུས་བརྗོད་རིང་ལུགས་པའི་མཚོན་ཐབས་སུ་གང་བཀོད་པའི་དཔེའམ་མཚོན་བྱེད་ཀྱི་དངོས་པོས་མཚོན་བྱའི་དོན་བྱེ་བྲག་པ་དམིགས་དཀར་ངོས་ཟིན་ཐུབ་པ་ཞིག་མཚོན་པ་མ་ཡིན་པར་ཚོར་བའམ་སྐད་ཅིག་མའི་མྱོང་སྣང་དང་།རབ་རིབ་ཀྱི་འཕྲུལ་སྣང་།དེ་བཞིན་ངོས་འཁྲི་བྱེད་ཐབས་བྲལ་བའི་དུང་སེམས་སོགས་ཤུགས་ཀྱིས་བསྟན་པ་ཡིན་པས་སྙན་ངག་དེ་རིགས་ཀློག་སྐབས་སྲོལ་རྒྱུན་ལྟར་བེམ་པོ་གོས་གཡོག་བྱས་ན་བརྗོད་དོན་གོ་བར་དཀའ་བ་རེད།དཔེར་ན།ཕང་ཏིའི་ཚིག་རྐང་གཉིས་ལས་གྲུབ་པའི་གྲགས་རྩོམ(ས་འོག་མེ་འཁོར་བབས་ཚུགས)ལྟ་བུར་རང་ཉིད་ཀྱི་མྱོང་སྣང་དང་འབྲེལ་བའི་གོ་བ་ཐོལ་བྱུང་ཞིག་སྐྱེ་ཐབས་བྱེད་པ་ལས་མཚོན་བྱེད་དཔེ་དེ་འཁྱེར་ནས་དེས་འགེབ་སའི་དོན་ནམ་མཚོན་བྱ་ངེས་གཏན་ཞིག་བཙལ་སྙམ་ན་ནི་དགོད་འཆོར་བའི་གནས་ཉིས་ལས་མ་འདས་པ་ལྟ་བུའོ།༢)སྲོལ་རྒྱུན་གྱི་བསྡུས་བརྗོད་མཚོན་ཐབས་ནི་ཇི་ལྟར་རུང་ཕྱི་རོལ་གྱི་བྱ་དངོས་གང་ཡང་རུང་བ་ཞིག་མཚོན་པའམ་ཚུར་སྣང་བྱེད་པ་ཞིག་ཡིན་པས་མཚོན་བྱ་མཚོན་བྱེད་གཉིས་བར་འདྲ་བའི་ཆོས་མང་ཉུང་ལ་མ་ལྟོས་པ་ཞིག་ངེས་པར་དགོས་ལ།ཐང་ཤིང་གི་རང་གཤིས་ཁྱད་ཆོས་གྲང་རེག་བསྲན་ཅིང་དུས་བཞིར་འགྱུར་བ་མེད་པའི་སྔོ་མདངས་ཐོན་པ་ལས་གཡོ་ཁྲམ་ཚུལ་འཆོས་བྲལ་ཞིང་དཀའ་ཁག་ཅི་ལའང་མི་སྐྲག་མི་སྒུར་བའི་དམ་པའི་རང་རྟགས་མཚོན་པ་ལྟ་བུ་ཕྱི་རོལ་ཡུལ་གྱི་ལྟོས་མེད་འབྲེལ་བར་གཞི་བཅོལ་ཏེ་བསྡུ་བྱའི་དོན་གང་ཡིན་པ་སྟོན་པ་ཡིན་ལ།བསྡུས་བརྗོད་རིང་ལུགས་པའི་མཚོན་ཐབས་སུ་ནི་རང་སྣང་ཡུལ་ཅན་གྱི་འགྱུར་བག་སྟོན་པ་དམིགས་ཡུལ་དུ་བཟུང་བ་ཡིན་པས་མཚོན་བྱ་མཚོན་བྱེད་ཀྱི་རང་གཤིས་ཁྱད་ཆོས་ལས་གྲུབ་པའི་ལྟོས་མེད་འབྲེལ་ལམ་ལ་དོ་གལ་དེ་ཙམ་མི་བྱེད་པ་མ་ཟད།ཐ་ན་ཆེད་མངགས་རྐང་བཙུགས་ཀྱིས་དེ་གཉིས་ཀྱི་ལྟོས་མེད་འབྲེལ་བ་གཏོར་ཏེ་འདྲ་ཆོས་འབྲེལ་ལམ་ཅིའང་མེད་པའི་དཔེ་དང་དཔེ་ཅན་གཉིས་གཅིག་ཏུ་སྦྲེལ་ནས་ནང་སེམས་ཀྱི་འགྱུར་བ་ཁྱད་མཚར་བ་དག་ཁྱད་མཚར་བའི་ལུང་འཆོལ་གྱིས་སྟོན་ཐབས་བྱེད་པ་རེད།དཔེར་ན་དགོས་དབང་ཁྱད་པར་བའི་དབང་གིས་ཁྱོད་ཚོས“ཉི་ཟེར་གྱི་སྐད་སྒྲ་ཐོས་ལ་སྐད་ཆའི་འོད་ཟེར་མཐོང་བྱུང་”ཞེས་པ་སོགས་ལུང་འཆོལ་བའི་གཏམ་གྱིས་བརྗོད་ལ་ཀློག་མཁན་གྱིས་གོ་མི་གོར་སྣང་འཇོག་དེ་ཙམ་བྱེད་ཀྱི་མེད།
                                       
༦ཤུགས་རྐྱེན་སྐོར་གླེང་བས་མཇུག་བསྡུ་བ།
       བསྡུས་བརྗོད་རང་ལུགས་པའི་རྩོམ་རིག་འདི་བཞིན་རྩོམ་རིག་གི་གྲུབ་མཐའ་ཞིག་ཏུ་བྱུང་ཞིང་འཕེལ་ནས་འཛམ་གླིང་ལྡུམ་རྭ་ཆེན་མོར་གཟི་འོད་འབར་བའི་འཕྲིན་ལས་ཀྱི་མེ་ཏོག་གསར་པ་དྲི་ཞིམ་ཕྱོགས་བརྒྱར་འཐུལ་བ་ཞིག་བསྣན་རྗེས།དུས་རབས་འདི་ཀོའི་ལོ་རབས་སུམ་ཅུའི་ནང་སླེབས་སྐབས་རིམ་བཞིན་ཉམས་རྒུད་དུ་སོང་ཞིང་རང་རྐྱ་འཕེལ་བའི་གྲུབ་མཐའ་ཞིག་ཏུ་བྱེད་པའི་ལོ་རྒྱུས་ཀྱི་མཇུག་སྒྲིལ་མོད། གང་དེའི་སྒྱུ་རྩལ་ལྟ་ཚུལ་དང་ལག་ལེན།མཚོན་ཐབས་སོགས་ཀྱི་ཤུགས་རྐྱེན་གང་ཆེར་བཞག་ཡོད་པ་གྲིབ་མ་དེང་རབས་རིང་ལུགས་པའི་གྲུབ་མཐའ་གཞན་རྣམས་ཀྱི་ལག་ལེན་གྱི་ཁྲོད་དུ་སྣང་ལ།ལྷག་པར་དུ་མངོན་མཚོན་རིང་ལུགས་པ་དང་།རྟོགས་པ་རང་ཡན་པའི་རྩོམ་རིག་ལ་ཐེབས་པའི་ཤུགས་རྐྱེན་དེ་བས་མངོན་གསལ་དོད་པའི་ཕྱིར།ཞིབ་འཇུག་པ་མང་པོ་ཞིག་གིས་མངོན་མཚོན་རིང་ལུགས་ནི་བསྡུས་བརྗོད་རིང་ལུགས་པའི་སྒྱུ་རྩལ་ཤན་ཤུགས་ཟློས་གར་ལ་ཞུགས་པ་དང་།རྟོག་པ་རང་ཡན་པ་ནི་བསྡུས་བརྗོད་རིང་ལུགས་ཀྱི་ཤུགས་རྐྱེན་བརྩམས་སྒྲུང་ལ་ཐིམ་པ་ཞིག་ཡིན་པར་བཞེད་ཀྱི་ཡོད།མདོར་ན་བསྡུས་བརྗོད་རིང་ལུགས་པའི་སྒྱུ་རྩལ་མཚོན་ཐབས་ལ་རྩོམ་རིག་གི་གྲུབ་མཐའ་གང་མང་གིས་དང་ལེན་སློབ་སྦྱོང་བྱེད་ཀྱི་ཡོད་པ་མ་ཟད།ཐ་ན་དངོས་ཡོད་རིང་ལུགས་པ་འགའ་རེས་ཀྱང་སློབ་སྦྱོང་གིས་གསར་རྩོམ་བྱ་བའི་ནང་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད།དེར་བརྟེན་བསྡུས་བརྗོད་རིང་ལུགས་འདི་བཞིན་རྩོམ་རིག་གི་གྲུབ་མཐའ་ཞིག་ཏུ་བྱེད་པའི་ལོ་རྒྱུས་མཇུག་སྒྲིལ་ནའང་།གང་དེས་གསར་དུ་གཏོད་པའི་སྒྱུ་རྩལ་མཚོན་ཐབས་དེ་རྩོམ་རིག་གི་གྲུབ་མཐའ་གཞན་དང་གཞན་གྱི་གསར་རྩོམ་ལག་ལེན་ཁྲོད་གཟི་འོད་འཕྲོ་བཞིན་ཡོད་པས་གང་དེའི་སྒྱུ་རྩལ་གསོན་ཤུགས་ཉམས་པ་མེད་པར་གནས་ཤིང་འཕེལ་ཏེ་ཡོད་ཅེས་སྨྲས་ནུས་སོ། 
      བསྡུས་བརྗོད་རིང་ལུགས་པའི་རྩོམ་རིག་འདི་བཞིན་རང་རྒྱལ་རྒྱ་རིགས་ས་ཁུལ་ལའང་དུས་རབས་ཉི་ཤུ་པའི་ལོ་རབས་ཉི་ཤུའི་ནང་དར་ཞིང་། ལི་ཅིན་ཧྥ་(李金发)དང་ཝང་ཏུའུ་ཆིང་   (王独清) ཧྥང་ནེ་ཁྲའོ (冯乃超) ཧུའུ་ཡེའེ་ཕིན (湖也频)ཏེ་ཝང་ཧྲུའུ(戴望舒)སོགས་ཀྱིས་གྲུབ་པའི་གྲུབ་མཐའ་མི་ཆུང་བ་ཞིག་ཏུ་འཕེལ་ཏེ་ཀྲུང་གོའི་རྩོམ་རིག་ལ་གསོན་ཤུགས་གསར་པ་ཞིག་བསྣན། དེང་གི་ཆར་ཡང་འཕེལ་བརྗོད་རིང་ལུགས་ཞེས་གྲུབ་མཐའ་ཞིག་ཏུ་གྲུབ་པ་མེད་མོད། པེ་ཏའོ(北岛)ལ་སོགས་སྙན་ངག་མཁན་པོ་རེ་གཉིས་ཀྱི་པིར་རྩེ་ལས་བསྡུས་བརྗོད་སྙན་ངག་གི་མེ་ཏོག་འཐོར་བཞིན་ཡོད་ལ།མང་ཆེ་བ་ནི་སྒྱུ་རྩལ་མཚོན་ཐབས་འདྲ་མིན་སྣ་ཚོགས་རང་གི་ལྟ་ཚུལ་འདོད་མོས་ལྟར་མཉམ་བསྲེས་ཀྱིས་བེད་སྤྱད་པ་ལས་མཐའ་གཅིག་ཏུ་བསྡུས་བརྗོད་རིང་ལུགས་དང་།མངོན་མཚོན་རིང་ལུགས་ཞེས་པ་སོགས་དམིགས་སུ་འཛིན་རྒྱུ་མེད་པ་ལྟ་བུར་གྱུར་ཡོད།རང་རེ་བོད་ཀྱི་ཆ་ནས་ཞུས་ནའང་།དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་ནས་བཟུང་སྙན་ངག་གསར་པ་དར་འགོ་ཚུགས་ལ།རྒྱལ་ཁབ་ཕྱི་ནང་གི་སྙན་ངག་མཁན་པོ་ནམ་མཁའི་སྐར་ལ་འགྲན་པའི་སོར་རྩེ་ལས་འཁྲུངས་པའི་བརྩམས་ཆོས་འདྲ་མིན་སྣ་ཚོགས་ལ་བལྟ་དཔྱད་སློབ་སྦྱོང་། ཞིབ་བསྡུར་དང་ལེན་བྱེད་པ་དང་སྦྲགས་རང་མི་རིགས་ཀྱི་སྲོལ་རྒྱུན་སྙན་ངག་གི་ལེགས་ཆ་རྒྱུན་འཛིན་དར་སྤེལ་བྱས་པ་ལས་སྙན་ངག་གསར་པ་རོ་བཅུད་ཕུན་སུམ་ཚོགས་པ་གང་མང་ཐོན་དང་ཐོན་བཞིན་ཡོད་པ་དེ་ཚོའི་ནང་སྙན་ངག་པ་ལྗང་བུ་ལྟ་བུས་བྲིས་པའི་བརྩམས་ཆོས་ལ་མཚོན་ན།མཐའ་གཅིག་ཏུ་བསྡུས་བརྗོད་རིང་ལུགས་ཀྱི་སྙན་ངག་རེད་ཅེས་ཞུ་སྤོབས་བྲལ་ནའང་བསྡུས་བརྗོད་རིང་ལུགས་ཀྱི་ཤན་ཤུགས་ངེས་ཅན་ཞིག་དེང་རབས་རིང་ལུགས་པའི་སྒྱུ་རྩལ་མཚོན་ཐབས་གཞཞན་དང་ལྷན་དུ་ཐེབས་འདུག་ཅེས་བདག་གིས་སྙམ་པས་སྙན་ངག་གསར་པ་དེ་རིགས་གོང་ནས་གོང་དུ་འཕེལ་བ་དང་།ལྷག་པར་བོད་རིགས་གཞོན་སྐྱེས་བློ་དང་ལྡན་པ་དག་གིས་ཕྱི་གླིང་དེང་རབས་རྩོམ་རིག་ལ་རྒྱུས་མངའ་ཡོང་རྒྱུར་ཕན་པ་ཅུང་ཟད་ཙམ་ཐོན་པའང་སྲིད་སྙམ་སྟེ་རྩོམ་ཐུང་འདི་འབྲི་ཁུལ་བྱས་པར་མ་རྟོགས་ལོགས་རྟོགས་ཀྱི་ནོངས་འཁྲུལ་མཆིས་ངེས་ན།མཁྱེན་ལྡན་དག་གིས་དག་སེལ་འཁྲུལ་བཅོས་ལ་སྨན་པའི་དགོངས་འཆར་ལྷུག་རྩོམ་གནང་བར་བཀྲ་ཤིས་བདེ་ཞལ་ཞུ།།

རྩོམ་ཁུངས། མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསྡུས་བརྗོད་རིང་ལུགས་ཀྱི་རྩོམ་རིག་ངོ་སྤྲོད།

2009-10-16 ནོར་བུ་བསམ་འཕེལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།