ངལ་རྫིའི་སྙན་ངག་རིང་མོ། འདོད་ཁམས།
དང་པོ།
གནམ་གྱི་བང་རིམ་སོ་སོ་ནས
ལྷ་མོ་རྣམས་ས་འཛིན་གྱི་པང་དུ་ལོག
ས་གཞིས་ནགས་ཚལ་སྟུག་པོའི་རུམ་ཁ་ཕྱེས་ཤིང
གྱེན་ཏུ་འཕྱུར་བའི་ཡལ་ག་མ་ལུས་པརའོད་ཀྱི་ཁུ་བས་བྲན
སྟོབས་ཀྱི་བདག་པོསརླུང་གི་གཤོག་པ་ཆེ་ཆེར་བརྐྱངས
བརླན་གཤེར་གྱི་མཆུ་འདབ་ཀྱིས
ངོ་གདོང་མང་པོར་དབུགས་ཀྱི་རྒྱུ་བ་གནངས
ལམ་གྱི་སྣེ་མོ་གཉིས་ནས
མུན་པ་དང་འོད་སྣང་འཕྲད་པའི་སྐད་ཅིག་མར
ཚེ་སྲོག་གི་འགྲུལ་བཞུད་ལམ་ལ་ཆས
རྒྱལ་སྲས་ཁེར་རྐྱང་ཞིག་ཁ་བ་དང་ལྷན་ཏུ
གངས་ཀྱི་རི་བོའི་རྩེ་ནས་བྱོན
དུས་ཀྱི་མདའ་མོ་ལྷུང་སར
གཞུ་ཐོགས་པའི་རྔོན་པ་རེ་རེ་བཞིན་འགྱེལ་ཞིང་
ཉིན་དང་མཚན་གྱི་ཐེམ་སྐས་སྟེང་ནས
གཞོན་ནུ་མའི་དྲན་པ་སྟོང་བས་བལྡད
སྐར་ཚོགས་ཀྱིས་མུན་པའི་སྒྲོ་གཤོག་བཏེགས་ཏེ
གྲོང་ཁྱེར་དང་དེའི་ཕོ་བྲང་གི་བར་སྣང་འགྲིམ
འདོད་པའི་ལྷ་ཚོགས་འདོད་པའི་ཞིང་ཁམས་ན་རྒྱུ
འགྲོ་བ་དག་སྔོན་དུ་འགྲོ
སྒྲ་དབྱངས་རྣམས་རྣ་བར་ཕྱོགས
ཆུ་བོ་དང་གཙང་བོ་མཚོ་མོར་འབབ
ལྷ་མོའི་སྒྱུ་འཕྲུལ་ས་གཞི་ཆེན་པོའི་མངལ་དུ་འཁོར
གཉིས་པ།
ཐ་སྙད་ཀྱིས་ཕྱུག་པའི་ཕྱག་རྒྱ་རེ་རེས
ལྷིང་འཇགས་ཀྱི་སྒོ་མོ་ཡང་བསྐྱར་ཕྱེས
སྒྲ་དབྱངས་ལྷང་ལྷང་གི་ཁྱམས་རར
མེ་ཏོག་གི་བསུང་ཞིམ་དང་རྣམ་ཤེས་ཀྱི་མདུད་པ་གྲོལ
ཞབས་བྲོའི་སྟངས་སྟབས་མེ་དཔུང་བཞིན་འབར
སྐྱོ་ངལ་གྱི་གདོང་རིས་མང་པོ་ས་གཞིའི་ངོས་ལ་འབྱར
འོད་ཀྱི་རྩེ་མོས་མིག་ཟུང་གི་དྭངས་པ་མེ་ལ་སྦར
ག་ལེར་གྱེས་པའི་རྟག་པ་དང་མི་རྟག་པའི་མཚམས་ནས
རྨི་ལམ་གྱི་གསོལ་སྟོན་རྒྱ་ཆེར་བཤམས་ཤིང
མེ་ལྕེ་དང་ལག་པའི་འདབ་མ་
བར་སྣང་སྟོང་བའི་ངོས་སོ་སོར་བཞད
ང་རང་ཁྱོད་ཀྱི་དུང་གི་ལུས་པོའི་ལོགས་གཉིས་ནས
འདོད་པའི་གྲུ་ཆུང་བསྐོར་ཞིང་ལམ་ལ་ཆས
བརྩེ་དུང་ནི་མཐའ་གཅིག་ཏུ་གནམ་ལ་མཆེད་ཅིང
ལྗགས་ལྕེ་མེ་ལྟར་འབར་ལ་ལུས་པོ་ཆ་ལྟར་གཡོ
ཕ་རོལ་དང་ཚུར་རོལ་འདྲེས་པའི་ས་མཚམས་ནས
ང་རང་གཞི་ནས་ང་རྒྱལ་གྱིས་སྨྱོས་ཤིང་
ང་རང་ཕྱི་ཚུལ་གྱི་བདག་ཉིད་ལས་གཞན་དུ་བྲོས
ང་རང་རྒྱུ་སྐར་ལྷུང་བའི་གར་སྟེགས་ལ་ལོག་རྟོག་སྐྱེས
ང་རང་ན་ཟུག་ཆེ་བའི་སྐད་ཅོར་ལ་རིམ་གྱིས་གོམས
གསུམ་པ།
ཁྱོད་ཀྱི་གསང་བའི་ས་མཐའ་ན
དུས་ཀྱི་འཁོར་ལོའི་ལྷུ་ལག་རྨག་མེད་དུ་ཐོར
འབྱོར་བ་དང་གྱེས་པ་དུས་གཅིག་ཡིན་ལ
ལུས་ལ་ཕོག་པའི་འོད་ཐིག་དང་སར་ལྷུང་བའི་གྲིབ་མ་དག
ལྷན་དུ་སྐྱེས - - ང་རང་ཐ་སྙད་ཅིག་སྟེ་ང་རང་ཉ་མོ་དང
ང་རང་ཁྱོད་ཀྱི་མིག་གོང་ལས་དཔྱངས་པའི་ལྕགས་ཀྱུ་ཡིན
འཇའ་ཚོན་བཀྲ་བའི་དཔུང་བ་ཟམ་ཆེན་ཞིག་ཡིན་ཏེ
དྲན་ཤེས་ལ་ཐོགས་རེག་མེད་པར་ཁྱོད་ཀྱི་ཡུལ་མཐའ་བསྐོར
གནས་དེ་རུ་མཁའ་དབུགས་ཀྱི་སྡོང་རྩེར་ལྷ་བྱ་འཁོར་ཞིང་
གཤོག་སྒྲོའི་ལྟག་རྒྱབ་ན་ཉི་འོད་ཀྱི་ལྟིང་ཀ་འཁྱིལ
གནས་དེ་རུ་བུད་མེད་ཚོའི་ཁུར་མགོ་ལ་མཚམས་སྤྲིན་གོས
སྐྱེ་བོའི་སེམས་ཁར་དྲན་པ་དཀྲུགས་པའི་ཕུར་བ་བརྡབ
གནས་དེ་རུ
(དུས་ཀྱི་ཕྱི་རོལ་ཞིག་ནས)
ཟེ་འབྲུའི་ནང་སྙིང་ལ་རེ་སྒུག་གིས་ཁེངས
ལྷིང་འཇགས་ནི་ཁྱོད་ཀྱི་འབྱོར་བ་ཡིན་ལ
རླུང་གིས་དྲངས་པའི་དུ་སྨུག་གི་ཕྱི་རོལ་ནས
སྐྲ་གསེང་ལས་འཕྱུར་བའི་སྨག་རུམ་གང་སར་རྒྱུག
ནམ་མཁའི་སྤྲིན་པ་ལང་ལོང་གཡོ་བའི་ཟུར་ག་ནས
སོ་ནམ་པ་རྣམས་གསེར་མདོག་གི་ཞིང་ཁ་ནས་ཕྱིར་ལོག
དགུ་ཚིགས་ཀྱི་གྲོང་གི་སྒེའུ་ཁུང་རེ་རེ་བཞིན་ཕྱེ་དུས
ང་རང་རླངས་པར་ཐོར་ཞིང་འོད་ཀྱི་བུ་ག་སོ་སོར་ཐིམ
བཞི་པ།
མཚན་མོ་ནི་གནས་མལ་ཞིག་སྟེ - - དེ་རུ
ཉམ་ཆག་གི་ལྷ་མོ་བདེ་བས་མནན
གངས་རི་དང་དེའི་རི་རྒྱུད
དེའི་བུ་རབས་ཚ་རྒྱུད - - དེའི་དགྲ་དང་གྲོགས
དེའི་དྲན་པར་ལྷུང་བའི་མཛེས་སྡུག་གི་བཞིན་རས
དེའི་ཀླད་ན་འཕྱོ་བའི་རྒྱ་མཚོ
དེ་རུ་བགྲོད་པའི་དེད་དཔོན་དང་གཡོར་གྲུ
ཚེ་སྲོག་གི་བ་དན་མཐོན་པོར་བསྒྲེང་བ་དག
རླུང་དང་ཆར་གྱིས་བསྐྱོམ་བྱུང་
རྫུན་དང་བཀྲགས་མདངས་ཆེ་བའི་གྲོང་ཁྱེར
འཆི་གསོན་གྱི་བར་ནས་སྟོབས་ཤུགས་རྒྱས
ལོ་རྒྱུས་ཀྱི་རྒྱུན་མ་ཆད་པའི་འཚོལ་སྙེགས་དང
དེ་ལ་གཏོགས་པའི་དངོས་སྟོབས་ཀྱི་བདེན་པ
དེ་དང་འབྲེལ་བའི་ཆགས་འཇིག་དང
འཕེལ་འགྲིབ་ཀྱི་རླབས་རིས་ཟབ་མོ
ཁུ་ཁྲག་གིས་ཕབ་པའི་རུས་རྒྱུད་ཀྱི་གཟུགས་རིས་དང
དེ་ལས་བྱུང་བའི་བླ་སྲོག་གི་མེ་སོན་རྣམས
མུན་པ་སྟུག་པོའི་ཞབས་ན་འཕག་འཚག་རྒྱག
མཚན་མོ་ནི་ཁྱོད་ཀྱི་པགས་སྐྱི་སྟེ
སྐར་མདའི་ཟུག་རྔུས་མེས་པོའི་ངོ་གདོང་གཤགས
རླུང་ཁར་འགྱིང་བའི་རྣམ་ཤེས་དང་དེའི་མིག་གོང་ཟབ་མོ
དེ་རུ་འཁྱིལ་བའི་མུན་ནག་གི་རྫིང་རིང
དེ་རུ་འཕྲོ་བའི་གློག་དམར་གྱི་ཞགས་པ
ཁ་བ་དང་ཁ་བའི་འདབ་མ་རླུང་གིས་བརྫིས་ཤིང་
མི་སྣང་བའི་སྒོ་མོ་ཁད་ཀྱིས་ཕྱེས་དུས
བདག་མེད་ཐང་སྟོང་གི་ངོས་སུ
རྩ་བ་མ་རྒྱས་བའི་ས་བོན་གང་སར་སྤུངས
ལྔ་བ།
ང་ནི་འུར་ཆ་ལས་འཕངས་བའི་རྡོ་དེ་ཡིན
ང་ནི་མཆུ་འདབ་ནས་ཤོར་བའི་གཏམ་ཞིག་གོ
སྨྲ་བསམ་བརྗོད་ལས་འདས་པའི་ཁྱོད
སུའི་ཕ་རོལ་ན་ངང་གིས་རྒྱུ
ཟླ་བས་ཁྱོད་ཀྱི་ལང་ཚོ་མཚོན་ཞིང
ཟླ་འོད་འོག་ཁྱོད་ཀྱི་ལུས་པོ་ཆུ་ལྟར་བཞུར
ཆུ་ཀློང་དུ་བདེ་སྡུག་ཟང་ཟིང་འཁྲུག་ལ
དྭངས་གསལ་གྱི་ཐིག་ལེ་འདོད་པའི་མདའ་ཡིས་རྨས
འོན་ཀྱང་ང་ནི་ཁེར་རྐྱང་དང་ཐ་སྙད་ཀྱི་བུ་སྟེ
གནའ་བོའི་ངག་རྒྱུན་ཞིག་གི་འབྱུང་ཁུངས་སྙེགས་ནས
བུད་མེད་ཀྱི་ནུ་འབུར་ནང་ལ་བང་སོ་བཏབ་ཞིང
ཆུ་ཁར་གཡེང་བའི་ཝུ་བའི་ཁོང་ལ་གསེར་ཞུན་བླུགས
རྨི་ལམ་གྱི་གོ་རིམ་ཡོངས་སུ་རྫོགས་ལ་ཡོད་དུས
གཟུགས་བརྙན་ཧྲིལ་བོ་ཞིག་གི་ཕྱི་ནང་གཉིས་སུ་བགོས་ཤིང་
གཡུལ་སའི་མཐའ་གཉིས་ལ་བསླངས
འདས་སོང་བ་རྣམས་སྐྱེ་བཞིན་པ་ལས་ལྡབ་ཀྱིས་མང
ཁ་སང་དང་དེའི་ཡར་སྔོན་གྱི་ནམ་མཁའ་ནི
བགྲང་གིས་མི་ལངས་བའི་རྒྱུ་སྐར་དང
དེའི་གསེང་དུ་ཡལ་བའི་རྒྱལ་ཕམ་གཉིས་མེད་ཀྱི་མི་ཚོར་དབང
མགོ་ཐོག་གི་ནམ་མཁའ་ནམ་མཁའ་མིན་ཏེ
མིག་གིས་བཟུང་བའི་ནམ་མཁར་རྡུལ་གྱི་རྒྱ་གྲམ་ཆགས
གཞལ་ཡས་ཁང་གི་ཕྱོགས་བཞི་རུ
མཁའ་དབུགས་ཀྱི་འདེགས་འཇོག་ལ་ཡང་ལྩི་ཤོར
དྲུག་པ།
ཤིང་སྡོང་གི་འདབ་ལོ་དུས་ཀྱི་པང་ནས་ས་ལ་ཟགས
ང་རང་ཁྱོད་ཀྱི་བསམ་གཞིགས་ལས
གཏིང་ནས་གཏིང་དུ་བྱིངས
ཁ་བ་དང་མེ་ཏོག་གི་འདབ་མས
ཁྱོད་ཀྱི་གཡས་གཡོན་ན་འབར་བའི་མེ་ལྕེ་གླེང
མེ་ལོང་ནི་ཁྱོད་ཀྱི་ཕ་རོལ་ཏུ་སྐྱེས་པའི་མིག་གོང་ཡིན
ཁྱོད་ཀྱི་ཕ་རོལ་གྱི་ཡང་ཕ་རོལ་ན- - - - ང་ནི
ཉི་མའི་ཉེ་འཁོར་ན་སྐྱེས་པའི་སྡོང་བོ་བཞིན
སིལ་ཏོག་གི་དཀྱིལ་འཁོར་ནས་རང་ཉིད་ལོང་བར་བྱས
བུ་ཡུགས་ལ་ཁ་ལོ་བསྒྱུར་མཁན་མ་བྱུང་
ཟུངས་ཁྲག་ཟད་པའི་ར་ལག་རེངས་པོ
ཕོ་རོག་དང་སྲིན་བྱ་གཞན་དག་གིས་བདག་འཛིན་བྱས
ང་དང་ངའི་གྲིབ་མ
གྲིབ་མའི་གཏིང་མཐའ་མེད་པའི་སྲེད་པ་དག
གཡུལ་འགྱེད་གང་མང་གི་རྗེས་ནས་མཉམ་ཤི་བརྒྱབ
བདུན་པ།
གསང་བའི་སྒོ་མོ་མུན་ནག་གིས་སྲུང་འདུག
དམུ་རྒོད་ཀྱི་རྩེད་འཇོ་གདོད་མའི་སེམས་ཁམས་ན་ལུས
ཁེངས་དྲེགས་ཀྱི་རྒྱལ་མོས་དཔའ་བོ་དང་མཛངས་མི་དག་གི
འཆི་གསོན་དང་བརྩེ་དུང་གི་སྒྱུ་མའི་གར་ལ་རོལ
གཅན་གཟན་དང་གྲི་མདུང་གི་ནགས་ཁྲོད་ནས
ཐ་སྙད་ཀྱི་མགོ་བོ་དུད་ཙམ་བྱས
དྲ་བར་བརྒྱུས་པའི་མི་ཚེ་དང
མི་ཚེའི་འུ་ཐུག་གི་ལྷུར་ལེན་ཁྲོད
ཐབས་ཤེས་ཀྱི་བདག་ཉིད་ཅན་སྟོང་བསམ་གྱིས་བསྒྱེལ
ཉིན་སྲིབ་ཀྱི་བར་ནས་ངའི་ཕུང་བོ
རྨ་ཁས་བརྟོལ་ཞིང - - རྐང་འོག་གི་ཁྲག་དྲོན
རང་ཉིད་ཀྱི་གྲིབ་མར་བཞུར
སྲིན་བྱའི་ཚོགས
མེ་ཕུང་གི་འཕག་འཚག་ལ་མ་བཟོད་པར
ཁེར་རྐྱང་གི་མགོ་ཐོག་ནས་དངངས་འཚུབ་ཀྱིས་འཕུར
འདས་ལོག་བྱུང་བའི་མི་རྟ་མང་པོ
འཁོར་བའི་སྡོང་རྩེ་ན་འཁྱམས
ཉི་འོད་ནི་སྨྱོན་པའི་གད་རྒྱངས་བཞིན
གནམ་གྱི་ཟུར་ཞིག་ན་འཚེར་རོ
བརྒྱད་པ།
རྡོ་དང་རྡོའི་བར་ལ་གྲིབ་མས་སྦྲེལ
ཉ་དང་ཉའི་བར་ཐག་ཆུ་ཡིས་བཟུང
ངས་ཅི་ཞིག་གིས་ཁྱོད་ཀྱི་ཉེ་སར་བཅར་འདོད་དུས
ཐ་སྙད་ལས་ཅི་ཡང་རྙེད་པར་མ་གྱུར
ཡལ་སོང་བ་སླར་ཡང་མངོན་པའམ
ཤོར་ཟིན་པ་བསྐྱར་ཏུ་ཐོབ་པའི་ཕྱིར
ང་རང་འཇིག་རྟེན་གྱི་ལོངས་སྤྱོད་ཀྱིས་ཕོངས་ཤིང་
ང་རང་ཐེར་ཟུག་གི་ཐ་སྙད་དག་གིས་ཕྱུག་པར་གྱུར
ནམ་མཁའ་ཧྲིལ་བོ
སྤྲིན་གྱི་འདུ་འགོད་ཀྱིས་མངའ་དབང་བསྒྱུར
ས་གཞི་ལ་རྔམ་མཐུག་གི་གྲིབ་ཕོག
སྒོ་ཕྱུགས་ཀྱི་གཉིད་ལམ
ནད་ཡམས་ཤིག་གིས་དཀྲོགས་ཤིང་
གཏེར་ཁའི་བང་སོ་རུ་ཀླ་ཀློའི་སྐྲ་ལོ་སྐྱེས
བདེན་གྲུབ་ཀྱི་ཚིག་ཚོགས་ཁུ་བས་བརླག
བདག་མེད་ཀྱི་སྨྲ་ལྕེ་མེ་ཡིས་འཚིག
མིག་དང་མིག་གི་བར་ལ་དུས་ཚིགས་རྒྱུ
སེམས་དང་སེམས་ཀྱི་བར་ཐག་སྟོང་བས་བཟུང
ཁྱོད་ཀྱི་ཕྱོགས་བཞི་ནས་འོང་བའི་བསླུ་བྲིད་ཀྱིས
ང་རང་ཡར་བསྐྱར་བདེ་སྡུག་གི་འོབས་ལ་བཅུག
དགུ་བ།
དམོད་པ་བོར་བའི་ལོ་ཟླ
བརྙས་པར་བཟོས་པའི་ལྷ་སྒྲུང
མིག་གི་དྲ་བ་གང་སར་འཐེན
སེམས་ཀྱི་མདུད་པར་རྒྱ་ཡིས་བཏབ
སྨུག་པ་ལྟ་བུའི་སང་ཉིན
དུ་སྤྲིན་འཁྲིགས་པའི་དེ་རིང
ཁ་ལུད་ལྟར་འཕངས་བའི་ཁ་སང
ཕྱི་ནང་མེད་པའི་བར་སྣང་དུ་ཁྱོད་ཀྱི་འགྲོ་འོང་ལྡེམ་ལྡེམ
གཡའ་མ་དག་པའི་ནམ་མཁར་སྐར་ཆེན་མཛེར་མ་རབ་སེ
རྡུལ་མི་འཇགས་པའི་ས་གཞིར་ཁ་མིག་འཚང་ཁ་ཤིག་ཤིག
ལྷོད་མི་འབབ་པའི་སེམས་པ་དམིགས་མེད་ལྡིང་སྐབས
ཚོད་མི་ཟིན་པའི་དུས་ཀྱིས་འཆི་བའི་རང་འཐག་བསྐོར
ཉི་མ་ལྟ་བུའི་ཐ་སྙད་ཀྱི་ནོར་འཁྲུལ
ཐ་སྙད་ལྟ་བུའི་ལུས་སེམས་ཀྱི་གཅོང་ནད
ལུས་སེམས་ལྟ་བུའི་ཕྱི་ནང་གི་འགལ་འདུ
ཕྱི་ནང་གཉིས་ནས་འུ་ཅག་གི་རྒྱལ་ཕམ་ཅི་ལྟར་དབྱེ
བཅུ་བ།
མེ་དཔུང་གི་མཆུ་སྒྲོས་ཀྱིས
དབྱིངས་སྟོང་གི་བྱ་ལ་འཇིགས་སྣང་བྱིན
རི་བོའི་ནུ་འབུར་ཀྱིས་མཚན་རླུང་གི་རྒྱུ་བ་བཀག
མཚན་མོ་ནི་ཕ་བོང་ཞིག་དང་
ཕ་བོང་ནི་རི་རབ་ཀྱི་ཐིག་ལེ་ཡིན
རང་དབང་ནི་ཕ་བོང་ཞིག་དང་འདྲ
ཕ་བོང་ནི་སྨིན་ནས་སྲ་མོར་གྱུར་བའི་འབྲས་བུ་ཡིན
ཕ་བོང་ནི་ཕྱི་ནས་ནང་ལ་འཁོར་བའི་གླེང་མོལ་ཡིན
ཕ་བོང་ནི་མཐོ་ས་ནས་དམའ་ས་འགྲིམ་པའི་རླངས་པ་ཡིན
ཕ་བོང་ནི་དུས་ཀྱིས་ཡུལ་ལ་བཞག་པའི་ན་ཟུག་ཡིན
ཕ་བོང་གི་གཤོག་ཟུང་འོད་ཀྱི་མདའ་མོས་ས་ལ་གཏོར
ཕ་བོང་གི་མངའ་ཁོངས་མུན་ནག་གི་གཙང་བོས་གཤོས
གཙང་བོ་རུ་ངོ་གདོང་མང་པོ་ཐར་ཐོར་གནས་ཤིང
ངོ་གདོང་དག་ལ་སྨྲེ་ངག་གི་འདབ་མ་འཕྱུར
བྱིས་བློ་ཁོ་ན་རྣམ་རྟོག་གིས་མ་བྲིད
བཅུ་གཅིག་པ།
གོམ་པ་སྤོས་ཐེངས་རེར་འཆི་བ་ལ་རྒྱལ་ཁ་བྱིན
མིག་སྐྱིབས་བཙུམ་ཐེངས་རེར་འཆི་བདག་ལ་གཡབ་མོ་བྱས
ཁེར་རྐྱང་གི་ནང་ཕྱོགས་ན་འཆི་རྐྱེན་ཆེ་རུ་རྒྱས
འཆི་བའི་མངལ་དུ་སྐྱེ་བའི་སྟོབས་ཤུགས་སྦྲུམ
བསམ་བློ་ཡན་པོར
མེ་དང་ཆུ་ཡི་གཤོག་ཟུང་ལྡན
ནོར་འཕྱུག་གིས་བསླངས་པའི་རྡོ་རིང་ཞིག
ཆགས་པས་མྱོས
ལག་ཟུང་བཅིང་བྱ་ཡིན་ལ་འཆིང་མཁན་ཡང་ཡིན
རྣ་བ་གྲངས་མེད་བྲག་ཅ་ཡི་སྟོང་སྒྲས་འོན་ཏུ་བཅུག
རྗེས་ཤུལ་མེད་པའི་ས་དང
མིག་ཆུ་སྐམ་པའི་གནམ་གྱི་བར་ནས
ཆུ་བོ་རྣམས་གྱེན་དུ་བཞུར
རླུང་གི་རྩ་བ་ས་ལ་ཟུག
ལོ་རྒྱུས་ཀྱི་ལྭ་བ་རལ་བོས་ས་སྟེང་བཀབ་ཡང
རྩྭ་ལྡུམ་དང་དུག་རླངས་འགོག་མེད་དུ་སྐྱེས
བཅུ་གཉིས་པ།
མུན་པ་ཕྱི་རོལ་ནས་འོང་དེ
ནང་སེམས་ཀྱི་གཡུལ་ས་སླར་ཡང་འཕྲོག
ལྕེ་རྩེས་དབེན་འཇགས་ཀྱི་འཇིགས་པ་དང་མཉམ་དུ
ས་སྲོད་ཀྱི་ཁ་བར་སྒུག
བྱ་ཆེན་ཡང་བསྐྱར་བོར་ཟིན་པའི་བྲག་ཐེམ་ལ་འབབ་དུས
སྟོང་ལྷང་ལྷང་གི་ནམ་མཁའ་ནས
ཡིད་ཀྱི་ཡུལ་ཞིག་རྙེད་སོང་ངམ
སྒོ་ཟྭ་བརྒྱབ་རྗེས་བདག་པོ་ཕྱི་ལ་འཁྱམས
མི་རྣམས་ཉི་འོད་ཀྱིས་གང་སར་བཙུགས
སྲང་ལམ་གྱི་ལོགས་གཉིས་ན
སྒེའུ་ཁུང་གིས་མུན་པའི་ཚོང་ལས་གཉེར
བགྲེས་སོང་འདུས་སྡོད་ཀྱི་ཉིན་ཁ་དེར
འབུ་སྲིན་མང་ནས་མང་དུ་འཁོར
རིམས་ནད་དང་ཉོན་མོངས་རྒྱུགས་པའི་གྲོང་ཁྱེར
གློ་བུར་ཏུ་སྨྲ་སྒོ་འགག
ས་རྡུལ་དང་འཕྲུལ་འཁོར་གྱིས
ཡུན་བསྲིངས་པའི་གཡུལ་འཁྲུག་ཞིག་ལ་སྟ་གོན་བྱེད
བཙའ་ཡིས་ཟིན་པའི་རལ་གྲི་ཞིག་ཁྲིམས་ཀྱི་རྒྱ་རུ་ལྷུང
ལག་དམར་དང་ཁོའི་གྲིབ་མ་ཉི་མའི་ཕག་ན་སྐོང
ཆག་གྲུམ་དུ་སོང་བའི་མེ་ལོང་ལས
མྱ་ངན་གྱི་མིའི་རིགས་བསྟུད་མར་བྱུང
གླུ་བས་གླུ་སྐད་ཀྱི་དུར་ས་ནས
རང་ཉིད་ཀྱི་མགྲིན་པ་དུག་ཆུས་བརླན
བཅུ་གསུམ་པ།
མི་ཡི་ཁ་གཏད་དུ་གྲིབ་མ་ལངས
གྲིབ་མའི་ཁ་གཏད་དུ་དུས་ཀྱི་མཆེ་བ་གཙིགས
བརྩེ་དུང་གི་གྱང་ཆག་ལ་ཨུ་ཁུང་གང་སར་བརྡོལ
མིག་གོང་ལྟར་བགྲད་པའི་རྨ་ཁ་ནས
རེ་སྒུག་བྱས་པའི་བྱེའུ་གྲིབ་མ་ཙམ་ཡང་མི་མཐོང་
རེ་བས་སྟོང་བའི་མིག་གོང་ན་མིག་འོད་མེད
བདེན་པ་མེད་པའི་ཁྱམས་འོག་ན་ཉི་འོད་མེད
རྒྱུན་བུ་ལ་བཅིངས་བའི་རྒྱལ་རབས་དང་སྨོན་ལམ་གང་མང
གཡུལ་གྱིས་བཅག་པའི་སྙེ་མ་ནང་བཞིན
རང་སར་འཐོར
ས་མཐའི་སྨུག་ལོང་ན
སྤྱང་ཚོགས་དམིགས་མེད་ཀྱིས་འགྲིམ
རྩྭ་སྐྱ་རླུང་གིས་བདས་པ
གྲུབ་མཐའ་སྨྲ་བའི་མདུན་སར་སྤུངས
དྲན་པ་གཅིག་པུ་ཐ་སྙད་ཀྱི་ཀློང་ནས
ཕྱོགས་བཞིར་བྲོས
བཅུ་བཞི་བ།
ང་ཚོའི་དྲན་པ་ཡེ་ནས་སྟོང་བར་གྱུར
དྭངས་གསལ་གྱི་རྫིང་བུ་ལས་ཆུ་རླབས་ཡལ་བ་བཞིན
རྨི་ལམ་འཚོ་བའི་ཟླ་ངོགས་ཞིག་ནས
རྨི་ལམ་འཚོལ་མཁན
རྨི་ལམ་གྱི་ཞིང་ནས་འགྱེལ
རླུང་དལ་བུར་ལྡིང་འོང
མིག་ཟུང་གཟུགས་མེད་ཀྱི་ཕུང་བོས་ཡོངས་སུ་བཏུལ
ལྷག་མར་གྱུར་བའི་ཚོར་བ་ཕྲ་མོས
ཁྱོད་ཀྱི་ཤུལ་རྗེས་སྙེགས་ཤིང
ཁྱོད་ཀྱི་ཁ་ཕྱོགས་བཙལ
ཁྱོད་ཀྱི་བྱུར་དམར་ཀྱི་མཆུ་འདབ་དང་
མཉེན་འཇམ་གྱི་ལག་པའི་རླབས་ཕྲེང
ཁྱོད་ཀྱི་གཞོམ་གཞིག་དཀའ་བའི་རྐེད་པ་ཕྲ་ཞིང་མཉེན་ལ
ཟླ་འོད་ལྟར་རྒྱས་བའི་བྲང་ཁ་ན
མྱོས་པའི་ནུ་ཟུང་བདེ་བས་གཏོས
ཁྱོད་རང་ཁྱོད་ཀྱི་བར་སྣང་ན་རླངས་པ་ལྟར་ཁྱབ་ཅིང་
གདུང་བ་ཆེན་པོའི་རྩེ་ན་ཁ་བ་བཞིན་གཡོ
གངས་ཀྱི་རི་བོ རྣོ་དབལ་ཡལ་བའི་རལ་གྲི་ཅིག་ལྟར
རྒྱུ་སྐར་གྱི་བང་སོར་སྔས་ནས
བྱང་ཕྱོགས་སུ་འགྱེལ
བཅོ་ལྔ་བ།
གློགས་ཞགས་ཀྱི་གནམ་མཐར
བརྩེ་དུང་གི་ཁྱེའུ་མེ་ཡིས་བརླན
གནའ་བོའི་འུར་ཟིང་དང་བོར་བརླག་ཐེབས་པའི
ལུང་བསྟན་ཐར་ཐོར ཁ་བ་དང
ཁ་བའི་ཟློས་གར་བཞིན་ཁྱོད་ཀྱི་མིག་མཐར་ལྷུང
ང རང་ཉིད་ཀྱི་ཐ་སྙད་ལས་མ་འདས
ང ང་རང་མིན་ཏེ
ང་ཕུང་བོ་ཡོད་རྒུས་ཕྱི་རུ་ཕུད་ཅིང
དུས་ཀྱི་ཕྱི་རོལ་ནས་རྒྱལ་སྲས་ཞིག་ལྟར
དམིགས་པ་རྩེ་གཅིག་གིས་འཚོ
ཁྱོད་དང་ཉི་མའི་གསེར་མདོག་གི་ལོ་ལེགས
སྟོན་གྱི་ངོགས་སུ་ཉལ་བའི་ཤ་བ་དང་ཡུ་མོ
སྐར་ཚོགས་ཐང་མར་བདལ་བའི་ཁྲོད་ཀྱི་ངོ་གདོང་རབ་རིབ
གདོད་མའི་དྲག་སྔགས་དག
ངའི་ལུས་ཀྱི་སྟེང་ནས་སླར་ཡང་བཞུར
དམག་དཔུང་མེད་པའི་རྒྱལ་ཁའི་དར་ཆ
ཆར་ཆུ་མེད་པའི་དབྱར་གྱི་སྤྲིན་ཕུང
གླུ་གཞས་མེད་པའི་གྲམ་པ་རུ
རྡོ་ཆག་གི་རྩིབ་ལོགས་ནས་མངོན་པ་ཞིང་ལྐོག་དུ་གྱུར་བའི
ཉ་མོའི་འཁྱུག་རྩལ་དང་ལྕགས་ཀྱུའི་སླུ་བྲིད་མེད
མུན་པ མུན་ནག་གི་མིག་གོང་ནས་ཡལ
མིང་མེད་ཀྱི་གཞི་བདག
གྲགས་འགུལ་ཆེ་བའི་རི་ཚོགས་ལ་བྱོན
འཆི་གསོན་གྱི་ངོས་གཉིས་ནས ང་ཚོ
དབུགས་ཀྱི་རྒྱུ་བ་ཕྲ་བའི་
ལོ་རྒྱུས་ཀྱི་བགྲེས་པོར་འཕྲད
དྲི་ངད་ལྡང་བའི་ཆོ་འཕྲུལ་གྱི་སྟེགས་བུར
འཇིག་རྟེན་གྱི་དུས་ཚོད་ལ
ཕྱོགས་ལྷུང་དང་ཡོ་བཟུར་མ་མཆིས
ང རང་ཉིད་ཀྱི་མིག་གོང་ནས་ཕྱིར་ཐོན་བྱུང
ང རྨི་ལམ་གྱི་སྣང་བ་འགགས་པའི་གོ་རིམ་ལས
རྒྱང་ལ་བཞུད
བཅུ་དྲུག་པ།
སྤྲིན་ནག་དང་སྤྲིན་ནག་གི་འདུ་འགོད་ལས
གློགས་ཞགས་ཀྱི་ཕོ་ཉས
ས་གནམ་གྱི་སྒེའུ་ཁུང་བཙན་གྱིས་ཕྱེས
མཚོ་རླབས་དང་མཚོ་རླབས་ཀྱི་གཡུལ་འགྱེད་ལས
འཇིག་རྟེན་གྱི་སྒྲ་དབྱངས
ཕྱོགས་ཀུན་ཏུ་ལྷང་ལྷིང་གིས་གྲགས
ངའི་མེ་ལྟར་འབར་བའི་མཆུ་འདབ་ལ
འཆི་བདག་གི་ཐལ་བ་ཡང་ཡང་གཙུབ་ཅིང་
རྨ་མེད་པའི་བྲང་ཁོག་གི་གྲུ་ག་རེ་རེར
ཁྱོད་ཀྱི་དངངས་འཚུབ་ཀྱི་དབུགས་རྒྱུས་གང
ཁ་བ་ཡང་བསྐྱར་ཁ་བའི་སྡེ་ལ་ལྷུང
ཆོས་ཉིད་ཆོས་ཉིད་ཀྱི་གཞི་ལ་ཐིམ
ཟླ་བ་ཡར་ངོས་འཕགས་ལ
མར་ངོས་ལྟུང
དྲན་འཛིན་གྱི་སྣོད་ལ
བརྗེད་ངེས་བཅུད་ཀྱིས་གཏམས
བཅུ་བདུན་པ།
ཡལ་བའི་ལྟེ་གནས
ཉིལ་བའི་རི་རབ
ཐན་པའི་ཞིང་ཁ་དང་ནགས་ཀློང
ཁ་ཕྱོགས་འཛོལ་བའི་རི་དྭགས་ཀྱི་བཤུལ་ལམ
ཀེང་རུས་ནག་པོའི་ཕོ་བྲང་དུ
ངུ་སྐད་ཀྱིས་གླུ་སྐད་ལ་ཁ་ལོ་བསྒྱུར
དུག་ཁ་ཆེ་བའི་མེ་ཏོག་གི་ཕྲེང་བ
གཡོ་སྒྱུའི་འཛུམ་མདངས སྙན་ངག
སྙན་ངག་ལྟར་བཙན་གྱིས་བསྒྲིགས་པའི་བརྩེ་དུང་གི་ཆོ་ག
རྨུ་ཐག་ལ་བརྒྱུས་བའི་འདོད་ལྷ་ཕོ་མོ
གནའ་དུས་ལྷ་མོ་ཚོའི་མཚོ་རྫིང་ལྟ་བུའི་མིག་གོང་དུ
ལྷན་སྐྱེས་ཀྱི་འོད
ཀ་དག་གི་དྭངས་པ
མཛེས་པ་རབ
དོ་ཟླ་བྲལ་བའི་འཆི་གསོན་གྱི་སླུ་བྲིད
འདོད་པའི་སྐྱེད་ཚལ་དང་དེ་རུ་རྒྱུ་བའི
ཐེ་ཚོམ་གྱི་རི་དྭགས་ཕོ་མོ
དུས་ཀྱི་གཞུ་མོར་ཉལ་བའི་ཉག་ཕྲན
ཉིན་མཚན་གྱི་ཧྲག་བར་ན་ལུས་པའི་དུས་ཆད
ཡལ་ཟིན་པའི་བང་སོ་ལས
མིག་གོང་ཁ་ཤས་བགྲད་ཅིང་ཁ་ཤས་ཟུམ
སྐར་ཆེན་ལྷུང་ཤུལ་དུ་མུན་ནག་ཁོ་ནས་དབང་བསྒྱུར་བྱས་སོང་
ཁྱོད་ཀྱིས་ང་ལ་དྲན་པ་ཞིག་གཞི་ནས་མ་བཞག་པ་བཞིན
ཁེར་རྐྱང་གིས་ཐ་སྙད་ཡོད་ཚད་ལ་མངའ་བསྒྱུར་མཛད
བཅོ་བརྒྱད་པ།
འཕུར་བསྐྱོད་ནི་གཤོག་སྒྲོའི་ཕྱི་རོལ་གྱི་ཐོབ་ཐང་ཞིག་ཡིན
སྒམ་བརླིང་གི་རི་རྒྱུད་དང་གྲང་འཁྱག་གི་མཚོ་མོ་ལ
དགུན་གྱི་ཉོན་མོངས་ཀྱིས་སྒྲིབས་ཤིང
ཟང་ཟིང་དང་གྲགས་འགུལ་ཅི་ཡང་མེད
མིའི་རིགས་ནི་འཕུར་བསྐྱོད་རིགས་ཤིག་གི
བྲན་ཏུ་བཀོལ་ཟིན
མི་ལ་བྱིན་རླབས་མེད་ཅིང
མི་ལ་ཤེས་རབ་ཀྱང་མ་མཆིས
གལ་ཏེ་སེམས་དང་སེམས་ལ་དྲན་པའི་ཡུར་བ་ཞིག་ཡོད་ཚེ
གལ་ཏེ་གླུ་སྐད་ཀྱིས་བདེ་སྡུག་ཐ་དག་སྙོམས་་ནུས་ན
རྨི་ལམ་གྱི་འཇིག་རྟེན་ཏུ
མངོན་སུམ་གྱི་ཞབས་བྲོ་བརྒྱབ་ཆོག་པར་ཞུ
མི་ནི་རིན་ཐང་ཡོད་ཚད་ཀྱི་དབུས་མཐའ་གཉིས་ན
གདུང་བ་ཁུར་ཞིང
སྟོང་བསམ་གྱིས་འཁྱམ
དགུན་ནི་ཕ་རྒྱུད་ཀྱི་སྐྱི་པགས་ཡིན
དབྱར་ནི་མ་རྒྱུད་ཀྱི་རལ་བའི་མཉེན་འཇམ་ཡིན
མཁའ་དབུགས་ནི་ངའི་ཁེར་རྐྱང་གི་སྐྱི་པགས་ལ་གཡོགས་པའི་བ་སྤུ་ཡིན
ཁྱོད་ནི་ངའི་རྨི་ལམ་བཟོ་བའི་རླུང་ཁམས་ཅི་རིགས་ཡིན
ནགས་ཚལ་སྟུག་པོའི་ཡལ་གར་འོད་ཀྱི་ཁུ་བ་ཟག
ས་ཡི་དཀྱིལ་དུ་གྱ་གྱུར་བཞུར་བའི་གྲོག་ཆུ་ཟུག
རྣ་མཆོག་གིས
སྒྲ་དབྱངས་ཀྱི་ཆུ་བོ་འཐུང་ཞིང་
ང་ཚོ་རླུང་དང་ཉི་འོད་ཀྱི་འགལ་འདུའི་ཁྲོད
ནར་སོན་ཞིང་རྒྱང་ལ་ཕྱོགས
མ་རྨོས་ལོ་ཏོག་གི་སྙེ་མར་འགྲོ་དྲུག་གི་མྱ་ངན་སྨིན
བརྩེ་དུང་གི་སྙན་ངག་ལ་རྗོད་བྱེད་ཀྱིས་དབེན
སུ་ཞིག་རང་ལུས་འདོམ་གང་གི
ཕ་རོལ་ལ་བརྒལ་དུས
འཆི་བ་ཡང་ལོ་རྒྱུས་ཇི་བཞིན
རང་ཉིད་ཀྱི་མེས་པོར་གྱུར
ཉི་ཤུ་བ།
ང་ཚོ་ལ་མིག་དང་རྣ་བ་ཟུང་ལས་མེད་པ་མིན
ང་ཚོ་ལ་བྲག་ཟོམ་དང་མུན་ནག་གི་སྐྱེད་ཚལ་ལས
སྐྱེ་འཆི་མ་ཡིན་པའི་གཞན་དག་ཀྱང་ཡོད་དོ
མེ་ཏོག་ནི་ཁ་དོག་གི་རོལ་མོ་ཡིན
ཁྱོད་ནི་ཚེ་སྲོག་གིས་གསར་ཏུ་འཁྲབ་པའི་གར་སྟབས་ཡིན
རྨི་ལམ་ལ་ཁ་ལོ་བསྒྱུར་བའི་བརྩེ་དུང་གི་ཕོ་ཉ་སླེབས་དུས
ནས་ཆང་གི་བཟི་ཁས་གཏམ་རྒྱུད་ཀྱི་ཁ་དོག་གླེང
ང་ཚོ་ལ་མེད་པ་ལས་མེད་པ་མིན
འདས་དུས་ཀྱི་རྨ་ཁ་དང་གདུང་བ་གང་མང་
སོས་དང་མ་སོས་མི་འདུག
ཁ་བ་རྐྱང་རྐྱང་གངས་ཀྱི་རི་བོར་ཐོགས
འདོད་སྲེད་ཀྱི་སྨྱོ་ཆུས་བཟི་བའི་ཕོ་མོ་རྣམས་བསྐྱར་དུ་སད
དབྱར་གྱི་ཚ་བ་ས་སྟེང་ན་བག་མེད་རྒྱུ
སྙན་ངག་རྐྱང་རྐྱང་འོད་ཀྱི་གྲིབ་མ་བཞིན
ས་ཡི་སྙིང་བོར་ཉལ
ལོ་ཙཱ་བ་རྣམས་མགོ་བོ་མང་བའི་བྱ་ལྟར་འཕུར
སྡེ་བའི་མཐའ་རུ་མགོ་བོ་མེད་པའི་བྱ་ཡིས
རྒུན་བུའི་བདེན་པ་འཚོལ
ཉི་མ་ནི་དྲག་ཏུ་འབར་བའི་ཝུ་བ་ཞིག་དང
ཟླ་བ་ནི་འཁྱག་ཟིན་པའི་ཝུ་བ་ཞིག་ཡིན
སྒོར་སྒོར་གྱིས་འཕྲོ་བའི་འོད་ཀྱི་དཀྱིལ་འཁོར་ནས
ཉ་དང་འདབས་ཆགས་ཀྱི་རིགས་རྒྱུད་མང་པོས
ཨ་ལོང་ལྟ་བུའི་སྒྲུང་གཏམ་བཤད་ཀྱིན་ཨ་ལོང་ལྟ་བུའི
ལས་དབང་སྐྱོང
ལག་གདངས་སྦྲེལ་བའི་མི་རྣམས་ཀྱང
སྒོར་སྒོར་ཀྱིས་འཁོར་ཞིང སྦྲུལ་དང་ཕག་པ
རྨོངས་མུན་གྱི་བྱ་དག་ཀྱང་དེ་ལྟར་འཁོར
གསར་བུ་དང་གསར་མོ་འཁོར་ཞིང་སེམས་དང་སེམས་པ་འཁོར
གནའ་དུས་ཀྱི་མཛངས་མི་རྣམས་སླར་ཡང
རྔ་སྒྲ་ལྷང་ལྷང་གི་འཆམ་ལས་འཁྲུངས་ཤིང
བདུད་དང་མི་མ་ཡིན་རྣམས
ཐ་སྙད་ཀྱི་ཕོ་བྲང་ན་འཁོར
མངའ་བདག་མེད་པའི་ཁེར་རྐྱང་གི་མི་རྣམས་ཝུ་བ་ལྟར་འཕྱོ
མངའ་ཐང་མེད་པའི་རྒྱལ་རིགས་རྣམས་ཝུ་བ་ལྟར་ཐོར
མི་ཡི་དཀྱིལ་འཁོར་ན
མཚར་སྡུག་གི་བརྩེ་དུང་བག་ལ་ཞ
ཉེར་གཉིས་པ།
སྐྱ་མི་དང་ལམ་ཐག་གི་རིང་ཐུང
བར་དོའི་མཚན་རིང་སྙེགས་པའི་ཤིང་རྟ་དང་
ལྗང་མདོག་གི་བ་སྤུས་གཡོགས་པའི་ཁ་ལོ་བ
རྒྱ་སྟག་གི་ཐིག་ལེ་དང་ང་རོ
ཞི་འཇམ་གྱི་སྤང་རིར་ཡིབ་པའི་གྲིབ་ནག་གི་ཆོམ་རྐུན
ཐོ་རེངས་ཀྱི་སྐར་ཆེན་དག་ངལ་དུབ་ཀྱི་མིག་འབྲས་ལྟར
མུན་ནག་གི་བྲག་ཐེམ་སོ་སོར་ཨུ་ཚུགས་ཀྱིས་འཐམ
ལྷགས་རླུང་གིས་བྲེག་པའི་འདོད་སྲེད་དང་སྐྱེ་སྟོབས་མང་པོ
ལོ་རྒྱུས་ཀྱི་འགྲོས་ཀྱིས་མདུན་ནས་མདུན་ལ་བསྐྱོད
ངས་ཀྱང་ཕུགས་བསམ་ལྟ་བུའིལམ་ཕྲན་ཞིག་སྙེཊ་ཤིང
ཟློས་གར་གང་རུང་ནས་བུད་པའི་མི་སྣ་ཞིག་གི་ཚབ་ཀྱིས
འགྱོད་བཤགས་མེད་པར་མཛའ་གཞས་ཡུན་གྱིས་གྱེར
འདོད་པ་ཁོ་ནར་གཞོལ་བའི་བཙུན་མོ་དག་གིས
གཉིད་གཏམ་ཐམ་ཐོམ་སྒྲོག་“བེ་རོ་ཙ་ན”----“བེ་རོ་ཙ་ན”
མངའ་བདག་རྣམས་ཤྭ་བ་བདས་ནས་སོང ཡང་ན
མནའ་འབྲེལ་རྒྱལ་ཕྲན་ཞིག་གི་ངོ་རྒོལ་གཞོམ་པར་ཆས
བློན་པོ་རེ་རེར་ཞལ་འབག་མི་འདྲ་བ་རེ་ཡོད
ཁེང་ལོག་ཆེན་པོ་ཞིག་གི་སྔ་རོལ་ཏུ
མཁས་མཛངས་དག་གི་མགོ་བོ
སྟོན་གྱི་སིལ་ཏོག་འདྲ་བར་ས་ལ་ཟགས
འདི་ནི་ངའི་ཁེར་རྐྱང་གི་རྒྱལ་ཁབ་ཡིན
སྟོབས་འབྱོར་ཆེ་ཆེར་རྒྱས་དུས
རྒུད་པའང་ཤིན་ཏུ་མྱུར
ཉེར་གསུམ་པ།
སྐྱ་རེངས་ཀྱི་སྔོན་ལ་མུན་ནག་གི་ཕོ་བྲང་ཁེར་རྐྱང་གིས་གཞོམ
ཕྱིན་ཅི་ལོག་པའི་མེ་ལྕེ་ཧ་ཅང་གཟབ་ནན་གྱིས
གུ་དོག་པའི་ཡུལ་གྲུར་རྨ་ཁ་ཞིག་ལྟར་འབར
ཁྱེད་ཀྱིས་ངའི་ཁ་དོག་སྣ་ཚོགས་ཀྱི་མགུལ་བ་ལ
བརྩེ་དུང་དང་བཀག་སྡོམ་གྱི་རྒྱན་ཆ་ཕངས་མེད་བཏགས
དུས་ཚོད་ཀྱི་མངལ་ན་སྦྲུམ་པའི་འབྱུང་འགྱུར་དང་གྲུབ་མཐའ་འདྲ་མིན
གཞུང་ལུགས་མང་པོའི་ཡལ་ག་ན་བཞད
རྟོག་གེ་པ་དང་ ཆོ་འཕྲུལ་ལ་མངའ་བརྙེས་པའི་སྒྱུ་མ་མཁན
ད་དུང་བུད་མེད་ཚོའི་སྙན་པ་འགུགས་པའི་གླུ་བ་དག
ཁྱོད་ཀྱི་འོད་ཀྱི་ཐིག་ལེས་བསྐོར་ཞིང་བསྲེགས་པར་བྱས
ལྟུང་བ་དང་འཕགས་པ ཚུར་རོལ་དང་ཕ་རོལ
རྨི་ལམ་དང་ཁྱོད
རྨི་ལམ་ང་ལས་སྐྱེས་ཤིང་ང་རང་ཁྱོད་ལ་རྨོངས
འོད་ཀྱི་གུར་ཁང་ཞིག་ནས་ན་ཆུང་གི་སྲས་མོ
མ་འོངས་པའི་འདས་པ་ལ་ཡིད་བྱུང་གྱུར
སྐྱ་རེངས་ཀྱི་སྔོན་ལ་ངུ་སྐད་འཇགས
སྨྱོ་ཧམ་གྱི་སྨྲ་བརྗོད་ཀྱང་སྡོང་ལོ་བཞིན་འཐོར
དཀར་སེང་ངེའི་རྐང་གླིང་བདག་མེད་དུ་ལུས
ལིང་སྒམ་ལྟ་བུའི་བང་སོ་དང་ཉི་འོད་ཀྱི་ཕྲུ་གུ་ཚོ
ད་དུང་མིག་འབྲས་བཏོན་པའི་སྒྲུང་བ་ཐམས་ཅད
སྐྱ་རེངས་ཀྱི་སྔོན་ལ་ས་རྡུལ་དང་ལྷན་ཅིག་ཏུ་སོང
ཉེར་བཞི་བ།
རླུང་གི་གྲིབ་མར་འགྲོགས་ནས ང་རང
མུན་ནག་ནས་མུན་ནག་གི་སྙིང་བོར་འཁོར
དུས་ཀྱི་ལག་པར་འཇུས་ནས ང་རང
ཁེར་རྐྱང་ནས་ཁེར་རྐྱང་གི་ཡུལ་ཁམས་མྱུལ
མིང་གིས་རྩ་བ་ནས་བཀུམ་པའི་བཙན་པོ་དང
སྟོང་བས་ཕམ་པར་བྱས་པའི་གཟུགས་ཅན་གྱི་ཚོགས
དཔྱངས་ཟམ་ཞིག་གི་སྣེ་གཉིས་ནས
གྲིབ་མ་དང་ཕུང་བོ་བཞིན་སོ་སོར་གྱེས
འཇིག་རྟེན་འདིའི་ངོ་བོ་ནི
དབྱངས་དང་གསལ་བྱེད་ཀྱིས་གྲུབ
བརྩེ་བ་དང་སྐྱོ་བས་སྐྱོང
མཛེས་པ་དང་བཙོག་པས་བཟོས
འཆི་བ་དང་གསོན་པས་འཁོར ཕྱིར་དྲན་དང་བརྗེད་ངེས་ལས་རྙེད
བདག་དང་གཞན་ལས་བྱུང
འཇིག་རྟེན་འདིའི་བར་སྣང་དུ་ཆུ་ཡི་རྣམ་ཤེས་ཐོར
གྲུ་ཆར་དང་ཁ་བ་དཀར་བོའི་ཞབས་སེན
ས་ནག་གི་ཚ་བ་འབར་བའི་ལུང་ཁུག་ལ་སླེབས
ནགས་ཚལ་དང་སྐོམ་གདུང་གི་མིག་ཟུང
རང་དབང་གི་སྐད་ཆ ཤེས་རབ་ཀྱི་རྨོངས་འཐོམས
འགྱུར་ལྡོག་སླ་བའི་མཁྲེགས་འཛིན་དག་དལ་གྱིས་ཞི
མཚན་མོར ངའི་ཕྱེད་ཀ་ཡང་བསྐྱར་ཆབ་རོམ་དུ་གྱུར
བརྩེ་དུང་གི་ཉ་མོས་རྟག་པ་མེད་པའི་རྨི་ལམ་མཐོང
སྐར་ཆ་རེ་རེའི་ནང འཇིག་རྟེན་གྱི་ཕྲ་ཕུང་གས་ཤིང་ཐོར
ངའི་བྲང་ཁོང་གི་སྙིམ་པའང་གས་ཤིང་ཐོར
ངའི་དྲང་བདེན་གྱི་གཞས་ཆུང་ཡང་གས་ཤིང་ཐོར
ཉེར་ལྔ་བ།
སྡོང་བོར་ཡལ་ག་མང་ལ་ཡལ་གར་ལོ་འདབ་འཕྱུར
ཁྱོད་ཀྱི་གང་སར་མངོན་པའི་ངོ་གདོང་དེ་དག
དུས་གསུམ་གྱི་བང་རིམ་སོ་སོ་ན་རྣམ་རྟོག་མེད་པར་ལུསསྐད་ཆ་གཞན་ཞིག་ཡང་ན་མནོ་བསམ་གཞན་ཞིག
ནང་སེམས་ཀྱི་ཆོས་ཉིད་གཞན་ཞིག་འཚོལ་བའི
སྐྱ་མི་ཚོ་ཀྱག་ཀྱོག་དང་ལྐོག་གཡོའི་ལམ་ནས་ཐར
བརླན་གྱིས་བཟུང་བའི་འབར་རྫས་དང
མ་བཙས་སྔོན་ལ་ཤི་བའི
བཅུད་ཀྱི་སེམས་ཅན་རྣམས
ཟམ་མ་ཆད་པའི་ལོ་རྒྱུས་ཀྱི་ངོས་ན
མྱ་ངན་གྱིས་འཁོར
དཔྲལ་བ་ནས་ཆག་པའི
མེ་ལོང་གི་ཆག་གྲུམ་དང་ལྷན་ཅིག
རྒྱུ་ཡོད་ཚད་ཀྱི་འབྲས་བུ
བརྩེ་དུང་ཡོད་ཚད་ཀྱི་རྨ་ཁ
རྨི་ལམ་ཡོད་ཚད་ཀྱི་སྒོ་མོ
ཁྱོད་ཀྱི་ཤེས་རབ་ཡོད་དགུའི་ཉིང་ཁུ
ངའི་རྨོངས་མུན་ཐམས་ཅད་ཀྱི་རྩ་བ
སྙན་ངག་གི་བླ་སྲོག་དང་བླ་སྲོག་གི་ཐེར་ཟུག
གང་ཞིག་ནས་བྱུང་བ་ཕྱིར་དེ་ལ་ཐོར་ཞིང་ཟགས
ཉེར་དྲུག་པ།
ཁྱོད་ཀྱི་མིག་མཐར་མཆི་མ་འཁོར
སྐད་ངག་ལྐུགས་པར་གྱུར
བསམ་བློ་ལྷིང་འཇགས་ཀྱིས་མནན་ཞིང་
རྒྱུ་སྐར་གྱི་གསང་བ་རླུང་གིས་བཏུམ
བཤད་པ་ཐམས་ཅད་སྟོང་བཤད་མིན
རང་ཡུལ་གད་པ་ཙམ་དེ་གང་ལ་སོང་
ང་ནི་སྣོད་དུ་ཆགས་པའི་ནོར་འཁྲུལ་གྱི་རྣམ་བཞག་ཅིག་དང་
ང་ནི་བློ་བུར་དུ་ཡལ་བའི་མེ་དང་ཆུ་ཡི་རིགས་རྒྱུད་ཅིག་ཡིན
བུད་མེད་རྣམས་ལོག་རྟོགས་གིས་མཛེས་ཤིང
ཁྱིམ་གཞིས་དག་རྣམ་རྟོག་གིས་གྲུབ
བདེན་པ་ཐ་དག་ཤིན་ཏུ་ཉམ་ཆུང་བའི་རྐྱེན་ཀྱིས
འདོད་རྒྱལ་གྱི་ཕམ་ཁ་དང
བློས་བཟོས་ཀྱི་མནར་གཅོད
ལྗིད་ཀྱིས་འགྲོ་བའི་རྣམ་ཤེས་དང་སྤྲིན་ནག
གློ་བུར་ཏུ་གས་པའི་འོད་དང་སྒྲའི་ཕྱི་གཟུགས
འཁོར་བ་མེད་པའི་རླུང་གི་འཁོར་ལོ
ལྷག་མར་གྱུར་བའི་ཁྱོད་ཀྱི་མཛེས་སྡུག་དག
སུ་ཞིག་གི་བློ་གྲོས་ཀྱིས་ཡང་བསྐྱར་བཙལ
ཉེར་བདུན་པ།
ཚེ་སྲོག་གིས་ད་དུང་ཅི་ཞིག་ལ་རེ་འབོད་བྱེད
རྟ་གདོང་གི་ཚ་བས་རྒྱ་མཚོའི་མུན་པ་འགོག
ཐུ་མིས་བོད་ཡུལ་གྱི་མུན་པ་སེལ
མཛངས་མི་ཀུན་གྱིས་མཚན་མོ་ལ་དྲོད་ཁོལ་བསྣན
རྒྱལ་སྲས་ཀྱིས་གང་སར་གཡུལ་ངོ་བཤམས་ཤིང་
མོ་བ་དང་ཆང་མས་སྲིད་ཀྱི་སྒོ་འགྲམ་ཉུལ
དཀར་ནག་གི་ལྭ་བ་གྱོན་པའི་ཇག་ཚོགས
ཉིན་སྲིབ་ཀྱི་མཚམས་ནས་སྐོང་
ང་ཚོ་ཚེ་སྲོག་གི་སྔོན་ལ་སྐྱེས་ཤིང་
ང་ཚོས་འཆི་བའི་ཕྱི་རོལ་ནས་རང་ཉིད་ཀྱི་གནས་མལ་བཙལ
ང་ཚོ་རྟེན་བྱེད་ཀྱི་ཤུབས་འདི་ལས་བུད་པའི་རྣམ་ཤེས་ཡིན་ཏེ
ཐ་མར་གླིང་བུ་ཞིག་གི་ཁོག་སྦུབས་ལ་རླུང་ལྟར་བཅུག
ང་ཚོ་འཇིག་རྟེན་འདིའི་མཐའ་འཁོར་ནས་དལ་གྱིས་ནར་སོན
ང་ཚོས་རང་ཉིད་ཀྱི་ཉེས་དམིགས་ལ་གནས་ལུགས་བཙལ
ང་ཚོ་སྒོ་མོ་ཞིག་གི་ནང་ལ་འཛུལ་ཡང
ཕྱོགས་བཞིའི་གྱང་ར་འགྱེལ་འདུག་སྟེ
ཤེས་རབ་ཀྱི་རལ་གྲི་ཕྱར་དུས་རང་ཉིད་ཀྱི་རྨ་ཁ་མཐོང་
ཕམ་ཁ་དང་རྒྱལ་ཁ་དར་ཆ་ཞིག་གི་ངོས་གཉིས་འདྲ
ང་ཚོའི་ཁེར་རྐྱང
མི་ཚོགས་ཀྱི་དབུས་ན་གྲོང་ངེར་འགྱིང
ཚེ་སྲོག་གི་རྨོངས་འཐོམ་ལ་ཇི་ལྟར་ཁ་ལོ་བསྒྱུར
དུས་ཀྱི་ཤིང་རྟར་སུ་ཡི་ཆགས་ཞེན་སྤུངས
ཉེར་བརྒྱད་པ།
ངའི་མདུན་རྒྱབ་གཉིས་ན་དུས་ཚོད་གཉིས་ཡོད་ལ
འཇིག་རྟེན་ཀྱང་གཉིས་ཡོད
ངའི་ཕྱི་ནང་གཉིས་ན་རྨི་ལམ་དང་མངོན་སུམ་ཡོད་ལ
སྨན་དང་དུག་གི་ལྗོན་ཚལ་ཡང་སྟུག་པོ་ཡོད
མིག་ཟུང་ལ་ཉིན་མོའི་ཟང་ཟིང་དང་བཀྲེས་སྐོམ་ཡོད་ལ
མཚན་མོའི་ལྷིང་འཇགས་ཁྲོད་སྐོང་བའི་འཇིགས་སྐྲག་ཡང་ཡོད
ངའི་དྲན་པ་ཁྱོད་ཀྱི་ཕྱོགས་སུ་འཁོར
ངའི་དྲན་པ་ཕྲག་དོག་གི་མནར་སྡུག་དང
རྣམ་པར་མི་དག་པའི་ཀུན་སྤྱོད
སྤྲིན་ནག་ལས་བཞུར་འོང་བའི
དམོད་པ་དྲག་པོའི་ཁུ་བ་དཀར་དམར
སྲིན་བྱ་དང་ཁོ་ཚོའི་མངོན་ལྐོག་གི
གཡོ་ཐབས་ཅི་རིགས
ཁྲིམས་ཁང ལོག་གཡེམ་དང་ལག་དམར་སྐོང་བའི་ཆང་ཁང
རུལ་མྱགས་ཀྱི་གཟུགས་པོ་འཁྲུགས་པའི་མལ་ས
ཁྲག་གི་དམར་དྲི་དང་འུ་ཐུག་པའི་ངུ་འབོད
ངའི་དྲན་པ་ཁྱོད་ཀྱི་བཀྲ་མི་ཤིས་པའི་རྨི་ལྟས་དང་ཆབས་ཅིག
སྟོང་བར་གྱུར་བའི་ནང་སྙིང་ལས་ཕྱོགས་ཕྱོགས་སུ་གྱེས
ངའི་དྲན་པ་མདའ་མོ་ཞིག་ལྟར
ཛ་དྲག་གིས
ཁྱོད་ཀྱི་ནོར་འཁྲུལ་གྱི་གོ་རིམ་ཡོད་ཚད་བརྟོལ་ནས
ཁྱོད་ཀྱི་གསང་བའི་ཁྱིམ་གཞི་ལ་ཕོག
(ང་ནི་ང་སྟེ ང་རང་གཞན་ཞིག་ཀྱང་ཡིན
ང་ནི་ཁྱོད་ཡིན་དེ ཁྱོད་ཀྱི་གཞན་དག་ཀྱང་ངོ)
ཉེར་དགུ་བ།
བུད་མེད་ནི་ཁ་དོག་གི་འགྱུར་ཁུགས་ཡིན
བུད་མེད་ཀྱི་ཞིང་སར་གསེར་མདོག་གི་ངང་ངུར་འཕུར
བུད་མེད་ཀྱི་སྒོ་མོར་སྨག་ནག་པའི་མཚན་མོ་གཡས་སུ་འཁྱིལ
བུད་མེད་ཀྱི་མལ་སར་ལོ་རྒྱུས་ཀྱི་གདོང་ལ་ཞལ་འབག་མེད
བདེན་ལུགས་ཀྱིས་སླེབས་པའི་སྐྱ་རེངས
བུད་མེད་ཚོའི་ཁུར་མགོ་ལ་བབས
བྱ་བྱེའུའི་གླུ་སྐད་ཐོག་མ
བུད་མེད་ཚོའི་སྐྲ་གསེང་སྟུག་པོར་འཛུལ
གཉིད་དང་རྨི་ལམ་ནི་བུད་མེད་ཚོའི་མཛོད་ཁང་དང
ངོམས་ཆོག་ཆོག་གི་སྟོབས་འབྱོར་ཡིན
དེ་ལས་གཞན ཁོ་མོ་ཚོ་ལ་ཕོ་བྲང་དང་མངའ་ཁོངས་མེད
བུད་མེད་རྣམས་རང་རང་གི་གཡུལ་ས་ནས་ཕམ
རང་གི་དགྲ་རུ་རང་ཉིད་སློང་བ་བུད་མེད་ཚོའི་རིང་ལུགས་ཡིན
བུད་མེད་ཚོས་མུ་མཐུད་ནས་རང་ཉིད་ཐགས་ལ་བཏགས
དུས་ཚོད་ཀྱི་བཞུར་ཤུགས་དྲག་པོས
ལང་ཚོ་དང་ཚུལ་འཆོས་ཀྱི་འཚོ་བ་རལ་ཏུ་བཅུག
འདོད་ཁམས་ཀྱི་རྒྱལ་མོ་དང་ཁོལ་མོ་དག
བླ་སྲོག་གི་བླ་སྲོག་ལ་རིང་དུ་བྱོལ
ཁེར་རྐྱང་གི་དུས་ཆད་ལ་ཡིད་སེམས་བྲེལ
སུམ་ཅུ་བ།
དྲང་དོན་ནི་སུ་ཞིག་གིས་གསར་བཟོ་བྱས་པ་མིན
སོག་རུས་ཀྱི་གས་སྲུབ་ནས་རྙེད་པའི
ཆགས་འཇིག་དང་ཐོབ་ཤོར་གྱི་དབྱངས་རྟ
འདམ་རྩྭ་བཞིན་སྐྱེས་ཤིང མོ་བའི་ཆོ་ག་སྣ་ཚོགས
དུས་ཚོད་ཀྱི་སྟེགས་བུར་རིམ་ཀྱིས་མངོན
དྲང་བདེན་གྱི་འབྲོང་རྒོད་དེའང
མ་འོངས་བའི་བྲག་ངོས་སུ་བརྐོས་པ
རང་བྱོན་མིན ཐམས་ཅད་མི་ཡི་བཀོད་འདོམས་མེད་པར
རང་རང་ས་ནས་བྱུང་དེ་ཡལ་བར་འགྲོ
གཏམ་རྒྱུད་ཅིག་གི་ཚིག་གི་མགོ་རྔ་དང
འཕྲུལ་འཁོར་ཅིག་གི་ལྷུ་ལག
རྒྱབ་འགལ་ངོ་ལོག་བྱེད་པའི་གནས་ལུགས་ངོ་མ
ལྷ་ཀླུ་གཉན་གསུམ་གྱི་དོགས་སློང བསླུ་བྲིད་རབ་དང་རིམ་པ
ཕངས་སེམས་ཀྱི་དུ་སྨུག་གཏིབས་པའི་སྐྱེ་བ་སྔ་ཕྱི
མངོན་པར་བརྗོད་པའི་སྐྱེ་རབས་ཐ་དག
རྒྱུ་འབྲས་ཀྱིས་རྙོག་ཟིང་དུ་བཟོས་བའི་རྒྱུ་འབྲས
ཡལ་ག་ལ་ཐོགས་པའི་རྩ་བའི་རྩ་བ
རྩ་བར་གྱུར་བའི་བསམ་བློ་དང་མ་གྱུར་བའི་བསམ་བློ
ཐོལ་གྱིས་བྱུང་བའི་གནའ་སྒྲུང་དང
ད་དུང་དེ་རུ་འཁྱར་བའི་དཔའ་བོ་ཚོའི་དྲང་དོན
དྲང་དོན་གྱི་ཡུལ་དུ
དྲང་དོན་ཡང་གཞི་ནས་ཡལ
སོ་གཅིག་པ།
ས་རྡུལ་དང་རྔུལ་ནག་གི་དྲི་མ་སྦགས་པའི་དབྱར་དུས་ཀྱིས
རང་ཉིད་ཀྱི་སྲེད་པ་ཡོད་ཚད་བག་མེད་ཀྱིས་ཕྱི་ལ་བཏོན
རྡོ་དང་གྱང་ཆག་གི་གྲོང་དུ
གྲིབ་མ་དང་གྲིབ་མའི་འཁྲིག་སྦྱོར་ལས
དུས་ཚོད་ཀྱི་ཁྱེའུ་སྐྱེས་མ་ཐག་རྒས་ཤིང
རྒས་མ་ཐག་ཤི་པའི་བྲེད་ཤ་ལངས་ཀྱིན་པའི་རྩའི་སྦུབས་སུ
འཆི་བདག་གི་ཤབ་ཤུབ རིམས་ནད་ཀྱི་ཚ་བ
བསྐྱར་ཟློས་ཀྱི་ཕྱིར་དྲན
མེ་ལོང་གི་མདུན་རྒྱབ་ཀྱི་བར་ན་ཆགས་པའི
ལྟར་སྣང་གི་གྲོང་ཁྱེར་དང་ངོ་གདོང
འདུ་བྲལ་གཉིས་ཀ་ཡིན་ལ གཉིས་ཀ་མ་ཡིན
མངོན་ལྐོག་གཉིས་ཀ་ཡིན་ལ གཉིས་ཀ་མ་ཡིན
བདེན་རྫུན་གཉིས་ཀ་ཡིན་ལ གཉིས་ཀ་མ་ཡིན
ཕྱི་ནང་གཉིས་ཀ་ཡིན་ལ གཉིས་ཀ་མ་ཡིན
ཤེས་རབ་དང་རྨོངས་པ་གཉིས་ཀ་ཡིན་ལ་གཉིས་ཀ་མ་ཡིན
བར་ཐག་རིང་བ་ཡིན་ལ་ཐུང་བ་ཡང་ཡིན
གཉིས་ཀ་མ་ཡིན
རང་ཉིད་ཡིན་ལ་གཞན་ཡང་ཡིན་པ
རང་གཞན་གཉིས་ཀ་མིན་པ
ཧྲིལ་བོ་གཅིག་ཡིན་ལ་ཆག་གྲུམ་གྱི་ཆ་ཤས་ཡིན་པ
གཅིག་དང་ཐིག་ལེ་གང་ཡང་མིན་པ
སྟོང་བ་ཡང་མ་ཡིན
མ་སྟོངས་པའི་ཡུལ་གྲུ་དེར
སེམས་པ་དུས་ཚོད་ཀྱི་གོམས་འགྲོས་དང་གྱེས
སྟོང་བསམ་གྱི་ནམ་མཁར
སྤྲིན་ནག་གི་ཡོ་ལང་ལ་ཆགས་སྲེད་ཀྱིས་ཁེངས
མི་རྣམས་ཀྱི་རང་གཤིས
རང་བཞིན་གྱིས་འཁྱོགས་ཤིང
ལྷག་མ་རུ་གྱུར
མེ་མདའི་ཨུ་ཁུང་རང་ཉིད་ཀྱི་སྙིང་གར་གཏད་ཅིང་
རྨི་ལམ་གྱི་གོམ་ཁ
ཡུལ་གཞན་ལ་འཁྱར
སོ་གཉིས་པ།
དུས་ཚོད་ཀྱི་གྲིབ་མས་བར་སྣང་གི་གྲིབ་མར་འཇབ་རྒོལ་བྱས
བཞུར་ཆུ་ཡིས་བཞུར་ཆུའི་ཉོན་མོངས་ཀུན་ནས་བགྲུངས
མི་རྣམས་ཕན་ཚུན་གྱི་མིག་གོང་ལ་འཛུལ་ཞིང
རླངས་པར་གྱུར་ནས་ཁ་རྣ་དང་བུ་ག་སོ་སོ་ནས་ཕྱི་ལ་བུད
མི་སྐོར་ཞིག་མིག་གོང་ལ་འཛུལ་བ་ནས
སེམས་ཀྱི་གྲུ་ག་ལ་ཡུན་གྱིས་ཡིབ
ཕྱིས་སུ ཞལ་རས་གཞན་ཞིག་ལ་སྤྲུལ་ནས
དྲན་པའི་ཕྱོགས་སོ་སོར་ངང་གིས་འཁོར
འདུས་བྱས་ཀྱི་ནམ་མཁའ
བསམ་བློའི་གཤོག་འགྱུར་ལ་དབང
གྲོང་ཁྱེར་དང་བྲག་རྡོ
ནགས་ཚལ་དང་མི་ཚོགས་ཀྱི་བར་ནས
གཤོག་པས་རང་མཚན་པའི་ཚང་ཞིག་བཟོས་ཤིང
དེ་རུ ཤུགས་ཀྱིས་འཁོར་བའི་དུས་ཀྱི་སྒོ་ང་དང
སྐྱེད་བྱེད་ཀྱི་སྟོང་ཁམས་ཆགས་པའི་སྒོ་ང
གསལ་སྟོང་གི་འོད་ཀྱི་སྒོ་ང
མུན་ནག་གི་ཕྱི་ནང་མེད་པའི་སྒོ་ང
བརྩེ་དུང་གི་སྒོ་ང་དང་ཆགས་འཇིག་གི་སྒོ་ང
དབྱར་གྱི་སྤྲིན་སྨུག་ཇི་བཞིན་ལྡབ་འགྱུར་གྱིས་འཕེལ་ཞིང
མཐོང་བྱེད་ལ་དབང་བའི་བར་སྣང་བཀང་ནས་ཡོང
མི་རྣམས་མཁའ་དབུགས་ཇི་བཞིན་མི་སྣང་བར་གྱུར
ལྷ་ཚོགས་རང་ཉིད་ཀྱི་འོད་ལ
འབྲས་བུ་བཞིན་སྨིན
སོ་གསུམ་པ།
ང་རང་ཁྱོད་ཀྱི་གླུ་སྐད་ཀྱི་ལམ་ནས
འདུ་ཤེས་ཀྱི་ཞིང་ལ་འཁྱར་འཁྱོར་གྱིས་འགྲོ
སྐར་ཆེན་གྱི་ཁ་ཕྱོགས་མེད་པའི་སའི་ཕང་བར
ངེས་མེད་སྐྱ་ཐིག་གིས་སྦྲེལ་བའི་ལས་ཀྱི་རི་མོ
ཟུངས་ཁྲག་གིས་བཏང་བའི་རྩ་ལམ་བཞིན
གང་སར་འཐེན
སྐྱ་རེངས་ཀྱི་མིག་གོང་ཟུམ་མ་ཕྱེ
མྱ་ངན་གྱི་ཐང་ཆེན་འབྱམས་སུ་གླས
སྣང་བ་བན་བུན་གྱི་འཁོར་ལོ
ཤུལ་རྗེས་མེད་པར་འགྲོ
དྲན་པ་སྨིན་དྲག་ནས་རུལ་ལ་ཉེ
ད་ལྟ
གདུང་པ་དྲག་པོའི་ཡང་སྟེང་ན་ཕུང་བོ་འདི་ཡོད
ཕུང་བོའི་ཡང་སྟེང་ན་རྣམ་ཤེས་ཕྱོགས་སུ་འཁྱམས
རྣམ་ཤེས་ཀྱི་ཡང་སྟེང་ན་ཉི་འོད་མར་ལྟར་འཁྱིལ
ཉི་འོད་ཀྱི་སྟེང་ན་ལོ་ཟླ་འགོག་པ་མེད་པར
དངོས་པོ་ཡོངས་རྫོགས་ལ་སྙོམས་པར་འཇུག
ལོ་ཟླའི་ཡང་སྟེང་ནས་ང་ཚོས་ཅི་ཞིག
བཙལ་ནས་རྙེད་དམ
ད་ལྟ
ད་ལྟ་ཁོ་ན་ད་དུང་འདི་རུ་ལུས
སོ་བཞི་བ།
རང་བྱུང་གི་རྒྱུན་ཆད་ནས
མིག་དབང་ནག་ཐོམ་མེར་ཡོད་པའི་སྲོག་ཆགས་རྣམས
འཇིག་རྟེན་གྱི་བྲག་ངོས་གཟར་ཞིང་རྩུབ་པ་ལ
ཕམ་པ་མེད་པར་འཛེགས ཐོབ་དཀའ་བའི
ཐར་བའི་རྙི་རྒྱ་ལ་ཚེ་སྲོག་ཀུན་རིམ་གྱིས་ཚུད
ནོར་བ་རྣམས་བདེན་དོན་གྱིས་འོང
ཐ་སྙད་ཀྱི་རྒྱལ་རབས་དང
དྭངས་གཙང་གི་རིགས་རྒྱུད་རྫུན་གྱིས་སྐྱོང
འདོད་པའི་མངའ་ཁོངས་ནས
ཞབས་བྲོ་རྒྱག་པའི་གར་མ་རྣམས
མིག་ཆུའི་མཚོ་ཀློང་ལ་བྱིངས
འོད་ཀྱི་ཐུར་མའི་ནགས་ཚལ་ཏུ
འཕུར་སྐྱོད་ཀྱི་གྲིབ་མ
གསལ་ལྷང་ངེར་འབར
ས་དང་རྡོ་ཡི་རང་གཤིས་གང་ལའང་མ་ཐིམ་པར
སྒྲེན་པོ་ནས་སྒྲེན་པོར་གྱུར་ལ
དངོས་པོ་ཞིག་ནས་བསམ་བློ་ཞིག་ཏུ་གྱུར
བསམ་བློ་ཉིད ཁྱེའུ་དམར་པོ་ཞིག་ལྟར
ནམ་མཁའི་གཏིང་ཟབ་སར་ཐོགས
སོ་ལྔ་བ།
འདས་དུས་ནི་མེ་ལོང་ཞིག་ཡིན
མེ་ལོང་གི་ནང་དུ་ལམ་བུ་ཞིག་རྩྭ་ལྡུམ་གྱིས་ཟིན་པ
རིམ་གྱིས་ཕྱི་རུ་མངོན
ང་ཚོའི་རྗེས་ན་རྐང་ལམ་ཞིག་མངོན་གསལ་དུ་ཡོད
དུས་ཀྱི་ཕོ་ཉས་འཕྲིན་ཡིག་ཁྱེར་ནས་རྒྱང་ལ་སོང
རྡོའི་ཕོ་བྲང་དང་སའི་མཁར་རྫོང
ཤིང་གི་ཐེམ་སྐས་དག་སེར་གས་སྤར་མོས་བཟུང
ཐོར་ཞིག་གི་རྨི་ལམ་ལུང་བ་ལྟར་ཕྱེས་འདུག
ཇག་པ་རྣམས་ལུང་བའི་གསང་ཕུགས་ན
ཕྱི་རོལ་ནས་འོང་བའི་ལོངས་སྤྱོད་ལ་སྒུག་ཡོད
མི་ཆོས་ཀྱི་རྔ་བོ་མཐོ་ས་ན་གྲགས
དཀར་སེར་དམར་སྔོའི་གདོང་འབག་དང་
མུན་ནག་གི་ཀློང་ལ་བྱིང་བའི་རལ་བ
རླུང་རྟའི་འཚུབ་མའི་ཕག་ནས་མངོན
ཁྲིམས་ལུགས་མཚོན་བྱེད་ཀྱི་ལྕག་རིང་གནམ་ལ་ཕྱར
གཡུལ་འཁྲུག་གི་མེ་ལྕེ་འབར་ཚར་ནས་དུ་བ་འཕྱུར
ལོ་ཟླས་ཐུབ་པའི་མི་གཉིས་མི་ཚེའི་བཤུལ་ལམ་འགྲིམ་གྱིན
ན་ཚོད་གཞོན་པར་ལྡོག་ཅིང རྒས་དུས་ཀྱི་བྲལ་འདུ་གླེང
གཏམ་རྒྱུད་ཅིག་མགོ་མཇུག་ལྡོག་ནས་འཆད་ཀྱིན་ཡོད
ཆུ་བོ་རྣམས་ཁ་བར་གྱུར་ནས་གངས་ཀྱི་རི་བོར་སྤུངས
འདི་ལྟར་མ་འོངས་བ་རྣམས་ང་ཚོའི་རྡོག་སྣེ་ལ་འབྲེལ
ང་ཚོས་མདུན་ཕྱོགས་ཀྱི་མེ་ལོང་ལས
ལམ་བུ་གསར་བ་ཞིག་འཚོལ་བཞིན་མདུན་དུ་བསྐྱོད
སོ་དྲུག་པ།
ད་ལྟ་བ་ནི་མེ་ལོང་ཞིག་ཡིན
ང་ཚོ་བརྩེ་དུང་ཞིག་གིས་བསླུ་བྲིད་བཏང་ལ
གྲོས་མོལ་ཞིག་གིས་ཀྱང་མགོ་སྐོར་བཏང་སོང་
འཚོ་བ་ནི་རྒྱན་པོ་འགྱེད་པའི་རྩེད་མོ་དང་
མིག་མདུན་ན་ཁྲ་ལམ་མེར་བཀྲམ་པའི་ཚོང་རྫས་དག་ཡིན
ལག་པས་བཟུང་བ་ནི་འཁྱག་སིབ་སིབ་ཀྱི
རང་གི་ལག་པ་གཞན་ཞིག་ཡིན
གྲིབ་མ་དང་བསམ་བློ
གཟུགས་པོ་འདི་ལས་གྱེས
མིག་ཟུང་ཡང་མི་སྣང་བའི་མིག་ཟུང་གི་བྲན་ཏུ་རྒྱུགས
དྲི་བ་ཡོད་ཚད་ལ་ལན་པ་མེད
མདུན་བསྐྱོད་ཀྱིས་ཕོག་ཐུག་བཟོས་སོང
ཕྱིར་ལ་གོམ་གང་བསྣུར་བས
གོམ་པ་གཉིས་ཀྱི་ཧྲག་བར་ཕྱེས
ང་ཚོས་རང་ཉིད་ཀྱི་ཕྱེད་ཀ་མཐོང
ང་ཚོས་རང་ཉིད་ཀྱི་དགྲ་བོར་རང་ཉིད་མཐོང
ང་ཚོས་དུས་ཚོད་ལྡོག་ནས་འཁོར་བ་མཐོང
དངོས་པོ་ཡོད་དོ་ཅོག་རང་ཉིད་ཀྱི་ཁ་གཏད་དུ་ལངས
ཕས་རྒོལ་གྱི་མཚོན་ཆ
བརྩེ་མེད་དུ་རང་གི་སྙིང་ཁར་ཟུག
ང་ཚོ གཏན་དུ་ཕྱེས་པའི་སྒོ་མོ་ཞིག་གིས
འཇིག་རྟེན་གཉིས་སུ་བཀག
སོ་བདུན་པ།
མ་འོངས་བ་ནི་མེ་ལོང་ལས་འོང་གིན་པའི་དེ་སྙེད་ཡིན
ང་ཚོའི་ཉེ་འགྲམ་དུ་འཚང་ཁ་ཤིག་ཤིག་གིས་སྐྱེ་ཞིང་འཇིག་པའི
ཁ་སང་དང་དེ་རིང རང་དང་གཞན
རྒྱུ་དང་འབྲས་བུ ཆོས་ཉིད་དང་ཆོས་ཉིད
སྣོད་དུ་གཏམས་པའི་ཆང་དང་སྒྱུ་འཕྲུལ
ལྐོག་གསོད་དང་ལོག་ལྟའི་སྲང་ལམ
ཀྱག་ཀྱོག་གི་ལམ
གསང་བའི་གྲུ་ཟུར
ཉེས་དམིགས་ཀྱི་ཁྲོད་དུ་འཚོ་བའི་སྐད་ཅིག་མ་ཡོད་ཚད
དུར་བྱང་དང་སྙན་ངག་གི་ཐོལ་བྱུང
འབྱུང་འགྱུར་ལ་ངེས་པར་མཁོ་བའི་ཤེས་རབ
སྨྱོ་བྱེད་ཀྱི་བཏུང་བ
འཆི་བྱེད་ཀྱི་སྨན
མེ་ལོང་གིས་མཐོང་བའི་ཀུན་རྫོབ་དག
ནམ་མཁའ་ལྟ་བུའི་ཀུན་གཞིའི་ངོས་ནས
སྤྲིན་དང་འཇའ་ཚོན་ལྟར
རླུང་དང་གཤོག་འགྱུར་བཞིན
ཉི་ཟླ་སྐར་གསུམ་གྱི་བགོ་བྱ་འདྲ་བར
འཁོར་ནས་འགྲོ་ཞིང་ཡང་བསྐྱར
མེ་ལོང་གི་སྒོའི་ཕྱི་རོལ་ནས
ཅི་ཞིག་ལ་སྟ་གོན་དང་བཅས
ཅི་ཞིག་ལ་མནོ་བསམ་གཏོང
སོ་བརྒྱད་པ།
ངག་རྒྱུན་ལས་སྡོམ་པའི་བརྩེ་དུང་གི་གདུང་བ
སེམས་ཀྱི་ངོས་ཟབ་མོ་ན
ཕྲ་རགས་མེད་པར་བག་ལ་ཉལ
འཆི་བ་ལ་དམིགས་པར་གཏད་པའི་མདའ་མོ
ལམ་སེང་ཕྱིར་ལ་ལྡོག
གྲིབ་མས་བྲག་རྡོའི་ངོ་གདོང་བཀབ་ནས
དྲན་འཛིན་གྱི་དྲ་བ་རེ་རེ་བསླས་ཡོང་
ང་དང་བྲལ་བའི་མི་དེ་ང་རང་ཡིན་ནམ
ངའི་མནོ་བསམ་གཅན་གཟན་གྱི་སེམས་ཁམས་ན
གཏུམ་དྲག་གིས་མཆོངས་རྒྱུགས་བྱེད
ཁེར་རྐྱང འདུ་འཛིའི་འཁྲིགས་ལོང་ཁྲོད་ན
ཁེར་རྐྱང་གིས་གནས
ཁེར་རྐྱང་གི་གནས་སུ་ཁྱེད་ཀྱི་བརླ་བརྡུང་ལ་སྤུར་བཏབ
ཁྱོད་ཀྱི་སྒྲུང་རྣམས་གསང་བའི་གཏེར་ཏུ་བཅུག
རྨི་ལམ་གྱི་འཁོར་ལོ་ཕྱིར་ལ་འཁོར
ལྡེའུ་ངོ་བོ་ད་དུང་ལུང་མ་བསྟན
དམ་ལ་བཏགས་པའི་ཞེ་སྡང་གི་རྒྱལ་བོ་དང
ཆགས་སྲེད་ཀྱིས་འཚོ་བའི་བཙུན་མོ་སྲས་མོ
སེང་གེའི་ཁྲི་དང་གླང་ཆེན་གྱི་རྒྱབ་ནས་སྣང་བར་མ་གྱུར
ད་ལྟ ངས་སུ་ཞིག་དང་གླེང་མོལ་བྱས་ཆོག
ངའམ་ཁྱོད
ཡང་ན་མེས་པོའི་མེས་པོ་ཞིག
རྒྱུས་མེད་ཀྱི་ལམ་གྲོགས་རེ་འགའ་འམ་ཡང་ན
ས་མཐར་སྤྱུགས་པའི་གྲུབ་མཐའ་དང་ལྟ་བ་ཐུན་མིན་སྨྲ་བ་ཞིག
ཞལ་ལྕེ་གཅོད་པར་ཞེད་པའི་ཉེས་ཅན་དག་གམ་ཡང་ན
ཉིན་མོའི་མིག་ཟུང་ལ་ཅེར་བའི་མཚན་མོའི་མིག་ཟུང
ནང་ནས་ཕྱི་ལ་གཏད་པའི་ངན་སོང་གི་གྲི
དབུས་ནས་མཐའ་ལ་ཤོར་བའི་སྨྱོ་ཧམ་ཅི་རིགས
ད་ལྟ- - - ངས་སུ་ཞིག་དང་གླེང་མོལ་བྱས་ཆོག
སོ་དགུ་བ།
ཟླ་འོད་འོག་ན་འཁྱིལ་བའི་གཟུགས་ཕུང
བྲང་ཁོང་གི་གྲིབ་མས་བཏེགས་པའི་ནུ་ཟུང
གཏོད་མེད་ཀྱི་སྐད་ཆའི་གོ་དོན
ཆུ་ནང་གི་གཟུགས་དང་ཆུ་འགྲམ་གྱི
གཟུགས་ཅན་དག་གི་བར་ཐག
ངས་ང་རང་བློ་བཟོ་བྱས་རྗེས
ཁྱེད་ཀྱི་གསང་བ་སྲུང་བའི་ཕོ་ཉར་མངགས
མཚོ་རླབས་འཇགས་པའི་ཞོགས་པར
འཆི་བ རྒྱུས་མེད་ཀྱི་གྲུ་ཆུང་བསྡད་ནས་མངོན་བྱུང
རྒྱང་རིང་དུ་བཀྱེད་པའི་དུས་ཚིགས་ཀྱི་གསེང་སྟོང་ཞིག་ནས
སུ་ཡིས་དབུགས་ཀྱི་རྒྱུ་བ་ཕྲ་མོས
ས་རྡུལ་ལ་ཟག་པའི་དྲན་པ་གསོས
འཕྲུལ་འཁོར་གྱི་ལྷུ་ལག་འཁོར་ཞིང་
མིས་བཟོས་ཀྱི་ཝུ་བ་དང་ལྷ་ལྷ་མོའི་སྒྱུ་འཕྲུལ
དུས་ཚོད་ཀྱི་བསྡོམས་ཐག་ལས་ཐར
མཚན་མོའི་མུན་པ་གསལ་ཞིང་སྣང་བར་གྱུར
མི་དང་མི་མ་ཡིན་གྱི་མིག་ཟུང་ལས
རྡོ་སྣུམ་ལྟ་བུའི་ཁ་དོག་བཞུར
སྐད་ཆ་ལ་བརྡ་ཡིས་སྟོང
བྱིས་པ་རྣམས་བར་སྣང་དུ་འཕུར
ང་རང་ནང་སེམས་ཀྱི་སྟོང་བ་ཁོ་ནས་བཏེཊ་ཏེ
ཁྱོད་ཀྱི་ཕྱོགས་སུ་ཁེར་རྐྱང་གིས་གཡེངས
བཞི་བཅུ་བ།
སེམས་ཀྱིས་བཟོས་པའི་ལམ་ལ་ཐོག་མ་མེད་ཅིང
མཐའ་མའང་མེད
ཡོད་ཚད་མཇུག་སྒྲིལ་བསམ་དུས
ཡོད་ཚད་སླར་ཡང་འགོ་ཚུགས
ཕྱིར་དྲན་གྱི་ཐོག་མཐའ་བར་གསུམ་དུ
ཁྱོད་ཀྱི་མ་བཀབ་པའི་ངོ་གདོང་སྒྲེན་པོ་དང
དབང་ཤེས་ལ་གོམས་པའི་ཚུལ་འཆོས་ཀྱི་རྨ་ཁ
མཐོང་མ་ཐག་ཡལ་འགྲོ་བའི་ན་ཟུག་སོགས་ཅི་རིགས་ལྡན
ཁྱོད་ཀྱི་རལ་བ་དང་ཁྱོད་ཀྱི་མགྲིན་པ
སྟོན་ཁ་ལྟར་ཕྲ་ཞིང་མཐོ་ལ
ཁུར་གྱིས་ལྩི་བའི་འཁྲི་ཤིང་གི་གཞུང་རྟ
ཚེ་སྲོག་གི་དབུས་མཐའ་སོ་སོར་རྐང་ཚུགས
ཁྱོད་ཀྱི་མཛེས་པ་དང་ཐ་སྙད་ལ་ཞུགས་པས
ང་རང་གཏོས་ཆེ་བའི་གདུང་བའི་ཁུར་གྱིས་མནན
སྒྲིབ་པ་མེད་ལ་འགག་པའང་མེད་པའི་ཕྲེང་ལམ་འདིས
ང་དང་ཁྱོད་ཀྱི་བར་ཐག་ཉེ་བར་བྱས་སོང་ངམ
ཞེ་གཅིག་པ།
ང་ནི་རང་ཉིད་ཀྱི་ལྐོག་གཡོ་ཞིག་ཡིན
ང་ནི་གྱ་ནོམ་པའི་ཕྱི་རོལ་གྱི་ལན་ཆགས་ཤིག་ཡིན
ང་ནི་གོག་ནུར་གྱིས་འགྲོ་བའི་གྲིབ་མའི་རྒྱལ་བོ་དང
ང་ནི་རིགས་དྲུག་གང་ལའང་མི་གཏོགས་པའི་ཕུང་བོ་ཡིན
དུས་ཀྱི་རྙོག་ཆུ་ཟབ་མོར
ངས་ལག་ཟུང་གིས་ཅི་ཡང་མི་ཟིན
རྨི་ལམ་ཞིག་གི་ཕ་རོལ་ནས
རྨི་ལམ་གཞན་ཞིག་གི་སྣེ་མོ་མཐོང་ཞིང
སྐྱ་མི་མང་པོ
གདོད་མའི་ཁྱིམ་གཞིས་ནས་སླེབས་ཡོང
ཁོ་ཚོའི་ཁ་ཕྱོགས་ལ་ཁ་ཕྱོགས་མེད་ཅིང
ཁོ་ཚོའི་འགྲོ་འོང་ལ་འགྲོ་འོང་མེད
ཁོ་ཚོ་ངའི་འཁོར་ཡུག་ནས་མཁའ་དབུགས་ལྟར་རྒྱུ
ཁོ་ཚོས ཇི་སྙེད་པ་ཡོད་ཚད་ཀྱི་ངོ་གདོང་གཅིག་ཡིན་ཟེར
ཁོ་ཚོས་ཇི་ལྟ་བུའི་ཆོས་ཉིད་ལ་ཆོས་ཉིད་མེད་ཟེར
ཁོ་ཚོ་ངའི་ཕྱི་ནང་བརྟོལ་ནས་ཁ་ཕྱོགས་ངེས་མེད་དུ་བཞུར
ང་རང་ལྐོག་གཡོ་འཁྲབ་པའི་གློག་བརྙན་གྱི་ཡོལ་བ་ཞིག་ལྟར
ཤུལ་ཏུ་ལུས
ང་རང་གྲིབ་མས་བཏེགས་ཤིང་གཞོམ་བཤིག་བྲལ་བའི་བར་སྣང་ནས
ས་ལ་ལྷུང
ང་རང་རང་ཉིད་ཀྱི་མེ་ལོང་དང་གཏན་དུ་གྱེས
ང་རང་ཕྱོགས་བཞི་སྟེང་འོག་མེད་པའི
མྱ་ངམ་གྱི་ཐང་དབུས་སུ་འབྱོར
ཞེ་གཉིས་པ།
འཇིག་རྟེན་ནི་སྨིན་སྲིད་པའི་འབྲས་བུ་ཞིག་ཡིན
སྙེ་མའི་ནང་སྙིང་ཐམས་ཅད
ཁྱོད་ཀྱི་མཛེས་སྡུག་གི་བསམ་བློས་གང་ནས་ཡོད
ཁ་ཆར་བུ་ཡུག་དང་ཉི་ཟླ་སྐར་གསུམ
ནང་སེམས་ཀྱི་གདུང་བ
ལམ་ཐག་རིང་བོའི་ངལ་དུབ
འབྲེལ་མེད་ཀྱི་དཔེ་དང་དཔེ་ཅན
ཁང་སྟོང བྱ་ཚོགས་འཕུར་རྗེས་ཀྱི་ཡལ་ག
ཡལ་ག་དེར་སླར་ཡང་གཞི་འཆོས་པའི་བྱ
གློག་འོད་ཀྱི་སྡང་མིག
རྒྱ་ལམ་ན་དངངས་སྐྲག་གིས་འགྲོ་བའི་དུང་སྒྲ
མི་རྣམས་ཀྱིས་རང་རང་གི་སྒོ་འགྲམ་ནས
ཞབས་བརྡོལ་བའི་དྲན་འཛིན་གྱི་སྣོད་དུ
སྤར་འཛིན་ཡང་ཡང་བྱེད
ལུས་ཀྱི་སྒོ་འཕར་ཕྱེ་དུས
རྨི་ལམ
གཅེར་བུར་ཕུད་པའི་བརླན་གཤེར་གྱི་ལྗོན་ཤིང་ལྟར
སྟོང་འཇགས་ཀྱི་ངོས་ན་གཡོ
ཞེ་གསུམ་པ།
ལྷན་སྐྱེས་ཀྱི་ཁ་དོག་ས་གཞིའི་ཕང་བར་ཟག
རྨུ་ཐག་གི་རྒྱུ་བ
གནམ་སའི་བར་ནས་ཆད
ཁ་བའི་མཚན་མོར་གསང་རྣམ་ཞིག་གི་མཇུག་སྒྲིལ
ཕ་རོལ་ནས་ཕྱིར་ལོག་པའི་དེད་དཔོན་དང
འདོད་པས་གཟིར་བའི་བརྩེ་དུང་གི་རྒྱལ་སྲས་བཅས
གྲོང་ཁྱེར་གྱི་མིད་པའི་དྲ་བར་ཚུད
དུས་ཀྱི་མདའ་རྩེ་གང་སར་ཟུག
འོད་གསལ་གྱི་མགོ་བོར་མུན་པའི་ནང་སྙིང་ཆགས
འཁྱོག་པའི་རི་མོར་རྩ་བ་དང་རྩེ་མོ་རྒྱས
ཤེལ་གྱི་ཕོ་བྲང་དུ་མཚན་མས་མཚན་མ་སྦྲེལ
ཡུལ་དུས་གང་ལའང་མི་དབང་བའི་མེ་ལོང་དུ
རྡོ་ཡིས་རྡོ་ཡི་ཀླད་པ་བརྡུང་ཞིང
གཤོག་པས་བྱ་ཚོགས་ཀྱི་བར་སྣང་འཁྲུག་པར་བྱས
རྨི་ལམ་གྱི་རྟ་ནག་མུན་ནག་གི་ཕྲག་པ་ནས་སྐྱེས
ཉ་མོ་རྣམས་དུས་ཚོད་ཀྱི་འགོ་ཁུངས་ལ་སྙེག
ང་ཚོ་སྟོང་བསམ་དང་འགལ་ཟླར་གྱུར་ནས
སྐྱ་མདའ་མ་གསལ་བའི་སྔོན་ལ
རང་ཉིད་ཀྱི་རྒྱུ་རུ་སྐྱེས
ཞེ་བཞི་བ།
གཟུགས་ཅན་གྱི་མི་དང་གཟུགས་མེད་ཀྱི་ལྷ
(ལྷ་མོ་ཡ
ངའི་གུ་དོག་པའི་བྲང་ཁར་བརྡུངས་ཤིག
བཅོམ་ཞིག
གཤགས་པར་གྱིས་ཤིག)
(ཕྱི་ཤུན་བཤུས་ནས་གནམ་ས་ཁེབས་པའི་མུན་པར་བརྗེས་ཤིག
རུས་ཚིགས་བཀྲོལ་ནས་རི་བྲག་དང་དགུ་ཚིགས་ལ་བརྗེས་ཤིག
ཁྲག་ཁུ་བཅུས་ནས་གཙང་པོ་དང་མཚོ་མོར་བརྗེས་ཤིག
གློ་སྙིང་བཏོན་ནས་ཉི་ཟླ་སྐར་གསུམ་ལ་བརྗེས་ཤིག)
(ལྷ་མོ་ཡ
མིག་ཟུང་འདི་སྔ་མོ་ནས་བསླུས་ཟིན་པས
ལག་པའང་རང་ཉིད་ཀྱིས་བཅིངས་ཟིན་པས
ཁྱེད་ཀྱིས་ད་དུང་ཅི་ཞིག་ལ་རེ་ཞིང་སྒུག)
གཟུགས་ཅན་གྱི་ང་དང་གཟུགས་མེད་ཀྱི་ཁྱོད
ཞེ་ལྔ་བ།
དབྱར་གྱི་ཚ་བ་རེ་ཞིག་ཡལ་བར་གྱུར
མེ་ཏོག་གི་ཚོམ་བུ་ལྷན་རྒྱས་ཀྱིས་སྤྲོ་ཞིང
མུན་པ་ལས་གྲོལ་བའི་འོད་ཟེར་ས་སྟེང་ན་འཁྱིལ
སྡོང་བོ་རྣམས་ལྗང་མདོག་གིས་འབར
ལོ་འདབ་དང་ར་ལག་མང་པོའི་གྲོང་ཁྱེར་དུ
ཐ་སྙད་ཀྱི་ཁྱེའུ་ཟང་ཟིང་གིས་འཕུར་ལ
སྙན་ངག་གི་བྱེའུ་གྱུར་གྱུར་གྲགས
སྡོང་བོས“ཁྱོད་ཚོ་འདི་ནས་བསྡད་ཆོག་ཡང
ངའི་མིང་གིས་མ་འཛིན་”ཟེར
ཁྱོད་ཚོས་མཐོང་བའི་ཡུལ་དང་བདེན་གྲུབ་ཀྱི་གནས་དག་ནི
དེ་དང་འབྲེལ་བའི་ས་བོན་ཞིག་ལས་མ་འདས་སོ
ས་བོན་རྣམས་རླུང་གིས་ས་ལ་གཏོར
ས་བོན་རྣམས་ས་འོག་གི་མངལ་དུ་ཞུགས
ང་རང་ཐ་སྙད་དག་གི་གནས་ཚང་ཡིན
ང་རང་མངོན་དུ་མ་གྱུར་བའི་གནའ་བོའི་སྨོན་ལམ་ཡིན
ང་རང་ང་རང་མིན་ཏེ
ང་རང་གཞན་སུ་ཞིག་གི་ཚབ་ཏུའང་མ་སྐྱེས
ས་བོན་ལ་རྨི་ལམ་གྱི་རྟེན་འབྲེལ་འགྲིག
ས་བོན་ལ་ལྗང་མདོག་གི་ཤེས་པས་བྲིད
ཞེ་དྲུག་པ།
དབྱིངས་ཀྱི་རྟ་ཕོ་རྣམས་ཕྱོགས་ཕྱོགས་ལ་བྲོས
ལོ་ཟླ་རིང་མོ་དེབ་ཐེར་སྟོང་བ་ཞིག་གི་ཕྱི་ནང་བཞིན
མི་སེམས་ཀྱི་བདག་པོ་མེད་པའི་ངོས་དག་ན
རླུང་གིས་ཁུར ཆར་གྱིས་བརྡུང
ཁྱོད་ཀྱིས་ང་རང་ཁེར་རྐྱང་དུ་བཞག
ཁྱོད་ཀྱིས་ང་རང་ཁེར་རྐྱང་ཡང་མེད་པར་བཞག
ཁྱོད་ཀྱི་ཕྱི་ནང་གསང་གསུམ་དུ
ངའི་རྨོངས་པ་ཁོ་ནའི་སེམས་བསྐྱེད་ཐ་དག
རྫ་མགོའི་ཤེའུ་ལྡིར་བཞིན་ཀུན་ནས་བཞད
ཁྱོད་ཀྱི་ལྷན་སྐྱེས་ཀྱི་མགྲོན་ཁང་དུ
ཁ་དོག་འདྲ་མིན་བྱུག་པའི་བུམ་པ་དང
གྲལ་དག་པའི་སྐྱེད་ཚལ་ཅིག
ནམ་ཡང་ནོར་བ་མེད་པའི་ཕྱིར་དྲན
ཁམས་དཀར་དམར་གྱི་ལྷིང་འཇགས་ཀྱི་གཡུལ་འགྱེད
རང་དབང་མེད་པའི་རང་དབང་དང
ཉམ་ཐག་གི་ང་རྒྱལ
ཟུངས་ཁྲག་གི་ཕམ་པ་མེད་པའི་ཕམ་ཁ
སྲ་མཁྲེགས་ཀྱི་རླངས་པ
མ་སྦས་པའི་གབ་ཚིག་གི་འཇིག་རྟེན
གསང་བ་དམར་རྗེན་དུ་མངོན་རྗེས་ཀྱི་མཚར་སྣང
ཁྱོད་ཀྱི་མཆུ་སྦྱོར་དང་འཆི་བའི་ཐ་སྙད་དག
དབྱེར་མེད་དུ་བྱུང
ཞེ་བདུན་པ།
རྒྱུ་རྐྱེན་མི་དགོས་པར་བྱུང་བའི་གོ་རིམ་དུ
ང་རང་ད་ལྟ་བ་དང
ཁྱོད་རང་མ་འོངས་པ་ཡིན
ལོ་རྒྱུས་ཀྱི་འཕེལ་རིམ་གཞི་ནས
ཀྱག་ཀྱོག་དང་ཐོལ་བརྒལ་གྱིས་འགྲོ་བས
རྨ་མེད་པའི་སྣོད་དུ་དྲན་ཤེས་ཀྱི་ཁུ་བ
ཚེ་སྲོག་གི་ཕྱོགས་སུ་བཞུར
ལག་ཟུང་འདི་གཟུགས་མེད་ཀྱི་རླུང་འཚུབ་ཡིན
སྐད་ཆ་དག་བཤད་ཟིན་པ་ཡོད་ཚད་ཀྱི
སྙིང་བོའི་སྙིང་བོ་ཡིན
ཡུལ་ལྗོངས་སོ་སོ་ན་བཙུགས་ཤིང་སྐྱེས་བའི
གཟུགས་གྲིབ་ཀྱི་ཡོ་ལང་སྟུག་པོའང
མིག་གི་གཟུང་བྱ་ལས་འགོངས
འོ་ན ང་ཡི་ཁྱོད་དེ
ཁྱོད་རང་ཡིན་ནམ
མྱ་ངན་གྱི་ནང་ན
མྱ་ངན་མེད་པར་གནས
ཞེ་བརྒྱད་པ།
ཉིན་དང་མཚན་གྱི་གོམ་པ་གཉིས དལ་བྲེལ་མེད་པར
ངའི་ཉེ་སར་བཅར་ནས གྲགས་མེད་འགུལ་མེད་ཀྱིས
ཅི་ཞིག་ལ་ངང་སྒུག་བྱེད
རྟ་མཆོག་དཀར་པོ་དང་ནག་པོའི་ཁྱུ་གཉིས
ངའི་འདྲེན་བྱེད་ཀྱི་མཐའ་མཚམས་བརྒལ་ནས
རྒྱང་རིང་གི་སྨུག་རྒྱུ་ལྟ་བུའི་ཕོ་བྲང་ལ་བསྐྱོད
ལྷ་མོ་རྣམས་དུས་ཚོད་ཀྱི་ཆུ་བོར་ཁྲུས་ལ་ཞུགས
ཟླ་འོད་ཀྱི་ཁུ་བ་ཐུགས་ཀ་རེ་རེར་བཀྲམ་ཞིང་
མཚོ་མོ་འཁྲིགས་པ་འདྲ་བའི
དབུགས་ཀྱི་རྔུབ་གཏོང་ཁྲོད
དམིགས་མེད་ཀྱི་འགྲོ་བས
གཏོལ་མེད་ཀྱི་བདེ་སྡུག་བསྐྲུན
ལྷ་མོ་རྣམས་སེམས་ཁོང་དུ
རྒྱང་བཅད་དེ་འོང་
བས་མཐའི་བྲང་ས་ནས་ཁོ་མོའི་གཟུགས་བརྙན་རྡུལ་དུ་ཐོར
འབྱམས་ཀླས་པའི་གནམ་སའི་བར་ནས
ཁོ་མོའི་ཤེས་རབ་དང་འདོད་པ་སྣ་ཚོགས
རྩྭ་སྐྱ་ལྟར
གཉུག་མའི་དོན་ལ་མ་སོང་བས
ལྷ་མོ་རྣམས་ངའི་ཡན་ལག་སོ་སོར
ཁེངས་དྲེགས་དང་གཏུམ་དྲག་གིས་ཞུགས
ཞེ་དགུ་བ།
བདག་པོ་ཡིན་ལ་བྲན་གཡོག་ཀྱང་ཡིན་པས
ང་རང་ནགས་ཀློང་སྟུག་པོའི་བར་གསེང་བརྟོལ་ནས
ཁྱོད་ཀྱི་གསང་བའི་ཡུལ་གྱི་གཞལ་ཡས་ཁང་དུ
ཆོ་འཕྲུལ་སྣ་ཚོགས་ཀྱི་རོལ་རྩེད་ལ་གཡེངས་ཤིང
གཙང་པོ་ཡོད་ཚད་ཀྱི་ཡན་ལག་སྙེགས་ཏེ
ཁྱོད་ཀྱི་རང་གཞན་གཉིས་ཀར་མ་དབང་བའི
དྭངས་གཙང་གི་འབྱུང་ཁུངས་ལ
དབང་བསྒྱུར་གྱི་སྟ་གོན་བྱས
ང་རང་གཤོག་པ་ཐམས་ཅད་ཀྱི་སྟེང་འོག་ན་རྒྱུ་བའི
རླུང་གི་རྨུ་སྐས་ལ་འཛེགས་ནས
ཁྱོད་ཀྱི་དབུས་མཐའ་སོ་སོ་དང
དབུས་མཐའ་གཉིས་མེད་ཀྱི་གྲུ་ག་སོ་སོར
དབེན་འཇགས་ཀྱིས་འཛུལ
ཐ་སྙད་ཀྱིས་བཟོས་པའི་ལམ་འདི་ནས
དུས་བཞིའི་འགྱུར་བ་རང་སར་འཁོར
འཇིག་རྟེན་གྱི་གསང་བ་ཐ་དག
མྱུ་གུ་འབུས་པ་བཞིན
གཞུང་རྟ་དང་འདབ་མ་རྒྱས་པ་བཞིན
མེ་ཏོག་བཞད་པ་བཞིན
འབྲས་བུ་ཐོགས་པ་བཞིན
རླུང་གིས་ས་ལ་གཏོར་བ་བཞིན
གནས་སྣང་ཐམས་ཅད་ཀྱི་ཕྱི་ནང་ཡང
མེ་ལོང་དང་འདྲ་བར
མེ་ལོང་གི་མདུན་ན་འགྲོ་བའི་སེམས་ཅན་རྣམས
རང་གིས་འཕངས་པའི་མདའ་ཡིས་རྨས
འོན་ཀྱང ལམ་འདི་ནས
སུ་ཡིས་རང་ཉིད་ལ་བདེན་ཁ་ཕྱིན་སོང་
སུ་ཡིས་བདེན་པ་དེ་དང་དུ་བླངས་ཡོད
ལྔ་བཅུ་བ།
སྐད་ཅིག་མར
ཁེར་རྐྱང་གིས་འོང་བའི་མི་ཚོགས་དྲག་ཆར་གྱིས་བརྡུང
དྲན་ཤེས་ཀྱི་ཝུ་བ་གཅིག་འཕྲོར་གཅིག་གིས་བྱུང་ལ
ཡང་བསྐྱར་ཕྱོགས་ཕྱོགས་སུ་བཞུར་བའི་ཆུ་ངོས་ནས་ཡལ
ཆུ་ཡི་ཐིགས་པས་ས་གཞི་བརྟོལ་ཐུབ་པས
མཚར་སྣང་སྐྱེས་པའི་སྐྱེ་བོ་དག་གིས
མགོ་བོ་ཕྲག་པ་ནས་བླངས་ཏེ
སྲིན་བྱ་སྐོང་བའི་བྲག་སྐྱིབས་ལ་བཅོལ
འཆི་བ་དང་གསོན་པ་མཉམ་དུ་འཚར་ལོངས་བྱུང
ཕྱི་མིག་ཙམ་གྱི་དུས་ཡུན་ཐུང་ངུ་ཡང
ཚལ་བ་ཚལ་ཕྱེད་དུ་བཏང་འདུག
ང་ལ་ཡོད་པ་ཁྱོད་དང
ཁྱོད་ལ་ཐོབ་པ་ངའོ་སྙམ་བཞིན
ངས་སྐྱེ་འཆི་ཡི་དཀར་ནག་འདྲེས་བའི་ཐག་པ་སླས
སེམས་ཀྱི་རི་རབ་རྒས་ཤིང་འཁོགས
གཞི་བདག་གི་ཟུར་མིག་རབ་རིབ་ཏུ་སྣང་
ཆུ་ཡི་དྭངས་པས་བཟུང་བའི་གཟུགས་བརྙན་དང
གསེར་ཀྱི་འོད་ལ་སྦས་པའི་སྡུག་ཉེས
རུལ་སུང་གི་རྣ་བ་གཡས་གཡོན
བརྡ་མ་བབས་པའི་ཞལ་ལྕེ
གློ་བུར་གློ་བུར་དུ་འཁྱུག་པའི་གློག་དམར་གྱིས
མུན་ནག་སྟུག་པོའི་ཁོག་པ་ནས
ས་གཞི་ཡི་མགོ་བོ་འཚོལ
ང་གཅིག་པ།
རྒྱུས་མེད་ཀྱི་མི་རྣམས་རྒྱུས་ཡོད་ཀྱི་སར་འབྱོར
སྟོང་བསམ་ཀྱི་བང་རིམ་དུ
འདོད་པའི་ལྷ་ཚོགས
སྒྲིབ་པ་མེད་པར་བྱོན
བརྩེ་དུང་གི་རོལ་དབྱངས
རི་ཀླུང་དང་མཚོ་ཁུག་ནས་གྲགས་འོང
འཇའ་གུར་གྱི་ལོགས་ཤིག་ནས
ཐ་སྙད་ཀྱི་མདའ་མོས་ཕས་རྒོལ་ལ་སྒུག
ངའི་མངའ་ཐང་དུ་མཚན་མོའི་ཀེང་རུས་སྤུངས
ངའི་རྨི་ལམ་དུ་གནའ་མི་ཞིག་གི་ལེགས་བཤད་དང
དུས་རབས་དེའི་སྐྱི་གཡའ་བའི
དམག་འཁྲུག་རྨིས
སྒྱོགས་མདེལ་ལྗིད་ཏིག་གེར་ལམ་ལ་ཆས
རྣོ་ལྕགས་ཀྱི་དྲ་བས་འགྲོ་འདུག་གི་གོ་སྐབས་འཕྲོག
དུ་བ་དང་བརླན་གཤེར་གྱི་མེ་ཡིས་ཉིན་མཚན་གྱི་ཚབ་བྱས
དེ་ནས་དེ་རྣམས་ཡལ་བར་གྱུར
དམུ་རྒོད་ཀྱི་བང་ཁ་གང་ལ་བསྐོར
འདབ་ཆགས་ཀྱི་ཚོགས་མྱགས་འདམ་གྱི་རྫིང་བུར་བབས
བྱམས་སེམས་ཀྱི་གླེང་མོལ་སྟོན་ལོ་བཞིན་ཐོར
འདུ་བ་ལས་བྲལ་བ་མང
མཐུན་པ་ལས་འགལ་བ་ཆེ
ངས་ཁྱོད་རང་ས་སྟེང་ན་རྒྱུ་བ་མི་ཚོར
རྨོངས་པ་འཕྱུར་དུས་ཤེས་རབ་དག་ཀྱང་མགོ་བོ་འཁོར
རོལ་རྩེད་ཀྱི་མཐའ་མར་མི་གཤིས་གཞི་ནས་ཐོར
དར་བ་བརྒྱ་དང་ནུབ་པ་སྟོང
ཤི་གསོན་གྱིས་བཙུགས་པའི་རྒྱན་ལ
མངོན་པ་གཅིག་ལས་ཡོད་ཚད་ལྐོག་ཏུ་ཡིབ
ང་གཉིས་པ།
སེམས་ཀྱི་ཤེས་པའི་མཐའ་དེ་གང་ལ་གཏུགས
མིག་གིས་མཐོང་བ་རྣ་བས་མི་ཐོས
རྐང་བས་གཞལ་བ་ལག་པས་མི་ཚོར
དྲན་པའི་རི་མོ་ཐ་སྙད་ལ་མི་ཤོངས
མུན་པ་ཁོ་ན་སྒོ་ངའི་ནང་རོལ་ནས་འཕྱུར་འོངས
འཆི་པའི་འཁོར་ཡུག་ན
དུས་ཀྱི་གོམ་པ་་སྲ་མཁྲེགས་སུ་གྱུར
ང་ནི་བཀག་སྡོམ་གྱི་རང་དབང་དེ་ཡིན
ང་ནི་ཕ་བོང་གི་རྨི་ལམ་དེ་ཡིན
ང་ནི་རྨི་ལམ་གྱི་རྨ་ཁར་ཉལ་བའི་ན་ཟུག་དེ་ཡིན
རྨི་ལམ་ལས་གྲངས་ཅན་པ་ཚོས
ང་དང་ཁྱོད་ཀྱི་བར་ཐག་བགྲང་སྟེ
ཆུ་བོ་གཅིག་ལ་ངོ་གདོང་ག་ཚོད་སྣང་
རྒྱལ་སྲས་གཅིག་ལ་ལས་དབང་ག་ཚོད་ཡོད
མོ་མཚན་ཅི་ཙམ་གྱིས་སྐྱེ་བོ་ཞིག་གི་ལུས་ཡོངས་བཀང་ནུས
མདའ་མོ་དུ་ཡིས་འདོད་པ་ཐམས་ཅད་ཞི་བར་བྱེད
ས་རྡུལ་གྱི་གྲངས་དང་མཉམ་པའི་དྲན་པ་ཡིས
ང་རང་ཁྱོད་དང་འདྲེས་ཤིང
སྐད་ཅིག་མའི་ཤེས་པ་ཡོད་ཚད་ཀྱིས
ང་རང་ཁྱོད་ཀྱི་བདག་ཉིད་ལ་ཟིམ་ནས་སོང
ང་གསུམ་པ།
ཁྲོན་པ་དག་གཏིང་ཟབ་ལ་འདོད་རྒྱལ་གྱིས་བྱུང
ཆེད་དུ་མངོན་པའི་མིག་གོང་གཅིག་པུ་དེས
མིག་ཟུང་གིས་མ་ཟིན་པའི་ཡུལ་གྲུ་རྣམས
ག་ལེར་གཟིགས
མཚན་མ་རེ་རེ་སྲིན་བུ་མེ་འཁྱེར་ལྟར
མུན་པའི་བྲག་ངོས་གཟར་བོ་ན་ལམ་ལམ་འཚེར
འུ་ཐུག་པའི་འོ་དོད་ཡང་གང་ཞིག་ནས
འཆི་གསོན་གྱི་ཁྲེས་པོ་ཁུར་ནས་ནུར་གྱིན་འོང
མེ་ཏོག་གི་མཛེས་པ་ཁ་དོག་གིས་བསྲེགས
རླབས་ཆེན་གྱི་བསམ་བློ་རླབས་ཆེན་ཡིན་པས་ཡལ
སྤྲང་བོ་རྣམས་སྔར་བཞིན་ལྷུང་བཟེད་ལ་བརྟེན
ཆུ་ཁར་གཡེང་བའི་ལྷུང་བཟེད་ཆུ་ཡི་རླབས་ཀྱིས་འཁྱེར
དུས་ཀྱི་འཁོར་ལོ་དུས་དང་ཁ་ཁར་གྱེས
ཁ་ལོ་བ་དག་གནས་སྣང་གར་ཡང་མ་མཆིས
མི་རྣམས་མར་ཁུ་ལྟར་འཁྱིལ་ཞིང
མེ་ལྕེ་འདྲ་བར་རབ་རིབ་ཀྱིས་ཡ་ཡོས་མངོན་བྱུང
གཉུག་མའི་སེམས་ཀྱི་ངོས་ན་བརྩེ་དུང་གི་རི་མོ
འོད་ཀྱི་དྲ་བར་སྦྲེལ
ང་བཞི་བ།
ལམ་ལ་ཞུགས་པ་ནས
ལམ་ལ་མགོ་རྔ་མེད་ལ
འགྲུལ་བཞུད་ལ་མཇུག་རྫོགས་རྒྱུ་མེད་པས་སྐྱོ་སོང་
ཆུ་བོ་རྣམས་གནམ་སའི་བར་ནས
འགྱུར་བ་སྣ་ཚོགས་ཀྱིས་འཁོར་ཞིང
དུས་བཞིའི་ཁ་དོག་ཡང
སྐྱེ་ཞིང་འཇིག་པའི་རྩྭ་རྩི་ལ་མི་དབང
སྙིགས་དུས་ཡིན་ཤས་ཆེ་སྟེ
མི་རྣམས་རང་ཉིད་ཀྱི་གནས་མལ་ནས
རང་ཉིད་ཀྱི་གཏིང་ཞབས་མེད་པའི་གཡང་ལ་འཁོར
རྨོངས་པའི་འོད་ཀྱི་ཞིང་ན
མ་རྨོངས་པའི་བྱ་ཚོགས་ལྡིང་སྐོར་རྒྱག
ཁེར་རྐྱང་གིས་མནར་བའི་རྣོ་ལྕགས་ཀྱི་མཆུ་ཏོས
ཕྱི་ནང་མེད་བའི་རྣམ་ཤེས་ཀྱི་རྒྱུན་དེ་འཆའ
ཚེ་སྲོག་གི་རི་མོ་མིག་ཆུ་དང་ཁུ་བས་དག
བདེ་སྡུག་ལ་དུས་ཀྱི་སྔ་ཕྱི་མེད་པར
ཆུ་ཆེན་གྱི་ངོགས་ན་ཟོ་ཆེན་གྱི་འཁོར་ལོར་འཁོར
མི་རྣམས་རང་ཉིད་ཀྱི་མིག་གོང་ནས
གནས་ལུགས་ཀྱི་གཡང་ལ་བསྐྱོད
ང་ལྔ་བ།
རྨི་ལམ་གྱིས་བསླུས་པའི་ཚེ་སྲོག་རྒུད་སླའམ
རང་ཉིད་རྨིས་པའི་རྩིག་ལྡེབས་དེ་དག་ལ
རྨ་ཁ་མཚར་པོ་འགའ་རེ་ས་བོན་ལྟར་འདྲེས་ཤིང་
གྲངས་ལས་འདས་པའི་ན་ཟུག་གི་འདབ་མ
རང་བཞིན་མེད་པར་ཤུགས་ཀྱིས་འཕྱུར
འདབ་མའི་ཚོགས་མིག་གོང་བཞིན་གཏད་པ་མེད་ཅིང་
མིག་གོང་གི་སྐར་ཆེན་དང་སྐར་མདའི་བར་སྣང་དུ
སྨག་རུམ་གྱི་རྩ་བ་སྟུག་ཏུ་ཕྱིན
དྲི་ཟ་ཕོ་མོ་ཐ་སྙད་ཀྱི་བཙོན་དུ་མནར
སྲིན་བྱའི་སྒྲོ་གཤོག་ཐལ་རྡུལ་འཚུབ་བཞིན་བབས
ཡུལ་ལྗོངས་ཀྱི་ཡལ་ག་མང་པོར
མུན་ནག་གི་ལྗིད་ཤུགས་ཐེབས་ཤིང་
རྡོ་ཆག་སྤུངས་འདྲའི་དྲན་པ་རུ
བྱས་དང་མ་བྱས་པའི་ལས་རྣམས
སོ་སོར་གྱེས་ཤིང་ཡང་བསྐྱར་གཞི་གཅིག་ཏུ་འདྲེས
ཟླ་བ་གཟའ་ཡིས་བཤོས་པས
ཀུ་ཅོ་དང་དམོད་པ་བོར་བྱུང་
ས་གཞི་རླུང་གིས་སྤྱད་པར་འབྲས་བུ་དང
འབྲས་བུའི་མེ་ཏོག་ལ་འབྲས་བུ་གཞན་ཞིག་ཆགས
བུ་ཆུང་མ་ལ་ཆགས་ཤིང
སྐྱེ་བ་འཆི་བར་ཆགས
རྨི་ལམ་གྱི་ཞིང་སར
དུས་ཚོད་རང་གནས་སུ་འཐོར་འདུག
ང་དྲུག་པ།
ནམ་མཁའ་ལ་ཁ་དོག་དག
མིག་ལོང་བའི་བྱ་རྣམས་གླུ་སྐད་ཀྱིས་ཁྲིད
སྨུག་པ་ལང་ལོང་གཡོ་བའི་ཁྲོད
དངོས་པོ་རྣམས་འགྱུར་བ་མྱུར
ལྟ་བ་ཤིན་ཏུ་མོད
བརྩེ་དུང་ལ་བུ་ལོན་མེད དམིགས་པའང་མེད
མིའི་ཕྲག་རྒྱབ་ན་རང་ཉིད་ལྟ་བུའི་རོ་ཁུར་ཞིང
རང་ཉིད་ཀྱི་གཏམ་རྒྱུད་ལ་ཤིན་ཏུ་མྱོས
ཆུ་ལ་མགོ་ཁུངས་མེད
རྡོ་ལ་ཁ་ཕྱོགས་དང་སྙིང་བོ་མེད
མེ་ཏོག་ལ་དུས་ཚིགས་མེད
སྐྱེ་བ་ལ་སྔ་ཕྱི་མེད
རང་མལ་དུ་སྒོམ་པའི་བསམ་བློར་བསམ་བློ་མེད
ལྷ་རྣམས་གློག་ཞགས་དང་མཉམ་དུ་ཡལ
ངོ་གདོང་གི་བདེན་རྫུན
མེ་ལོང་གི་ཕྱི་ནང་གཉིས་སུ་གྱུར
ལྷ་མོའང་སྟོང་བས་བཤོས་པས
ཐ་སྙད་གཅིག་པུ མུ་མཐའ་མེད་པའི
སྐྱོ་གདུང་གི་སྙེ་མ་ཁུར་བའི་ཞིང་ཁར་ལུས
ང་བདུན་པ།
རྒྱལ་ཁ་ནི་རལ་གྲི་ངོ་གཉིས་མ་ཞིག་སྟེ
ཤོར་ཟིན་པའི་རིན་ཐང་ཡོད་ཚད་དང
ཐོབ་ཡོད་པའི་མངའ་ཐང་ཡོད་ཚད
ཅི་ལྟར་ཅི་ཡིས་འཇལ
ཆུ་བོ་རྣམས་རྨ་ཁ་མྱུལ་ནས་བཞུར་ཞིང་
ས་ཡི་བུ་གར་ཚེ་སྲོག་གི་ཐ་སྙད་འབུས
གང་ཞིག་གང་ནས་འབྱུང་བའི་ས་དེ་ལ
དེ་རང་ཡང་བསྐྱར་ལྡོག་པར་འགྲོ
ལྷ་མོ་རྣམས་རི་རབ་ཀྱི་མངལ་དུ་ཞུགས
སྙན་ངག་ཐ་སྙད་ཀྱི་པང་ལ་ལོག
བརྩེ་དུང་རྩེ་གཅིག་གི་ལམ་དུ་སོང
མིག་འོད་ཕྱིར་མིག་གོང་དུ་འཁོར
ལུས་པོ་ལུས་པོའི་འགུལ་བསྐྱོད་དུ་ཞུགས
སྐད་ཆ་དག་མཆུ་སྒྲོས་སོ་སོར་ཐིམ
ལྕེའི་མེ་ལྕེ་དང་ལྕེའི་གཤེར་ཁུ་འཕྲད་པས
ཟུངས་ཁྲག་གི་སྦུབས་ལམ་ནས
མཚོ་ཆེན་ངང་གིས་འཕྱུར
ཚེ་སྲོག་གི་ཡལ་ག་རྣམས་འོད་ཀྱིས་འཚེར
ང་རང་ལམ་གྱི་སྣེ་གཉིས་ནས་ཆས་ཤིང
ཡང་བསྐྱར་ལམ་གྱི་སྣེ་དག་ལ་སོན
སྒྲོ་གཤོག་ལེབ་མོ་མུན་པའི་འོབས་ནས་འཕུར
ཁྱེའུ་དཀར་པོ་ངུ་སྐད་སིང་སིང་གིས་འོང་ཏེ
རང་ཉིད་ལ་བཙུགས་པའི་ཐེམ་སྐས་དང
རང་ཉིད་ལ་ངེས་པའི་ཁ་ཕྱོགས་སྙེགས
ང་བརྒྱད་པ།
དྲན་ཤེས་རྡུལ་གྱིས་མནན
བེམ་རོ་དག་ས་སྟེང་ནས་རླུང་ལྟར་ཡལ
དགུན་རླུང་དྲག་ཏུ་གཡོས་ཏེ
དབུལ་ཕོངས་ཀྱི་ལུང་ཁུག་ལ་གསང་གཏམ་སྒྲོག
རི་དྭགས་ཀྱི་ཁྱུ་རྣམས་ཤུལ་རྗེས་མེད་པར
བདེ་སྡུག་གིས་བཏང་བའི་བྱང་ཐང་སྙེགས
ས་གཞི་ལ་རབ་ཏུ་བཏགས་པའི་མིག་དང་རྣ་བའང
བུ་ལོན་གྱི་བདག་པོ་གཞན་གྱིས་བརྒྱབ་སོང
ཏི་སེའི་མགོ་བོར་བསམ་མནོ་ཞིག་གི་རྨས་ཕོག
དབྱིངས་ཀྱི་སྐུ་མཁར་འོད་ཟེར་འཕྲོ་བའི་རྒྱུ་ལ་བརྟེན
ལྐོག་གཡོའི་གོ་རིམ་ད་དུང་ནོར་འདུག་སྟེ
ལག་དམར་གྱི་རྣོ་གྲིས་རྨི་ལམ་གྱི་པགས་སྐྱི་བཤུ
སྐད་ཅོར་རྒྱག་པའི་སྦྲ་ནག
བསྐལ་བ་གཉིས་ཀྱི་བར་མཚམས་ན
ཐེ་ཚོམ་གྱི་རྟོག་པ་མེད་པར་ལུས
ཆུ་བོ་ཐུར་ལ་འབབ་ཡང་ཉ་མོ་གྱེན་ལ་རྐྱལ
ཁམ་བུ་ས་ལ་ལྷུང་ཡང་མྱུ་གུ་སྟེང་ལ་འཁོར
དངོས་པོ་རྣམས་བདག་ལ་བལྟ
རྟེན་འབྱུང་གི་རྨི་ལྟས་དམིགས་པས་བཅོམ
མར་མེའི་འོད་ལ་སྐྱེས་ཆེན་གྱི་གདུང་བ་འཕྲོ
མཚན་གྱི་ཕ་མཐར་ཁ་བས་གངས་ཀྱི་མགོ་འཕང་བསྟོད
ཁ་བའི་རྒྱབ་ན་ཁ་བའི་གྲིབ་མ་འབབ
ང་དགུ་བ།
མཛེས་པ་འཚོལ་བའི་ལམ་བུ་དོག་ལ་ཀྱག་ཀྱོག་ཆེ
གཉིད་ལམ་དུ་བྱིངས་པའི་གླང་ཆེན་དག
བཤམས་སྟོན་ཁང་ན་མི་ཚོའི་གཟིགས་མོར་ཕུལ
བློ་ཡི་རྟོག་པར་གོམས་པའི་མི་རབས་ཤིག
དུས་ཚིགས་བཞི་བོའི་ཕྱི་རོལ་ནས
སྡུག་གི་ནུ་ཞོ་འཐུང་ཞིང་མུན་པའི་འཕྲེང་ལམ་སྙེགས
རླུང་གི་གཤོག་པ་ཆད་པའི་འཁོར་ཡུག་ན
གྱང་གོག་གི་གྲིབ་མ་རལ་བོས
ཁྱོད་ཀྱི་མིག་མཐའ་བསྐོར་ནས་ཡོད
ང་ཚོ་ནི་འབྱུང་བ་ཅི་རིགས་ཀྱིས་གྲུབ་ཞིང་
མཐའ་མཇུག་གི་གསང་བར་འདུས་ཏེ
ཚེ་སྲོག་འཛད་པའི་སྐབས་དག་ལ
ཤ་ཁྲག་རུས་པའི་རྟེན་འབྲེལ་རང་སར་ཐོར་བར་ངེས
སྒོ་མོ་ཞིག་ཨ་ཐང་ཆད་པའི་ལམ་འགྲོ་ལ་ཕྱེས་ཤིང་
ནང་ན་བདག་པོ་མེད་པའི་བསམ་བློ་དང་
དེའི་ཁེར་རྐྱང་གི་གདུང་བ་སེལ་ཆེད་ཕྱེསཔ་འདྲ
སྒོ་མོ་ནི་ཀུ་ཅོ་ཆེ་བའི་གྲོང་ནས་ཕྱི་རུ་འཁྱམས
ལྡོང་ཞིང་ལྐུགས་པའི་ཉི་མ་འོད་ཀྱིས་ཁྲིད
དུས་ཀྱི་གཡང་གཞིར་ད་དུང་ཁྲག་དམར་འཛར
སྟོན་ལ་སྨིན་པའི་འབྲས་བུའི་མིག་གོང་དུ
བད་ཀྱི་གདུང་བ་གོང་བུར་ཆགས
དྲུག་ཅུ་བ།
ཁ་ཆར་དང་བུ་ཡུག་གི་ཉིན་མཚན
ཀྱག་ཀྱོག་གི་རྐང་ལམ་དང་དུས་ཀྱི་གོམ་པ་ལས་མྱུར་བའི
འཚོལ་སྙེགས་ཀྱི་སེམས་ཤུགས
རེ་ལྟོས་དང་ཕམ་ཉེས
འདུ་འཛི་ལས་བྱུང་བའི་ཁེར་རྐྱང་གི་གཟུགས་པོ
རྒྱལ་རབས་ཀྱིས་གང་བའི་སེམས་ཀྱི་སྙིམ་པ
འབྱོར་ཕྱུག་གི་ལམ་ལ་གཡེང་བའི་དབུལ་ཕོངས་ཀྱི་ལག་ཟུང་
སྟོང་བའི་རླུང་གི་འཁོར་ལོར་རིམ་གྱིས་བཅིངས
རྒྱང་འབོད་ཅིག་ཕྲག་པ་ནས་རྒྱབ་ལ་ཕྱོགས
འཁོར་ལོ་དང་འོད་ཀྱི་རྩིབས་མ་མང་པོ
ཉི་ཟླའི་སྣང་བ་དང་ལྷན་དུ་ཁྱིམ་གཞིས་ཀྱི་ཕྱི་རོལ་ལ
ཐོགས་རེག་མེད་པར་མངོན
བགྲེས་པོ་ཞིག་རང་ཉིད་ཀྱི་མལ་ཤག་ཏུ་འབྱོར
ལྷ་མོའི་ལྗང་ལོ་མིག་གི་དབང་བོར་དཔྱངས
དུས་ཀྱི་ཆུ་བོ་དོན་མེད་དུ་འབབ
རྨི་ལམ་གྱི་བྲག་ཕུག་ཕ་བོང་གིས་བཅད
འོད་ཟེར་འཕྲོ་བའི་མི་རྣམས་ལམ་ལ་ཞུགས
ས་གཞི་ཟླུམ་པོ་ཀླད་གོར་ཞིག་དང་འདྲ་བར
ཤུལ་ཏུ་ལུས
རྩོམ་ཁུངས། ངེད་དྲ་བ།