མར་བཟའ་བློ་སྒྲོལ་གྱི་སྙན་ངག་གཅེས་བསྒྲིགས།
སུས་ཀྱང་ངོ་མི་ཤེས་པའི་ང་།
སྣང་བའི་འཇིག་རྟེན་ཞིག
ལས་ཀྱི་ལམ་ཁ་ཞིག
མི་ཚོགས་དང་མི་སེམས་ནས་ཤི
ཡ་ཁོག་ན་ཞོ་ལྟར་ཆགས་པའི་ཡི་གེའི་ཚོགས
དོན་ལྔ་སྣོད་དྲུག་ནས་འཚང
ལུས་ངག་ཡིད་གསུམ་ནས་འདར
ལན་རེར་ཆེ་ལ
ལན་རེར་ཆུང་བའི་འཇིག་རྟེན་ཞིག
འདབ་རྫབ་དང་སྐྱག་ཆུ་རུ་ལྷུང
ནམ་མཁའ་དང་རྨི་ལམ་དུ་འཕུར
སྐྲ་ལོ་གསིག་ཅིང
ལག་ཟུང་བརྐྱངས་ནས
སྣང་བ་རི་ལ་ཤོར
༢༠༡༤.༣.༡༢ཉིན་གུ་གྲགས་ནས།
སེམས་འགྱུ།
སེམས་པ་སྐྱ་མོ་ས་ཡིན།།
དུངས་པ་སྨུག་པོ་རླུང་ཡིན།།
རེ་སྒུག་ལོ་ཟླ་ཆུ་ཡིན།།
འཇིག་རྟེན་སྣང་བ་མེ་ཡིན།།
འབྱུང་བཞིའི་འཕྲོད་སྦྱོར་བར་ནས།།
དུས་ཀྱི་ལོ་མར་སྒུག་ཡོད།།
ཁ་ནས་བརྗོད་པ་མིང་ཡིན།།
དོན་ལ་བསམ་པ་མི་ཡིན།།
སྙིང་ནས་འབྲི་བ་ཁྱོད་ཡིན།།
བྲིས་དང་མ་བྲིས་བར་ནས།།
ཁྱོད་རང་ཁྱོད་དུ་མ་གྲུབ།།
འཇིག་རྟེན་སྣང་བར་གྲུབ་སོང་།།
གཞོན་པའི་ལང་ཚོ་འཇའ་ཡིན།།
སྙིང་གཏམ་བསིལ་མོ་ཆར་ཡིན།།
སེམས་ཆང་ཆར་བ་མང་རུང་།།
འཇའ་ཚོན་འཐེན་ས་ཉུང་བས།།
རྟེན་དང་མ་རྟེན་བར་ནས།།
གཞོན་པ་ལས་ལ་བཅོལ་ཡོད།།
སྣང་བའི་གྲུ་ཆུང་ནང་ལ།།
ཁྱོད་རང་སྡོད་དགོས་མི་འདུག།
ལོ་ཟླས་བསེད་པའི་སྐྲ་ལོ།།
ཡུན་ནས་ཡུན་དུ་དཔྱངས་འདོད།།
དུས་ཀྱི་འཕོ་འགྱུར་བར་ནས།།
ཁྱོད་རང་དད་པར་གྲུབ་སོང་།།
༢༠༡༤.༡.༡ཉིན་གུ་གྲགས་ནས།
ན་ཆུང་།
ལུས་ཀྱིས་མ་ཟིན་པ་མཐའ་དག
རྨི་ལམ་ཞིག་དང་རེ་བ་ཞིག་ཏུ་གྲུབ་ཅིང
ཞེན་ཆགས་དམར་པོ་ཞིག་གིས
འཇིག་རྟེན་གཞན་པ་ཞིག་ལ་དབུ་ཁྱུད་བྲིས
རི་ཆུ་སྨྲེང་བའི་བྲག་ཅ་ཞིག
ལོ་མ་སེར་པོ་ཞིག་གི་རྣམ་ཤེས་ལ་འཐིམ
བྲག་རིར་ཞེ་ཐོགས་པའི་རྒོད་པོ་ཞིག
ན་ཆུང་ཞིག་གི་རྨི་ལམ་དུ་བབས
རྒོད་པོའི་གཤོག་འགྱུར
ན་ཆུང་གི་ཞེན་ཆགས་ཡིན
རྨི་ལམ་རབ་རིབ
ན་ཆུང་གི་སྨྲེངས་སེམས་ཐར་ཐོར
རི་ཆུ
ན་ཆུང་གི་སྣང་བ་ཡིན
༢༠༡༤.༡.༡༠ཉིན་ཕ་ཡུལ་ནས།
ལ་གཞས་ཀྱི་ཚིག་ཅིག་བྲིས་ཡོད།
གནས་སྐྱ་ཡུལ་གཡང་གི་ར་བ།།
འབྲོག་ཕྱུགས་ལས་ཡར་དར་མཚོ་མོ།།
ཕྱི་དོན་མེད་རིག་ན་འཁྲེང་ས།།
ངའི་དྲན་པའི་སྒོ་མོ་ཕྱེ་ས།།
སྡེ་ཀན་ཚང་མ་རིག་དུང་གི།
མི་ཀན་ཚོ་མ་ཤེས་དགའ་གི།
ངའི་རྣམ་ཤེས་སྨུག་པ་འདྲ་བོ།།
སྡེ་འདི་ལ་ཆགས་ནས་ལོ་བཞི།།
འདི་ལོ་བཞི་བཤད་ན་ཚར་རུང་།།
ངའི་དྲན་གདུང་རླུང་ནག་འཚུབ་མ།།
མཚམས་ཆད་རྒྱུ་མེད་པར་ལྡང་གི།
སྡེ་སྐྱ་ཡུལ་ཁོག་པའི་ནང་གི།
ཕོ་ཡར་སྐྱེས་འཇམ་དབྱངས་དཔལ་ལྡན།།
སྡེ་རི་ཆེན་དཀྱིལ་གྱི་མི་ཆེན།།
མ་མར་བཟའི་སེམས་པའི་བདག་པོ།།
སྨན་ན་ཆུང་འཁྲེང་སའི་སྟག་ཤར།།
ཚེ་འདི་ཕྱི་གཉིས་ཀྱི་འདང་ཆེན།།
ཁྱོད་མི་རྐྱང་སྐྱ་མི་ཡིན་ན།།
ལས་མེད་རུང་ལམ་ལ་འབུད་འདོད།།
རང་མིན་ད་ང་རང་དགའ་ནི།།
ཁྱོད་ཆ་འགྲིག་བཟའ་ཁ་འདུས་ན།།
ལས་ཡོད་རུང་ཨམ་གཙིགས་ངས་བསྡམས།།
རང་མིན་ད་རོགས་ལོ་བསམ་ནི།།
ངའི་སྙིང་གི་རྩིས་ཆེན་དགའ་ལོ།།
དུས་དེང་སང་བདེ་མོ་ཨེ་ཡིན།།
ཁྱོའི་ཕྱོགས་ན་ཐོབ་བྱ་མེད་རུང་།།
ངའི་ཡ་ཁོག་བྲང་གི་གཞུང་ན།།
ལུས་དབང་ཆེན་དམར་ཆུང་སེམས་པས།།
ཁྱོད་མིན་པ་མི་དགོས་ཟེར་གི།
ངའི་ཁྲ་ཆུང་མིག་གི་རྒྱལ་མོས།།
ཁྱོད་མིན་པར་མི་བལྟ་ཟེར་གི།
ཁྱོའི་ལས་དང་བྱ་བ་ངས་ཤེས།།
དོན་མེད་པར་བར་ཆད་བྱེད་འདང་།།
ངར་ཆེ་ཡོད་སེམས་པའི་དཀྱིལ་ཡིན།།
ཁྱོད་བསམ་པའི་ལོ་རབས་བཤད་ན།།
འདང་མ་རྒྱབ་ས་ཞིག་ཆེ་ཡོད།།
ཁྱོའི་ལུས་ཀྱི་བུ་ལ་འདང་རྒྱབ།།
ཁྱོའི་ཁྱིམ་གྱི་ཆུང་མར་འདང་རྒྱབ།།
ཁྱོའི་མ་འོངས་འཚོ་བར་འདང་རྒྱབ།།
འདང་རྒྱབ་པའི་བསམ་ཚུལ་ཞིག་ལ།།
ང་དོན་མེད་འཚང་ས་མ་རེད།།
ང་ནུས་མེད་འཁྲེང་ས་མ་རེད།།
ང་རེ་མེད་ཆགས་ས་མ་རེད།།
སྡུག་ཨ་ཐང་ཆད་ནས་བུད་འགྲོ།
སེམས་དམར་ཆུང་བཟི་ནས་བུད་འགྲོ།
མིག་ཁྲ་ཆུང་བསྒྲིབས་ནས་བུད་འགྲོ།
དུས་དེ་རིང་ཚུན་ནས་མི་གླེང་།།
དུས་དེ་རིང་འདི་ནས་མཚམས་འཇོག།
ངའི་ནང་སེམས་མར་ཁུའི་མཚོ་མོ།།
སྒྲོན་འཇོག་པའི་སྡུག་བསྔལ་མེད་མོད།།
ངའི་ཚོར་ཤེས་ཚེར་མའི་སྡོང་བོ།།
ཤའི་གསེང་ལ་ཟུག་པ་གཟེར་རུང་།།
ངས་གདམ་ང་འདི་ལྟར་བྱེད་པ།།
ངས་དངོས་ཡོད་དང་བླངས་བྱས་ཡོད།།
ཁྱོའི་བསམ་དོན་ལྷུན་གྱིས་འགྲུབ་ཅིང་།།
ལུས་བར་ཆད་མེད་པའི་སྨོན་ལམ།།
སེམས་ལོངས་སྤྱོད་འཕེལ་བའི་སྨོན་ལམ།།
ངའི་སྐྱ་མི་གཏན་དུ་བདེ་མོ།།
༢༠༡༣.༡༢.༦ཉིན་གུ་གྲགས་ནས།
མར་བཟའི་ཞུ་ཡིག
ཚིག་འབྲུ་མེད་སའི་དབྱངས་རྟ་ཞིག་ངུར་འཐེན་བྱེད་བཞིན
གནམ་སྔོན་པོའི་ཁ་ཞེང་འདོམ་གྱིས་འཇལ་ཞིང
ཁྲག་རྩའི་སྦུབས་ན་འཚེར་བའི་རེ་བའི་འོད་ཐིག་དེ
ང་དང་འདྲ་བའི་ཉམ་ཆུང་གི་སྐར་མ་དག་གི་ཁ་དོག་ལ་བྱུགས
བལྟ་མི་འདོད་པ་མང་པོ་ཞིག་ལ་བལྟས་ཤིང
ཉན་མི་འདོད་པ་མང་པོ་ཞིག་ལ་ཉན་ནས
བླུན་རྨོངས་ཀྱི་ཁ་སང་ལ་ལེ་འདེད་བྱས
ཁ་བ་བབས་སོང
གྲང་རླུང་ལྡང་བྱུང
བདག་གིས་ནམ་ཟླ་དགུན་ཁ་རུམ་ནས
ལམ་ལམ་འཚེར་བའི་སྐར་མ་དག་སྒོམ་ཞིང
མི་ཡུལ་གྱི་བྲོ་བ་མྱངས་ནས་ཡོད
ལས་དབང་གི་ལུང་པ་ཞིག་ནས
ལས་དབང་གི་ལམ་ཁ་ཞིག་བརྒྱུད་དུས
ངས་ལག་རྙོབ་དང་རེ་བ་བཅོལ་སའི་སྐར་མའི་ཁྱུ
ད་དུང་བདག་གི་བྱེའུ་ཕྲུག་ཚོ
ངའི་སང་ཉིན་ཡིན་པ་ཚོར
སྙིང་ཉེ་ལགས
ཁ་བ་དེ་མིག་མདུན་གྱི་ས་གཞི་འདིར་མ་ཕབ་རོགས
བདག་གི་བྱེའུ་ཕྲུག་ཚོའི་རྒུམ་བུ་གནན་སོང་ན
ང་ཚོ་ལ་སང་ཉིན་མེད
༢༠༡༣.༡༢.༢༣ཉིན་གུ་གྲགས་ནས།
རྣམ་ཤེས་ཀྱི་དིང་གླིང་།
རྣམ་ཤེས་སྐྱ་བོ་ཞིག་གིས
དབྱངས་རྟ་ལྗང་ཁུ་ཞིག་གྱེར་ནས
རི་མཐོ་དང་གཡང་གཟར་ན་འཁྱམ་ནས་ཡོད
ལས་དབང་ནག་པོ་ཞིག་གིས
རེ་བ་དམར་པོ་ཞིག་སྒོམ་ནས
མི་ཚོགས་དང་མི་སེམས་ལ་འཛུལ་ནས་ཡོད
ལྷ་ཚོགས་ཀྱིས་བྲན་དུ་སྒྱུར་བའི་ངའི་རྣམ་ཤེས
འགྲན་རྩོད་དང་འགལ་འདུ་མེད་པར
ཐང་ཡངས་ས་ཞིག་ནས
དབུགས་དྭངས་ས་ཞིག་ནས
སོས་དལ་བག་ཕེབས་ཀྱིས་འཚོ་འདོད་ཨང
ངས་དག་ཞིང་དུ་རློམ་པའི་རྩྭ་ཐང་ན
ངས་བདག་ཏུ་བཟུང་ཆོག་པའི་རྩེད་ར་ཡོད་ན
ང་རང་རྩྭ་ཐང་དང་རྩེད་ར་ལ་འཇུས་ནས
རྣམ་ཤེས་ཀྱི་གདངས་དབྱངས་སྙན་མོ་ཞིག
མི་ཚོགས་དང་མི་སེམས་ལ་དཀྲོལ་ངེས
བསྐལ་བ་ནས་བསྐལ་བར
༢༠༡༣.༡༠.༡༥ཉིན་གུ་གྲགས་ནས།
ཡོད་ཚད་ཤོར་སོང་བའི་ཚོར་སྣང་ཞིག
མིག་གིས་གཟུགས་གཅིག་ཁོ་ན་ལས་མི་ཟིན་ལ
སེམས་པའི་རྩར་སྐྱོ་གདུང་གིས་ཙག་ཤད་རྒྱག་དུས
བུད་མེད་ཅིག་གི་རྣམ་ཤེས
རི་དང་གཙང་པོར་འཐིམ་ན་བསམ
ཞེ་སྨྲེངས་དྲགས་པའི་སྐྱོ་བ་ཐར་ཐོར་ཞིག
ལུས་ཆད་དྲགས་པའི་འཁུན་སྒྲ་ལྷེམ་ལྷེམ་ཞིག
རེ་བ་རི་ལ་ཡན་པའི་རྣམ་ཤེས་འཁྱམ་པོ་ཞིག
མི་ཚོགས་དང་མི་སེམས་ནས་ཤོར་སོང
སེམས་པས་ཅི་ལྟར་བསྒོམས་ཞིང
མིག་གིས་ཅི་ལྟར་འཚོས་རུང
ལག་པ་སྔར་བཞིན་སྟོང་སིང་སིང
ལུས་པོ་སྔར་བཞིན་ལྗིད་ཏིག་ཏིག
ལམ་ཁ་ཞིག་ནས་ཡོད་ཚད་དོར་ཏེ
རི་ཆུའི་ཚེ་སྲོག་ལ་འཐམ་ཞིང
མེ་ཏོག་དང་རྩྭ་ཐང་གི་རུམ་ལ་འཛུལ་ནས
ཚེ་གཅིག་གི་བཏང་སྙོམས་བསྒོམ་ན་འདོད
༢༠༡༣.༡༢.༤ཉིན་གུ་གྲགས་ནས།
ཧ་ཅང་དགའ་བྱུང་།
ནང་ཁྲོལ་ན་སྐམ་པའི་ལེའུ་ཞིག
ས་རྡུལ་གྱིས་མནན་པའི་འཇིག་རྟེན་ཞིག
འདི་ཕྱི་གཉིས་ཀྱི་མཚམས་ནས
འགུལ་ཙམ་འགུལ་ཙམ་བྱས
དྲོད་ཀྱི་རྨི་ལམ་ཞིག
འོད་ཀྱི་ཁུ་བ་ཞིག
དབང་ལྔ་ནས་འཛགས་ཤིང
སང་ཉིན་གྱི་སང་ཉིན་ཞིག་ལ་གཏད་སོ་བཞག
སྐད་ཆ་དེ
ཐུར་སྦྲང་ཞིག་གི་བྲོ་བ་ཡིན་ལ
འཇིག་རྟེན་ཞིག་གི་འཛུམ་རིས་ཡིན
སྙན་ངག་པར་བཀའ་དྲིན་ཆེ
༢༠༡༤.༡.༡དགོང་མོ་གུ་གྲགས་ནས།
སྨྲེང་སེམས།
རེ་སྒུག་ལོ་ཟླའི་ཆུ་རིས།།
སེམས་པ་དོག་མོའི་གསེང་ལ།།
བཞུར་འགྲོ་བསམ་པ་མེད་མོད།།
ཚོར་བ་སྨུག་ཞགས་འདྲ་བོས།།
ལོ་ཟླ་སྐྱུར་ཐབས་མ་བྱུང་།།
རེ་བ་རི་མོའི་སྐྱ་ཐིག།
སེམས་པ་སྐྱ་མོའི་ངོས་ལ།།
འཐེན་འགྲོའི་བསམ་པ་མེད་མོད།།
སྨྲེང་སེམས་སྨུག་པ་འདྲ་བོའི།།
ཐིག་རིས་བསུབ་ཐབས་མ་བྱུང་།།
ཞེན་ཆགས་རི་གླུ་ལྗང་ཁུ།།
སེམས་པ་སྟོང་བའི་མངལ་ལ།།
སྦྲུམ་འགྲོ་བསམ་པ་མེད་མོད།།
ལོ་ཟླ་གཤེད་མ་འདྲ་བོས།།
མགྲིན་པ་གཅོད་ཐབས་མ་བྱུང་།།
ལས་དབང་རྒྱལ་བོའི་བཀའ་ཡིག།
སེམས་པ་དངུལ་དཀར་ཐོག་ལ།།
ཕབ་འགྲོའི་བསམ་པ་མེད་མོད།།
བརྩེ་བ་གོ་མཚོན་འདྲ་བོས།།
ལས་དབང་བཅོས་ཐབས་མ་བྱུང་།།
༢༠༡༤.༡.༢༣ཉིན་ཐང་སྐོར་ནས།
སྙན་རྒྱུ་མེད་པའི་སྙན་ངག་ཅིག
རླུང་གི་ཁ་ཆུ་འཐུང་ཞིང
མེ་ཡི་ལག་པར་འཇུས་དུས
ས་ཆེན་གྱི་སྒལ་གཞུང་ལ་ཚིག་དྲི་ཐུལ་བྱུང
མི་ཆེན་གྱི་ངོ་གདོང་ལ་རུས་པའི་ཁ་བ་བབས་བྱུང
ལུས་པོ་འབུད་ཤིང་འདྲ་བའི
ཡ་ཁོག་མེ་ལྕེ་འདྲ་བའི
ལང་ཚོའི་ཚེ་སྐུད་གཉོམ་པོ
སུ་དང་གང་གི་ལམ་སྣེ་རུ་བསྲིངས
རླུང་ནག་གིས་དེད་པའི་དྲི་མ་བཙན་པོ་དེ
མེ་ལྕེ་རུ་མཆེད་པའི་བླ་སྲོག་གསོན་པོ་དེ
དེ་དེ་་་་་
༢༠༡༤.༣.༡༦ཉིན་གུ་གྲགས་ནས།
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།