དོར་ཞི་གདོང་དྲུག་སྙེམས་བློ་མཆོག་གི་ཕྱག་རྩོམ་ཚན་པ་གཉིས།

དོར་ཞི་གདོང་དྲུག་སྙེམས་བློ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-03-01

           སངས་རྒྱས་ཆོས་ལུགས་པས་ཤ་ཆང་སྤྱོད་རུང་མི་རུང་དང་། གྲྭ་རྟགས་འཛིན་པའི་འདོད་ཆེན་ཡི་དྭགས་ཀྱི་རིགས་ཀྱི་བཟོ་ལྟ་བཤད་པ།
 
  ༄༅།།དང་པོ། སངས་རྒྱས་ཆོས་ལུགས་པས་ཤ་བཟའ་རུང་མི་རུང་གི་དོན་བཤད་པ། བཟའ་བཏུང་ནི་མི་རྣམས་ཀྱི་སྲོག་འཚོ་བའི་ཆ་རྐྱེན་དང་བོ་ཡིན་ལ། ཆོས་ལུགས་དད་མོས་ནི་མི་རྣམས་ཀྱི་ཉེར་མཁོ་རིམ་པ་གསུམ་པར་ཐེ་ཡོད། མི་རྣམས་སྲོག་འཚོ་བའི་གཞི་རྩའི་སྟེང་ནས་ཆོས་ལུགས་ལ་དད་པ་བྱེད་དགོས་པས། བཟའ་བཏུང་ནི་མི་རྣམས་ཀྱི་ཉེར་མཁོ་ཨང་དང་པོ་ཡིན། དེ་ཡང་བཟའ་བཏུང་ནི་མི་རྣམས་ཀྱི་ཐོན་བསྐྱེད་དང་འཚོ་བའི་ཆ་རྐྱེན་གནས་པའི་འཁོར་ཡུག་གི་ཆ་རྐྱེན་རྟེན་འབྲེལ་ལས་བྱུང་བ་ཡིན་པས། ནགས་ཚལ་དུ་གནས་པའི་གདོད་མའི་མི་རྣམས་རྔོན་པའི་ལས་བྱེད་ཅིང་། ཟས་སུ་རི་དྭགས་ཀྱི་ཤ་དང་ཤིང་ཐོག་ཟ་བ་དང་། གོས་སུ་པགས་རིགས་དང་ཤིང་ལོ་སོགས་གྱོན་པ་ཡིན་ལ། ཆུ་བོ་དང་མཚོ་འགྲམ་དུ་གནས་པའི་མི་རྣམས་ཉ་བ་བྱེད་ཅིང་ཉ་ཤ་ཟ་བ་ཡིན། རྔོན་པས་འཚོ་བའི་གདོད་མའི་མི་རྒྱུད་དེ་དག་ལས་མཆེད་པའི་མི་རྣམས་ཐོན་བསྐྱེད་དང་འཚོ་གནས་ཀྱི་ཆ་རྐྱེན་ལ་བརྟེན་ནས་རྩྭ་ཐང་དུ་གནས་པའི་འབྲོག་པ་དང་། ནགས་སུ་གནས་པའི་རྔོན་པའི་རིགས་བྱུང་ཞིང་། ཆུ་བོའི་འགྲམ་དུ་གནས་པ་རྣམས་ཞིང་འདེབས་ས་ཡོད་པ་རྣམས་ཞིང་ལས་བྱེད་པ་དང་། ཞིང་ས་མེད་པ་རྣམས་ཉ་བ་བྱེད་ཅིང་། ཞིང་པ་རྣམས་འབྲུ་རིགས་དང་སྔོ་ཚོད་ཟ་བ་དང་། ཉ་བས་ཉ་ཤ་ཟ་བ། འབྲོག་པས་ནོར་ལུག་གི་ཤ་ཟ་དང་། རྔོན་པས་རི་དྭགས་ཀྱི་ཤ་ཟ་བ་ནི་ཐོན་བསྐྱེད་ཀྱི་ཆ་རྐྱེན་ལ་བརྟེན་ནས་བྱུང་བ་ཡིན་པས། འོས་མི་འོས་དང་སྔོན་ཐོན་ཡིན་མིན་སོགས་ཀྱི་དབྱེ་བ་འོས་པ་ཞིག་མིན།
  སངས་རྒྱས་ཆོས་ལུགས་ནི་ཐབས་མཁས་ཐུགས་རྗེ་ལ་བརྟེན་ནས་ཆོས་གསུངས་ཤིང་།  ཐབས་མཁས་ཐུགས་རྗེས་འགྲོ་དོན་བྱེད་པ་ཡིན་ལ། ཐབས་མཁས་ཐུགས་རྗེ་རྒྱ་ཆེན་པོ་ཟེར་བ་རེད། དེ་ནི་མི་རིགས་སོ་སོ་དང་། རིག་གནས་སོ་སོའི་སྤྱི་ཚོགས་སུ་གནས་པའི་མི་རྣམས་ཀྱི་ཁམས་དང་མོས་པ་བསམ་པ་དང་མཐུན་ཞིང་། ཚང་མས་ཁས་ལེན་ཐུབ་ཅིང་། དང་ལེན་བྱེད་བདེ་བའི་ངོས་ནས་འདུལ་འདྲེན་བྱེད་པ་ཞིག་ཡིན།  དཔེར་ན། འདུལ་བའི་ཀུན་སྤྱོད་ཕྱོགས་ནས་ཀྱང་ཡུལ་མི་འདྲ་བའི་དབང་གིས་སྡོམ་ཁྲིམས་མི་འདྲ་བ་བཅས་པ་རེད། དགེ་སློང་དང་དགེ་ཚུལ་མི་འདྲ། ཁྱིམ་པ་དང་རབ་བྱུང་མི་འདྲ། ཕོ་མོ་མི་འདྲ། ལྷོ་རྒྱུད་ཐེག་དམན་དང་བྱང་རྒྱུད་ཐེག་ཆེན་གཉིས་མི་འདྲ། མདོ་སྔགས་གཉིས་མི་འདྲ། སྔགས་ཀྱི་ནང་གསེས་རྒྱུད་སྡེ་འོག་མ་དང་གོང་མ་གཉིས་མི་འདྲ།  རྩ་བཞི་ཆང་བཅས་དགེ་བསྙེན་གྱི་སྲུང་སྡོམ་ལྔ་ལས་སྣ་གཅིག་སྲུང་བ་དང་། ཆ་ཚང་ལེན་པ་དང་།  གཏན་ཁྲིམས་ལེན་པ་དང་། དུས་ཆོས་བྱེད་པ་སོགས་ཅི་རིགས་ཡོད། སྡོམ་ཁྲིམས་ཀྱི་ཁྱད་པར་དག་ལས་ཀྱང་། གང་ལ་གང་འདུལ་གྱི་རྒྱལ་བའི་ཐབས་མཁས་ཀྱི་མཛད་པ་དེ་བསྟན། རྒྱུད་སྡེ་འོག་མ་ལ་ལར་ཤ་དང་སྒོག་བཙོང་ཟ་བ་སོགས་མངོན་གསལ་དུ་བཀག་པ་མ་གཏོགས། སྡོམ་པ་བསྟན་པའི་རྒྱལ་བའི་གསུང་རབ་གང་གི་ནང་དུ་ཡང་ཤ་བཟའ་མི་ཆོག་པའི་ཚིག་མེད། དེ་ཡང་ཁྲིམས་བཅས་པའི་ཚེ་རྗེས་འཇུག་རྣམས་ཀྱི་འཚོ་བའི་ཆ་རྐྱེན་དང་རབ་བྱུང་རྣམས་སློང་མོའི་ཟས་ལ་བརྟེན་པར་དགོངས་པ་རེད་སྙམ། གལ་ཏེ་ཟས་སུ་ཤ་ཁྲག་ཟ་བ་དང་། གོས་སུ་ཀོ་པགས་གྱོན་པའི་རྩ་ཐང་གི་འབྲོག་པ་དང་། གླིང་ཕྲན་དང་ཀླུང་འགྲམ་གྱི་ཉ་བ་དང་། རྔོན་པའི་ཟས་ཀྱིས་འཚོ་བའི་རི་བ་རྣམས་ལ། སངས་རྒྱས་ཆོས་ལུགས་པས་ཤ་ཟ་མི་ཆོག་པགས་རིགས་གོན་མི་ཆོག་སོགས་སུ་ཆོས་སྒྲོགས་བྱས་ན་མི་དེ་རྣམས་ཆོས་ལ་འཇུག་ཁ་དཀའ་བར་སྙམ་མོ། དེའི་རྒྱུ་མཚན་ཡང་མི་དེ་རྣམས་ཀྱི་འཚོ་བའི་ཆ་རྐྱེན་ཀྱི་འབྱུང་ཁུངས་ཐོན་བསྐྱེད་ལས་རིགས་བསྒྱུར་དགོས་པ་དང་། སྲོག་འཚོ་བའི་ཆ་རྐྱེན་བཀག་རྐྱེན་བྱུང་བ་རེད། དེ་ལྟར་བྱས་ན་ཟོག་འཚོས་པ་ལས་ཞིང་འདེབས་པའི་ཆ་རྐྱེན་མེད་པ་རྣམས་སྲོག་ཇི་ལྟར་འཚོ། མཐོ་སྒང་གྲངས་ངར་ཆེ་སར་གནས་པའི་མི་རྣམས་པགས་རིགས་མ་གོན་ན་ཇི་ཞིག་གོན། འདུལ་བར་གྲངས་ངར་སྐྱོབ་པར་དགོངས་ནས་ཀོ་པགས་ཀྱི་གཞི་གསུང་ལ། གཏན་ནས་ཟོག་བཤའ་མ་ཆོག་ན་གོས་སུ་གནང་བའི་ཀོ་པགས་དེ་དག་ག་ནས་འབྱུང་། ཉ་བ་དང་རྔོན་པ་རྣམས་ཀྱང་འདྲ། དེ་དག་གིས་ཞིང་བཏབ་ན་ཞིང་ས་མེད་ལ། ཚོང་བྱེད་ན་ཚོང་བྱེད་ས་ཡང་མེད་པས། མི་དེ་དག་ལ་སངས་རྒྱ་རུང་གི་རྒྱུ་གཏན་ནས་མེད་པས་ཆོས་བསླབ་མི་ཆོག་པ་ཡིན་ནམ། མཐོ་སྒང་འཁྱག་སར་གནས་པའི་མི་རྣམས་ཀྱི་ལུས་གནས་པ་ལ་ཟས་དྲོད་བཅུད་ཆེ་བ་ལ་ངེས་པར་བརྟེན་དགོས་པས། དེ་དག་གིས་དྲོད་བཅུད་ཆེ་བའི་ཟས་གང་ལ་བརྟེན།
  མི་ལ་རས་པའི་རྣམ་ཐར་ནང་དུ། མི་ལ་སྒོམ་སྒྲུབ་ལ་ཕེབས་ཁར། བླ་མ་མར་བས་དམ་སྦྱར་བྱས་པའི་གདམས་ངག་ཡི་གེ་གསུམ་གནང་ནས་དཀའ་འཁག་ཐུག་དུས་རིམ་པར་ཡིག་ཁ་ཕྱེ་ནས་ལྟོས་གསུང་ཞིང་། མི་ལས་ཟྭ་ཚོད་ཟོས་པས་ལུས་སྟོབས་ཇེ་ངན་དུ་སོང་ནས་ལུས་ཤ་སྐམ་ཞིང་ཤ་མདོག་ཀྱང་སྔོན་པོར་གྱུར་ནས། ཉམས་ལེན་ལ་བོགས་ཐོན་མ་བྱུང་བས། ཡིག་ཐུམ་དང་བོ་དེ་ཁ་ཕྱེ་ནས་བལྟས་ཚེ། ཉམས་ལེན་བོགས་ཐོན་མ་བྱུང་ན། ཤ་ཆང་བསྟེན་ནས་ལུས་སྟོབས་གསོ་དགོས། ཞེས་གསུང་བ་ལྟར་བེ་ཏ་མགོན་སྐྱིད་ཀྱིས་ཤ་ཆང་བསྐྱལ་འོངས་པ་བཞེས་པས་བོགས་བསྐྱེད་ཆེན་པོ་བྱུང་ཞེས་འབྱུང་། དེ་ཡང་རྩ་རླུང་སོགས་སྦྱངས་ན་ལུས་སྟོབས་རྒྱས་པའི་ཟས་བཅུད་ཅན་བསྟེན་དགོས་པས།  སྔགས་བླ་མེད་ལ་ཤ་ཆང་མ་བཀག་པའི་སྟེང་ཤ་ལྔ་བདུད་རྩི་ལྔ་དང་ཆང་སོགས་དམ་ཚིག་གི་རྫས་སུ་བཞག རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་ནང་གི་ལི་ཨུ་བ་ཉའི་རྒྱུ་མ་ཟ་པ་དང་། དཔལ་ལྡན་ཤ་པ་རི་རྔོན་པ་ཞིག་ཡིན་པ་ལྟ་བུ་རེད།  དགེ་སློང་ཞེས་པ་ཡང་སློང་མོའི་ཟས་ལ་བརྟེན་པའི་དགེ་སྦྱོང་གི་དོན་རེད། ལྷུང་བཟེད་བཏེགས་ནས་ཟས་སློང་བ་ཡིན་པས། སྦྱིན་བདག་གིས་ཟས་གང་བྱིན་ན་དེ་ཟ་བ་ལས། ཟས་འདི་ཟ་དང་འདི་དགོས་ཞེས་འདེམས་པའི་དབང་ཆ་ཡོད་པ་མ་རེད། དེའི་གནད་ཀྱིས་ཆོས་འདུལ་བ་ལས་། ཟས་གོས་གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང་། ཅི་རྙེད་པའི་ཟས་ལ་བསྟེན་པ་དང་། རྣམ་གསུམ་དག་པའི་ཤ་བཟའ་བར་གནང་། ཤ་ཟ་མི་ཆོག་འོ་མ་འཐུང་མི་ཆོག་ཅེས་དེ་སྟོན་པ་བཅོམ་ལྡན་འདས་ལ་ངོ་ཡ་བྱེད་པའི་ལྷས་སྦྱིན་གྱིས་ཁྲིམས་ལོག་བྱས་པ་རེད།
   རྒྱ་རྒྱུད་ནང་བསྟན་དུ་ཤ་བཀག་པའི་ཁྲིམས་དེ་འདུལ་ཁྲིམས་མ་རེད། རྒྱ་རྒྱལ་ལྱིང་བུ་ཏིས་བཟོས་པའི་རྒྱལ་ཁྲིམས་ཤིག་རེད། རྒྱ་ནག་རྒྱལ་ཁབ་འདི་ནི་ཆོས་ཁྲིམས་ལས་རྒྱལ་ཁྲིམས་བཙན་པ་ཞིག་རེད། ལྱིང་བུ་ཏིས་ཞེས་པ་དེ་གཙུག་ལག་ཁང་བཞེངས་ཤིང་། རབ་བྱུང་མང་བོར་བསོད་སྙོམས་དྲངས་པ་དང་། རང་ཡང་རྒྱལ་སྲིད་སྤངས་ཏེ་རབ་བྱུང་ལན་གསུམ་བསྒྲུབ་ཅིང་། ཁོ་བོས་དགེ་བ་མང་དུ་བྱས་པ་འདི་དགེ་བར་སོང་ངམ་ཞེས་རྒྱ་གར་གྱི་སློབ་དཔོན་དྷརྨ་ཞེས་པར་དྲིས་པས། འདི་དོན་དམ་པའི་དགེ་བ་མིན་ཞེས་གསུངས། ཁོ་བོས་བལྟས་ན་ཡང་དྷརྨའི་གསུངས་དེ་དོན་ལ་ཁེལ།  རྒྱ་རྒྱལ་དེས་དགེ་བ་བྱས་པ་དེ་བདེན་འཛིན་གྱི་དབང་དུ་སོང་ཞིང་དམིགས་མེད་ཀྱིས་ཤེས་རབ་ཀྱིས་མ་ཟིན་པའི་སྐྱོན་འདུག  ཁ་ཅིག་ན་རེ། ཤ་ཟ་བ་ནི་སྙིང་རྗེ་མེད་པའི་རྟགས་རེད། ཤ་ཟོས་ན་བྱང་ཆུབ་ཀྱི་སེམས་མི་སྐྱེ་སོགས་ཟེར་རོ།  སངས་རྒྱས་ཆོས་ལུགས་འདི། ཟས་སུ་ཤ་ཟ་ཞིང་། གོས་སུ་པགས་རིགས་གྱོན་པའི་བོད་ཁམས་མཐོ་སྒང་དུ་གནས་པའི་བོད་མི་རིགས་འདི་ལ་དར་ནས་མི་ལོ་སྟོང་དང་བཞི་བརྒྱ་ལྷག་སོང་ཞིང་། ལྷོ་རྒྱུད།  རྒྱ་རྒྱུད། བོད་རྒྱུད་ཅེས་འཛམ་གླིང་གི་ནང་བསྟན་རྒྱུད་པ་ཆེན་པོ་གསུམ་གྱི་ནང་གི་ཡ་གྱལ་ཞིག་ཏུ་གྱུར། སྔོན་དང་ད་ལྟར་གྱི་མཁས་པ་ཆེན་པོ་དང་། གྲུབ་བརྙེས་ཀྱི་སྐྱེས་བུ། དད་པའི་གང་ཟག་གྲངས་ཀྱིས་མི་ཟིན་པ་ས་སྟེང་ཁྱབ་ནས་ཡོད། ཟས་སུ་ཤ་དང་གོས་སུ་པགས་རིགས་གྱོན་པའི་མཁས་གྲུབ་ཀྱི་སྐྱེས་ཆེན་དམ་པ་དེ་དག་ཚང་མ་ལ་སྙིང་རྗེ་དང་བྱམས་སེམས་མེད་པར་སྨྲར་ནུས་སམ།  རང་རེས་ཤ་ཆང་གི་ནང་མཆོད་འབུལ་ཡུལ་གྱི་ཡི་དམ། མཁའ་འགྲོ། ཆོས་སྐྱོང་དེ་དག་ཐམས་ཅད་སྙིང་རྗེ་མེད་པའི་ཕྱི་རོལ་པའི་ལྷ་ཡིན་ཞེས་སྨྲ་རྒྱུ་ཡིན་ནམ། ང་རང་དཀར་ཟས་བསྟེན་པ་ལ་ངོ་རྒོལ་བྱེད་པ་མིན། མི་ཐམས་ཅད་ལ་ཟས་གང་བསྟེན་ཐད་ལ་རང་དབང་ཡོད། ངས་བསམ་ན་ཐོན་བསྐྱེད་ཀྱི་ཁྱད་ཆོས་དང་། འཚོ་བའི་འཁོར་ཡུག་གི་ཆ་རྐྱེན། ལུས་ཕུང་གི་ཁྱད་པར་སོགས་ལ་མ་བསྟུན་པར་མཐའ་གཅིག་ཏུ་དམར་ཟས་བཀག་པ་དང་། ལྷག་པར་དུ་འབྲོག་རིགས་མི་དམངས་ཀྱི་ཐོན་བསྐྱེད་དང་། འཚོ་བའི་གནས་བབས། དཔལ་འབྱོར་གྱི་འབྱུང་ཁུངས་སོགས་ལ་གནོད་པ་བྱུང་ན། སངས་རྒྱས་ཆོས་ལུགས་ཀྱི་ཐབས་མཁས་སྤྱོད་པ་དང་ཤེས་རབ་ཟབ་མོའི་ལྟ་བ་དང་འགལ་ལམ་སྙམ་མོ།།
   གཉིས་པ། སངས་རྒྱས་ཆོས་ལུགས་པས་ཆང་འཐུང་ཆོག་མི་ཆོག་བཤད་པ། སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད། རྫུན་བཅས་ལ་རྩ་བ་བཞི་ཟེར་ཞིང་། དེ་ལ་ཆང་བཞག་པས་རྩ་བཞི་ཆང་དང་ལྔ་ཟེར་རོ། དེའི་ནང་གི་སྔ་མ་བཞི་ནི་ཉེས་པ་ཤིན་ཏུ་ལྗི་ཞིང་མ་བསྲུང་ན་དམྱལ་བར་ལྟུང་བས་རྩ་ལྟུང་བཞི་ཟེར་ཞིང་། ཆང་འཐུང་ན་དྲན་པ་འཐོར་བས་སྤང་ལྟུང་འབྱུང་ཉེན་ཆེ་བས་བཀག འདུལ་བར་སྨན་གྱི་རུ་རྟར་འཐུང་རུང་བར་བཤད། འོན་ཀྱང་སྔགས་བླ་མེད་ལ་ཤ་ཆང་སྤྱོད་ཆོག ཐེག་དམན་གྱི་སྡོམས་ཁྲིམས་རྣམས་བྱང་སེམས་ཀྱི་སྡོམ་པར་འགྲོ་དོན་དུ་གྱུར་ན་སྤྱོད་ཆོག་པའི་གནང་བ་ཡོད། དཔེར་ན་འདབ་ཆགས་ཕལ་བ་བཙན་དུག་ཟོས་ན་འཆི་ཡང་། རྨ་བྱས་བཙན་དུག་ཟོས་ན་ལུས་སྟོབས་རྒྱས་པ་ལྟ་བུ་རེད། ཆང་འཐུང་རུང་མི་རུང་གང་ཟག་གི་ཁྱད་པར་ལ་ལྟོས་དགོས་པ་རེད། རབ་བྱུང་རྣམས་ཆང་མི་འཐུང་བ་འདུལ་ཁྲིམས་རེད། ཁྱིམ་པ་རྣམས་དྲན་པ་མི་ཉམས་པའི་ཚོད་ཟིན་ན་འཐུང་མི་ཆོག་པ་ག་ལ་ཡིན། ལྷ་བླ་མ་ཡིད་དམ་ཆོས་སྐྱོང་ལ་འབུལ་ཆོག  གྲུབ་རིག་རྣམས་ཀྱིས་སྤྱད་ཆོག་ན། ཆོས་དད་ཁྱིམ་པ་ཕོ་མོ་ཕལ་བ་རྣམས་ལ་འཐུང་མི་ཆོག་པའི་རྒྱུ་མཚན་ཤོད་དཀའ་ཞིང་དགོས་གལ་ཆེན་པོ་ཡང་མེད་སྙམ།
   གསུམ་པ། ཆོས་ལ་དད་པའི་མི་རྣམས་དུ་བ་འཐེན་ཆོག་མི་ཆོག་བཤད་པ།  དུ་བ་འཐེན་ཆོག་མི་ཆོག་སོ་ཐར་གྱི་མདོ་དང་། སྔགས་དང་བྱང་སེམས་ཀྱི་སྡོམ་པར་གནང་བཀག་བྱེད་པའི་ཚིག་གཅིག་ཀྱང་བཤད་མེད་ལ། དེའི་གནད་ཀྱིས་ལྷོ་རྒྱུད་ནང་བསྟན་གྱི་དགེ་སློང་རྣམས་ཤོག་དུ་འཐེན་པ་ཉེས་སྤྱོད་དུ་མི་བརྩི་བར་འདུག བོད་སོག་གི་གྲྭ་བ་རྣམས་སྣ་དུད་འཐེན་པའི་སྲོལ་དར་ཞིང་། འདུལ་བར་དུ་བ་བཀག་མེད་པས། དུ་བ་གཅོད་པའི་རྒྱལ་བའི་གསུང་རབ་ཀྱི་ལུང་འདྲེན་རྒྱུ་མེད་པས་ཆོས་ཕྱོགས་ནས་བཀག་དཀའ་བར་འདུག  འཁོར་ཡུག་སྦགས་རྒྱབ་པ་དང་ལུས་ལ་གནོད་པའི་ཆ་ནས་བཤད་ན། ཁ་དུད་དང་སྣ་དུད་གང་ཡང་མི་འཐེན་པ་དང་ཉུང་འཐེན་བྱས་ན་བཟང་།  དཔེར་ན། རྒྱལ་ཁབ་ཕྱི་ནང་གང་དུའང་མི་མང་འཚོགས་སར་ཁ་དུད་བཀག་པ་ལྟར། རང་རེ་བོད་རྒྱུད་ནང་བསྟན་དུ་ཡང་། ལྷ་ཁང་། འདུ་མཆོད་ཁང་དང་། ཆོས་ཚོགས་བྱེད་སར་སྔོན་ནས་ཁ་དུད་འཐེན་མི་ཆོག་ལ། དེ་ཡང་ཁ་དུད་ཀྱིས་འཁོར་ཡུག་སྦགས་རྒྱབ་པ་དང་། གློ་སྙིང་ལ་གནོད་པའི་ཚན་རིག་ལྟར་དྲིལ་སྒྲོགས་བྱས་ན་འགྲིག  ལ་ལས་ཐ་མ་ཁ་འཐེན་ན་དམྱལ་བར་ལྟུང་ཞེས་བཤད་པ་ལ་བཀའ་སྡེ་སྣོད་ཀྱི་ཁུངས་མེད་ཅིང་། ཐ་མ་ཁ་ནི་བདུད་མོ་ཞིག་གི་ཟླ་མཚན་ཁྲག་ཐིག་ས་ལ་ལྷུང་ནས་སྐྱེས་པ་རེད་ཅེས་བཤད་པ་ནི་ཚན་རིག་གི་ཁུངས་མེད་པའི་བཤད་ཚུལ་དུ་སྣང་ངོ། ཚན་རིག་དར་རྒྱས་ཆེ་བའི་དུས་རབས་འདིར། ཆོས་བཤད་ན་ཡང་ཚན་རིག་དང་མཐུན་པར་བཤད་པ་ལས།  ཟབ་ཁུལ་གྱིས་འོལ་ཚོད་མུན་སྤྲུལ་བྱེད་མི་རུང་ངོ།
   བཞི་བ། ཚེ་ཐར་གཏོང་བ་སོགས་ཀྱི་གནད་དོན་བཤད་པ། ཚེ་ཐར་བཏང་ན་ཀུན་སློང་། དམིགས་ཡུལ། སྦྱོར་བ། མཐའ་འབྲས་བཅས་ལ་བསམ་བློ་བཏང་བ་སྔོན་འགྲོའི་སྦྱོར་ཆོས་སུ་དགོས་ཏེ། དུད་འགྲོ་གང་ཡང་འཚོ་གནས་ཀྱི་འཁོར་ཡུག་ལ་བརྟེན་པ་ཡིན་ལ། དཔེར་ན། ཉ་ལ་ཡང་དྲོ་སའི་ཉ་དང་འཁྱག་སའི་ཉ། ཆུ་ལན་ཚ་ཅན་དུ་འཚོ་བའི་ཉ་དང་ཆུ་མངར་མོའི་ཉ། རྒྱ་མཚོའི་གཏིང་གི་ཉ་དང་ཆུ་ཁར་གཡེང་བའི་ཉ་སོགས་རིགས་ཀྱི་དབྱེ་བ་མང་ཞིང་། ཉའི་རིགས་ཀྱི་འཚོ་གསོན་ཆུའི་དྲོ་འཁྱག་དང་། ཉོག་དྭངས། ཚྭ་ཡོད་མེད་སོགས་འཚམས་མི་འཚམས་ཅི་རིགས་ཡོད་པས། ཚེ་ཐར་བཏང་ན་ཀུན་སློང་དགེ་སེམས་ཡོད་པ་ཙམ་གྱིས་མི་ཆོག དེའི་ཕྱོགས་ཀྱི་ཤེས་བྱ་དུ་མ་འཛོམས་དགོས་ཏེ། ཚེ་ཐར་བཏང་བའི་སེམས་ཅན་རྣམས་ཀྱི་འཚོ་གསོན་གྱི་ཆ་རྐྱེན། སྤྱི་ཚོགས་ཀྱི་ཁེ་ཕན། འཁོར་ཡུག་གི་ཕན་གནོད་བཅས་ལ་འདང་རྒྱག་ཡག་བྱེད་དགོས། དཔེར་ན། ས་དྲོ་སའི་ཉ་རྣམས་ཆུ་འཁྱག་ཏུ་བཏང་བ་དང་། ཚྭ་ཆུའི་ཉ་རྣམས་ཚྭ་མེད་པའི་ཆུར་བཏང་ནས། ཆུ་མ་འཕྲོད་པས་ཤི་ན། ཚེ་ཐར་བཏང་བ་ཡིན་ནམ་སྲོག་བཅད་ཡིན། དེ་ནི་ཀུན་སློང་དགེ་བས་སྦྱོར་བ་དང་འབྲས་བུ་མི་དགེ་བ་བྱེད་པར་འགྲོ། གལ་ཏེ་འཁོར་ཡུག་ཆ་རྐྱེན་འཚམས་མི་འཚམས་དང་མཐའ་འབྲས་སོགས་ལ་བསམ་བློ་མ་བཏང་བར་ཉ་སོགས་ཚེ་ཐར་བཏང་ན། ཆུ་མ་འཕྲོད་པས་ཉ་མང་བོ་ཤི་བ་དང་། ཉ་རོ་རུལ་བས་འཐུང་ཆུ་སོགས་སྦགས་པར་བྱས་བས་འཁོར་ཡུག་ལ་གནོད་པར་སོང་ན་དགེ་བ་བྱས་པར་འགྲོ་འམ་ཅི།
   གནས་ཚུལ་གཞན་ཞིག་ཀྱང་སྲིད་དེ། ཉ་ཚོང་རྒྱག་མཁན་རྣམས་ཉ་ཚེ་ཐར་གཏོང་མཁན་ལ་ཚོང་ལོག་རྒྱག་པའི་ཆེད་དུ་ཉ་འབོར་ཆེན་འཛིན་པ་དང་། དུས་བཟང་སོགས་སུ་ཚེ་ཐར་གཏོང་བར་ཤེས་ནས་སྒུག་བསྡད་ནས་ཉ་རྒྱ་ཆེན་པོ་འགྲེམ་པ་དང་། དགོན་པའི་ཉེ་འདབས་སུ་ཚེ་ཐར་ལ་ཚོང་ལོག་རྒྱག་པའི་ཆེད་དུ་རི་བོང་དང་ཕུག་རོག་འདབ་ཆགས་སོགས་མང་དུ་བཟུང་ནས་གསོས་ཤིང་། བཙོང་ནས་ཚེ་ཐར་བཏང་བའི་རྗེས་སུ་སླར་བསྡུས་ནས་ཡང་བཙོང་འོར་བཙོང་བྱེད་པའི་སྤྱོད་ངན་སོགས་བརྟག་པ་མཐའ་བཟུང་མིན་ལ་མངོན་སུམ་དུ་ཡོད་པས། ཚེ་ཐར་བཏང་བ་གཡོ་སྒྱུའི་ཚོང་ལོག་སྤེལ་བའི་མཐུན་རྐྱེན་དུ་སོང་ན་ཚེ་ཐར་གཏོང་བའི་དགེ་སེམས་དང་མཐུན་ནམ། གལ་ཏེ་སྤྱང་ཁུ་ཚེ་ཐར་བཏང་སྟེ། ནོར་ལུག་མང་དུ་བསད་པ་དང་། གདུག་སྦྲུལ་མང་དུ་བཏང་བས་མི་ཟོག་གི་གནོད་འཚེ་རུ་གྱུར་བ་དང་། ཙིག་གུ་མང་དུ་བཏང་བས་ཞིང་བའི་ལོ་ཏོག་ལ་གནོད་པར་སོང་ན་མང་མང་གིས་ཆོས་དགེ་བ་བྱེད་པ་ལ་ལོག་ལྟ་སྐྱེ་བ་དང་མི་དགའ་བའི་རྒྱུ་རུ་མི་འགྱུར་རམ། མ་བརྟག་ཉམས་དགས་ཚེ་ཐར་བཏང་བ་སོགས་ཆོས་ཀྱི་སྤྱོད་པར་སྤྱི་ཚོགས་སྟེང་ན་མི་འདོད་གཏམ་ངན་མང་དུ་བྱུང་འདུག་པས། ཚེ་ཐར་གཏོང་བར་རྩ་འཛུགས་བྱེད་མཁན་དང་རྗེས་འབྲང་ཐམས་ཅད་ལ་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་དང་། ཚན་རིག་གི་ཤེས་བྱ་དང་། སྤྱི་ཚོགས་ཀྱི་ཁེ་ཕན་ལ་འགན་འཁུར་བའི་ལྷག་བསམ་བཅས་ཉུང་དྲག་པས་དེ་དག་གི་རྗེས་སུ་འབྲང་བར་མི་བྱའོ། བོད་ཀྱི་ས་ཆ་ན་ཡང་འཁོར་ཡུག་ལ་སྦགས་རྒྱག་པའི་མང་ཁྲོད་ཀྱི་གོམས་སྲོལ་མང་དུ་འདུག་སྟེ། དཔེ་ན་བླ་མཚོ་དག་ལ་སྨ་སྣ་དང་འབྲུ་དྲུག་བསྲེ་བའི་གཏེར་བུམ་དང་ཁ་དག་འབོར་ཆེན་དྲངས་པ་དང་།  ཤོག་གུར་དཔར་བའི་རླུང་རྟ་ས་ཁྱབ་རྡོ་ཁྱབ་ཏུ་གཏོར་བ་སོགས་ཀྱིས་བླ་མཚོ་འབག་རྩོག་ཏུ་བཏང་བ་དང་། གནས་ཁམས་ཆེན་རྣམས་ཤོག་ལུད་ཀྱིས་འབག་རྩོག་ཏུ་བཏང་བ་སོགས་ཆོས་ལུགས་ཀྱི་གོམས་སྲོལ་ཡིན་ཀྱང་ཉེས་སྐྱོན་མང་བས་སྤང་བྱ་ཡིན་ནོ། སངས་རྒྱས་ཆོས་ལུགས་ནི་རྣམ་དཔྱོད་དཔལ་གྱིས་བརྒྱན་པའི་ཆོས་ལུགས་ཡིན་པས། བྱ་བ་གང་ལ་ཡང་རྣམ་དཔྱོད་མིག་གིས་དགེ་སྡིག་ལེགས་ཉེས་ཕྱེ་སྟེ་བླང་དོར་བྱེད་དགོས་སོ།།
  ལྔ་བ། སངས་ཆོས་ལུགས་པས་ཆོས་ཀྱི་རྩ་དོན་ཤེས་ནས་བླང་བྱ་དང་དོར་བྱ་མ་ནོར་བ་ཞིག་དགོས།
སངས་རྒྱས་ཆོས་ཀྱི་དོན་རྩ་སེམས་ཀྱི་དྲི་མ་དག་གཙང་བྱེད་པ་དེ་ཡིན་པས། ཚན་རིག་མཁས་པ་རྣམས་ཀྱིས་སངས་རྒྱས་ཆོས་ལུགས་ནི་སེམས་ཀྱི་ཚན་རིག་ཡིན་ཞེས་གསུངས། སེམས་ཀྱི་དྲི་མ་དག་བྱེད་ཀྱི་འཁྲུད་སྨན་མཆོག་ཏུ་གྱུར་བ་ནི་ཆོས་ཉིད་རྟོགས་པའི་ཤེས་རབ་བམ། རྟེན་འབྱུང་སྟོང་བར་ཤེས་པའི་ཤེས་རབ་ཡིན་ལ། ཤེས་རབ་དེ་རྩ་བ་ནི། སྟོང་དང་མི་སྟོང་གང་ཡང་བདེན་པར་མི་འཛིན། དགེ་མི་དགེ་གང་ཡང་བདེན་པར་མི་འཛིན་པའི་དབུས་ལ་གནས་པ་ཡིན་ལ། དབུ་མ་ནི་མཐའ་གཉིས་སེལ་བའི་དོན་ཡིན་ལ། དེ་ཡང་བདེན་ཡོད་ཀྱི་ཡོད་མཐའ་དང་། གཏན་མེད་ཀྱི་མེད་མཐའ་སེལ་བ་དང་། ཡོད་པ་ནི་སྒྱུ་མ་ལྟ་བུའི་ཡོད་པ་དང་། སྟོང་བ་ནི་རང་བཞིན་གྱིས་སྟོང་བའམ་རང་བཞིན་མེད་པ་ཞེས་པ་ཡིན།  དངོས་གཤིས་ལྟོས་བཅས་སུ་སྨྲ་བའི་ཚན་རིག་གི་གཟུགས་དང་གཟུགས་མེད་ཀྱི་ནུས་པ་ཕན་ཚུན་འགྱུར་བའི་རྣམ་བཞག་དང་།  ཁོན་ཐིན་ལུགས་ཀྱི་རྡུལ་ཕྲན་དང་རྡུལ་མེད་འོད་རླབས་མ་ངེས་པའི་རྣམ་བཞག  དངོས་པོའི་རྣམ་འགྱུར་པི་ཝང་གི་རྒྱུད་གདངས་དང་མཚུངས་པར་སྨྲ་བ་སོགས་ཚན་རིག་གི་དཔྱད་འབྲས་སོ་མ་མང་བོ་ཞིག་གིས་དངོས་བོ་ཀུན་ལ་རང་བཞིན་མེད་པར་བསྟན་པ་དེ། རྟེན་འབྱུང་སྟོང་བའི་ཤེས་བྱེད་གལ་ཆེན་དུ་འགྲོའོ།།
   སྙིང་རྗེ་དང་ཤེས་རབ་ཟུང་འཇུག་ཡིན་པས། དགེ་བ་བྱེད་ནའང་ཤེས་རབ་མེད་མི་རུང་བས།  སྦྱིན་པ་བཏང་ན་ཡང་ཤེས་རབ་གྲོགས་སུ་མེད་ན་སྦྱིན་པའི་ཕར་ཕྱིན་དུ་མི་འགྲོ། སྦྱིན་ཚུལ་བཟོད་བརྩོན་བསམ་གཏན་ཤེས་རབ་དྲུག་ལས་ཤེས་རབ་གཙོ་བོ་དང་གཞན་རྣམས་འཁོར་གཡོག་ཡིན་ལ། དེའི་ཕྱིར་སྦྱིན་པ་བཏང་ན་ཡང་འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་རྒྱས་འདེབས་བྱེད་དགོས།  འཁོར་གསུམ་ནི་སྦྱིན་པའི་བྱ་བ། སྦྱིན་མཁན། སྦྱིན་པ་ལེན་མཁན་གྱི་འཁོར་གསུམ་ཡིན། འཁོར་གསུམ་གྱིས་སྟོང་བ་ནི། འཁོར་གསུམ་ལ་བདེན་པར་མི་འཛིན་པའི་དོན་ཡིན། བདེན་འཛིན་ནི་རང་གིས་སྦྱིན་པ་བཏང་བ་བདེན་ཞེན་གྱིས་བཟུང་ནས་དགའ་བ་སྐྱེས་པ་དང་། སྦྱིན་པའི་འབྲས་བུར་རེ་བ་དང་། སྦྱིན་པ་བཏང་བ་མིང་སྙན་གྲགས་ཐོབ་པར་རེ་བའི་བདེན་ཞེན་མི་གཏོང་བ་སོགས་སོ། དགེ་སྡིག་ནི་ལྟོས་བཞག་ཡིན་པས། རང་བཞིན་གྱིས་གྲུབ་པའི་དགེ་བ་དང་སྡིག་པ་མེད། དགེ་སྡིག་གི་ལས་ནི་ཀུན་སློང་དང་དམིགས་ཡུལ་ལ་ལྟོས་པ་ལས་གཞན་འབྲས་བུའི་ངོ་བོ་ལ་ཡང་ལྟ་དགོས། དགེ་བ་ལ་ཡང་ཀུན་སློང་དགེ་བ་དང་ངོ་བོ་མི་དགེ་བ། སྦྱོར་བ་མི་དགེ་བ་དང་ངོ་བོ་དགེ་བ། ཀུན་སློང་འབྲས་བུ་གཉིས་ཀ་དགེ་བ། ཟོལ་གྱིས་དགེ་བ་དང་དོན་གྱི་ སྡིག་པ་ཡིན་པ་སོགས་དབྱེ་བ་མང་ངོ་།།
   དེ་ཡང་འཇིག་རྟེན་དགེ་བའི་ལས་ཕར་ཆེར་ཞིག་ལ་ཆགས་སྲེད་ཀྱི་ཀུན་སློང་དང་མ་འདྲེས་པ་མེད་ལ། དཔེར་ན། དབང་ཆ་ཐོབ་ཕྱིར་དང་རྒྱུ་ནོར་ཐོབ་པའི་དོན་དུ་ལྷ་ལ་ཕྱག་འཚལ་བ་དང་སྤོས་སྒྲོན་པ་ལྟ་བུ། དེའི་སྤོས་ཐུར་ཇི་ལྟར་སྦོམ་ཞིང་རིང་བ་སྒྲོན་པ་དེ་ལྟར་འདོད་ཧམ་ཆེ་བར་བསྟན། རྒྱ་ལོའི་ཚེས་གཅིག་ལ་སྤོས་ཐུར་ཨང་དང་བོ་སྒྲོན་ཕྱིར་ཤོག་སྒོར་ཁྲི་ཚོ་བརྒྱ་ལ་ཉེ་བ་གཏོང་ཕོད་པའི་ཕྱུག་པོ་རྣམས་ཀྱི་འདོད་ཧམ་ཆེ་བ་ཚོད་མེད་ཅིང་། དེ་དག་གིས་གྲྭ་རྟགས་འཛིན་པའི་འདོད་ཆེན་ཡི་དྭགས་རྣམས་ཀྱི་འདོད་ཧམ་ཆེར་བསྐྱེད་བྱེད་ཅིང་དམྱལ་བའི་གཏིང་རྡོ་བསྒྲུབ་པ་ལས་དགེ་བའི་ཕྱོགས་སུ་ཇི་ལྟར་འགྲོ། མི་ལ་ལས་བྱ་དགའ་ཐོབ་པའི་ཆེད་དུ་སྡུག་སྐྱོབ་ཀྱི་ཐེབས་དངུལ་འཇོག་པ་དང་། ལ་ལས་རྒྱལ་ཁབ་ཀྱི་དཔྱ་ཁྲལ་བཤོལ་བའི་ཆེད་དུ་སྙིང་རྗེའི་ཐེབས་རྩ་འཇོག་པ་སོགས་དོན་གྱི་དགེ་བར་འགྲོའམ། ཆོས་ཁྲིད་བཀའ་ཆོས་གནང་བ་ནི་དགེ་བ་ཡིན་མོད། ཆོས་ཁྲིད་དང་དབང་སྐུར་བྱེད་པའི་མིང་བཟུང་སྟེ། དོན་གྱིས་རྒྱུ་ནོར་སྡུད་པའི་ཆོས་ཚོང་རྒྱག་མཁན་དེ་དག་གི་བྱ་སྤྱོད་ཆོས་སྦྱིན་དུ་འགྲོའམ། བཤད་པའི་ཆོས་ལྷད་མེད་ཡིན་ཀྱང་འདོད་ཆགས་དུག་གིས་རྒྱུད་བསླད་པས་ཆོས་མི་གཙང་བར་བྱས།
   དགོན་སྡེ་ནི་དམངས་མང་ལ་དགེ་བའི་སློབ་གསོ་གཏོང་ས་དང་སྡིག་བཤགས་བྱེད་ས་ཡིན་ལ། གྲྭ་བ་རྣམས་ནི་སངས་རྒྱས་ཀྱི་ཆོས་རྒྱུན་སྡོམ་རྒྱུན་འཛིན་ཅིང་དགེ་སྦྱོར་བྱེད་མཁན་ཡིན། དེང་སང་གི་དགོན་པ་མང་བོ་ཞིག་ནི། དངུལ་སྡུད་ས་ཚིགས་དང་། ཚོང་ལོག་རྒྱག་པའི་ཚོང་ཁང་ནག་པོར་གྱུར་ཅིང་། གྲྭ་རྟགས་འཛིན་པའི་འདོད་ཆེན་ཡི་དྭགས་རིགས་ཀྱི་དངུལ་སྡུད་ལག་ཆ་ཞིག་ཏུ་གྱུར། དཔེར་ན་སྒོར་འཇུག་པའི་སྒོ་ཡིག་ཉོ་དགོས་པར་མ་ཟད། ལྷ་ཁང་སོ་སོ་དང་། ལྷ་སྐུ་སོ་སོའི་རྟེན་མཇལ་གྱི་རིན་གོང་བཅད་དེ་མཇལ་རྟེན་ལེན་པ་དང་། གསོན་པོའི་སྐུ་རིམ་དང་། ཤི་བོའི་དགེ་རྩའི་ཆོས་འདོན་ཆོས་ཀློག་གི་རིན་ཐང་བཅད་ནས་འབུལ་དངུལ་མཐོན་པོ་ལེན་པ་དང་། སྤོས་ཐུར་དང་མཆོད་མེ་གོང་ལོག་ལེན་པ་དང་། མཐའ་ན་སྤོས་སྒྲོན་པ་དང་ཅོང་བརྡུང་བ་ལའང་སྔ་ཕྱིའི་ཨང་གུ་བསྒྲིགས་ཏེ་ཨང་གྲངས་ལྟར་གོང་ལོག་ལེན་པ་སོགས་ཚོད་མེད་བྱེད་ཅིང་། དགོན་པར་མཆོད་མཇལ་བྱས་བས་ཉོན་མོངས་སྡིག་སྒྲིབ་མ་དག་ཀྱང་། རྟེན་མཇལ་བྱེད་མཁན་གྱི་དངུལ་ཁུག་འཕྲོག་བཅོམ་བྱས་ཏེ་སྟོང་བར་བཏང་བ་ཁོ་ཐག་རེད། དེ་འདྲའི་དགོན་པར་བདུད་ཡོད་ལ་ལྷ་མེད། དངུལ་ཡོད་ལ་ཆོས་མེད། འདྲེ་ཡོད་ལ་གྲྭ་བ་མེད། རྒྱུ་ནོར་སྡུད་ཐབས་སུ་ལྷ་ཁང་བཞེངས་པ་ལྟ་བུ་དགེ་བའི་ལས་སུ་འགྲོའམ་ཅི། དེ་འདྲའི་ལྷ་ཁང་རྣམས་ནི་ཕྱིའི་རྣམ་པ་ལྷ་ཁང་ཡིན་ཀྱང་། དོན་གྱིས་མི་གསོད་པའི་བདུད་ཀྱི་བཤས་རྭ་ཡིན་ལ། ཕྱིའི་རྣམ་པ་ལྷ་སྐུ་ཡིན་ཀྱང་དོན་གྱིས་གྲྭ་རྟགས་འཛིན་པའི་ཁ་ལ་མེ་འབར་རིགས་ཀྱི་དངུལ་སྡུད་ལག་ཆར་གྱུར་འདུག  འདོད་ཆགས་དང་བྲལ་བ་ཆོས་དཀོན་མཆོག་གི་དོན་ཡིན་པས། དགོན་པ་འདིའི་རིགས་ཆོས་སྤེལ་ས་དང་། གྲྭ་བ་འདིའི་རིགས་ཤཀྱའི་དགེ་སློང་ཡིན་ནམ། གནས་ཚུལ་འདིའི་རིགས་ནི། ཅོང་སྒྲ་དང་སྤོས་དུད་འཐིབ་པའི་ཡོལ་བས་བསྒྲིབ་པའི་འོག་གི་སྤྱོད་ངན་བདུད་ལས་ཡིན་པས། མི་རྣམས་རིག་པ་སྒྲིམ་པོ་བྱེད་དགོས་ཤིང་། རྒྱུ་ནོར་ཕུད་ནས་གླེན་པའི་ཐོབ་ཐང་ཉོ་མི་རིགས་སོ།།
   གཞན་ཡང་སྲོག་གཅོད་པ་ཡང་སྡིག་པ་ཡིན་མིན་བསམ་པའི་ཀུན་སློང་དང་ངོ་བོ་འབྲས་བུ་བཅས་ཀྱི་སྟེང་ནས་འབྱེད་དགོས་ཏེ། དཔེར་ན་གསུང་རབ་ནང་གི་དེད་དཔོན་སྙིང་རྗེ་ཅན་གྱིས་ཚོང་བ་མང་བོའི་ཚེ་སྲོག་དང་རྒྱུ་ནོར་བསྲུང་བའི་དོན་དུ་མཚོ་ཇག་མི་ནག་མདུང་ཐུང་ཅན་བསད་པའི་ལོ་རྒྱུས་ལྟ་བུ། རྗེས་སུ་དེད་དཔོན་སྙིང་རྗེ་ཅན་སྟོན་པའི་དྲུང་དུ་སྡིག་བཤགས་བྱེད་པར་སོང་བའི་ཚེ། བཅོམ་ལྡན་འདས་ཀྱིས་ཁྱོད་ཀྱི་སྤྱོད་པ་འདི་དགེ་བ་ཡིན་སྡིག་པ་མིན་གསུངས་སོ། བྱང་སེམས་ཀྱི་སྡོམ་པར་འགྲོ་བའི་ཕན་དོན་འགྱུར་ན་རྫུན་དང་སྲོག་གཅོད་སོགས་བྱེད་ཆོག་པའི་དམིགས་བསལ་གནང་ཡོད། གསང་སྔགས་ཀྱི་ནང་དུ་ཞི་རྒྱས་དབང་དྲག་གི་ལས་བཞི་ཡོད། རྭ་ལོས། དམ་ཉམས་བསྒྲལ་བ་སྔགས་ཀྱི་དམ་ཚིག་ཅེས་གསུངས་པས། འགྲོ་བའི་ཕན་བདེ་ལ་དམིགས་ནས་ཞིང་བཅུ་ཚང་པའི་དམ་ཉམས་བསྒྲལ་བ་ལྟ་བུ་སྦྱོར་སེམས་མི་དགེ་ཡང་། ཀུན་སློང་དང་ངོ་བོ་དགེ་བ་ཡིན། སེམས་ཅན་གསོད་པ་ཡང་ཀུན་སློང་དང་དམིགས་ཡུལ་སྟེང་ནས་དགེ་སྡིག་འབྱེད་དགོས་ལ། གཏན་ནས་སྲོག་བཅད་མི་ཆོག་པ་མིན། དཔེར་ན་མི་སྐྱ་རྣམས་སེམས་ཅན་གསོད་པ་འགོག་པའི་ཚེ། དེ་དག་འཚོ་བའི་ཆ་རྐྱེན་གནང་སྦྱིན་སྦྱོར་སྒྲུབ་མ་བྱས་པར། འབྲོག་པ་དང་ཉ་བ་རྣམས་ཀྱི་ཐོན་བསྐྱེད་འབྱོར་བ་དང་། འཚོ་བར་གནོད་རྐྱེན་དུ་གྱུར་ན། མི་དམངས་ཀྱི་ཕན་བདེ་གཙོ་བོར་འཛིན་པའི་ཐབས་ཤེས་ཀྱི་སྤྱོད་སྟངས་མིན་ནོ།  དེ་ཡང་སངས་རྒྱས་ཀྱི་ཆོས་ལུགས་ཇི་ལྟར་རྒྱ་ཆེ་ཡང་དོན་རྩ་དང་། རྩ་བ་དང་ཡན་ལག་གི་དབྱེ་བ་མེད་པ་ཞིག་མིན་ལ། ཆོས་ཀྱི་རྩ་བ་ནི་སེམས་ཀྱི་དྲི་མ་དག་པར་བྱེད་པ་དང་། གཙོ་བོ་ནི་སེམས་ཀྱི་ནང་དུ་ཤེས་རབ་ཀྱི་སྒྲོན་མེ་སྦར་ནས་མ་རིག་མུན་པ་བསལ་བ་དེའོ། ཟས་གང་ཟ་དང་མི་ཟ། དུ་བ་འཐེན་དང་མི་འཐེན་སོགས་འཇིག་རྟེན་གོམས་གཤིས་སུ་གཏོགས་པའི་རིགས་རྣམས་སྙིང་བོའི་དོན་འགྲུབ་པ་ལ་འབྲེལ་བ་དེ་ཙམ་མི་ཆེ་བར་བསམས་སོ། དེང་སང་ཆོས་ཀྱི་རྗེས་འཇུག་མང་བོ་ཞིག་གིས་ཆོས་ཀྱི་རྩ་བ་བོར་ནས། ཕྱི་ཡི་རྣམ་འགྱུར་དང་བཟོ་ལྟ་སྟེང་ནས་རྒྱས་སྤྲོས་བྱེད་པ་དང་། དོན་ཕྲན་བུར་སྤར་འཛིན་བྱེད་པ་སོགས་ནི། ཚོང་བ་གཡོ་སྒྱུ་ཅན་རྣམས་ཚོང་རྫས་ཀྱི་ཕྱི་ཐུམ་ལ་གང་མཛེས་བཟོས་ཤིང་ནང་གི་དངོས་རྫས་ཀྱི་རྒྱུ་སྤུས་ལ་མཉམ་འཇོག་མི་བྱེད་པ་བཞིན་ནོ།།
          ཞེས་དོར་ཞི་གདོང་དྲུག་སྙེམས་བློས་མང་མང་གིས་དྲིས་ལན་དུ་བྲིས།

          དབུ་མའི་ཟབ་གནད་གསལ་བའི་མེ་ལོང་ཞེས་བྱ་བ།
 
  ༄༅།།ཆོས་ཀྱི་གནས་ལུགས་གཟིགས་ཤིང་སྟོན་པ་ཡི། །སྟོན་མཆོག་ཤཱཀྱའི་རྒྱལ་བོ་ཀླུ་སྒྲུབ་ཞབས། །འགྲེལ་མཛད་མཉམ་མེད་ཟླ་གྲགས་བློ་བཟང་གྲགས། །གྲགས་པའི་མཚན་ཅན་རྣམ་གཉིས་དད་གུས་བསྟེན། །ཆོས་ཀྱི་གནས་ལུགས་ཞེས་པའི་ཆོས་དེ་ནི། །ཤེས་བྱ་ཡོད་པ་གཞི་གྲུབ་ཅེས་པའི་དོན། །གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད། །ཆོས་ཞེས་བྱ་བའི་མིང་གི་བརྗོད་བྱ་ཡིན། །ཆོས་ཞེས་བྱ་བའི་དངོས་པོ་ཐམས་ཅད་ལ། །ཤེས་པའི་ཡུལ་དུ་སྣང་བའི་སྣང་ལུགས་དང་། །དོན་ལ་ཇི་ལྟར་གནས་བའི་གནས་ལུགས་གཉིས། །སྣང་ལུགས་ཐ་སྙད་ཚད་མའི་སྤྱོད་ཡུལ་དང་། །གནས་ལུགས་རིགས་ཤེས་ཚད་མའི་སྤྱོད་ཡུལ་ཡིན། །དབང་ཤེས་ཡུལ་དུ་གྱུར་བ་སྣང་ལུགས་ཏེ། །གནས་ལུགས་ཡིད་ཤེས་ཁོ་ནའི་སྤྱོད་ཡུལ་ཡིན། །དེ་ཡང་འཕགས་པའི་མཉམ་བཞག་ཡེ་ཤེས་དང་། །སོ་སྐྱེས་རྟོག་བཅས་ཤེས་པའི་སྤྱོད་ཡུལ་ཡིན། །ཆོས་རྣམས་ཆོས་དེར་གྲུབ་ཚུལ་གཉིས་ཡོད་དེ། །དོན་གྱི་ངོ་བོའི་སྟེང་ནས་གྲུབ་པ་དང་། །མིང་དང་རྟོག་པས་བཏགས་ཙམ་གྲུབ་པ་གཉིས། །གྲུབ་ཚུལ་དེ་གཉིས་མ་གཏོགས་གཞན་མེད་པས། །གྲུབ་ན་དེ་གཉིས་གང་རུང་ལས་མ་འདས། །དོན་གྱི་སྟེང་ནས་གྲུབ་ཞེས་བྱ་བ་ནི། །གདགས་གཞིའི་ངོས་ནས་མིང་གིས་བཏགས་དོན་དེར། །དངོས་པོའི་གཤིས་སམ་རང་གི་མཚན་ཉིད་དང་། །མ་བཅོས་རང་གྲུབ་ངོ་བོ་རང་བཞིན་གྱིས། །གྲུབ་པ་ཡོད་པའམ་གནས་པའི་དོན་ཡིན་ཏེ། །དེ་ལྟར་གྲུབ་ན་རང་ངོས་ནས་གྲུབ་པས། །རང་མིན་རྒྱུ་རྐྱེན་དག་ལ་བརྟེན་མི་དགོས། །དངོས་པོ་གང་དང་གང་ཡང་རྒྱུ་རྐྱེན་ལ། །བརྟེན་ནས་གྲུབ་ཕྱིར་ངོ་བོས་གྲུབ་པ་དང་། །རང་མཚན་རང་བཞིན་གྱིས་ནི་གྲུབ་པ་མིན། །དེས་ན་དངོས་རྣམས་མིང་དང་རྟོག་པ་ཡིས། །བཏགས་ཙམ་དུ་ནི་གྲུབ་པར་དོན་གྱིས་གྲུབ། །མིང་གིས་བཏགས་ཙམ་ཞེས་པའི་ཙམ་སྒྲ་དེ། །བཏགས་་་དོན་ངོ་བོས་གྲུབ་པ་གཅོད་པ་སྟེ། །མིང་མིན་གདགས་གཞི་ཡོད་པ་གཅོད་པ་མིན། །མིང་གིས་བཏགས་པ་མིན་པའི་དོན་མེད་ཀྱང་། །མིང་གིས་བཏགས་ཚད་ཡོད་པའང་མ་ཡིན་ནོ། །མིང་གིས་བཏགས་ཙམ་གྲུབ་པའི་དངོས་པོ་དེ། །ཐ་སྙད་ཚད་མའི་ཡུལ་དུ་གྲུབ་པ་ཡི། །ཡོད་པ་དང་ནི་དངོས་པོ་ཡིན་པའི་ཕྱིར། །དངོས་པོའི་བྱ་བྱེད་གང་ཡང་བྱེད་ནུས་པས། །ཀུན་རྫོབ་ཏུ་ཡོད་ཡོད་གོ་ཆོད་ཅེས་གསུངས། །ཆོས་་རྣམས་བཏགས་དོན་རང་གི་ངོ་བོའི་སྟེང་། །གྲུབ་པ་མེད་ཕྱིར་རང་བཞིན་སྟོང་བར་བཞེད། །རང་བཞིན་སྟོང་བ་དེ་ནི་ཆོས་ཀུན་གྱི། །ཆོས་ཉིད་གདོད་ནས་གྲུབ་པའི་གནས་ལུགས་ཡིན། །གནས་ལུགས་དེ་ནི་ཆོས་དེའི་དོན་དམ་ཡིན།  །སྟོང་ཉིད་རང་བཞིན་བཀག་པའི་མེད་དགག་སྟེ། །ཆོས་ཉིད་སྟོང་ཡང་ཆོས་ཅན་མི་སྟོང་ཞིང་། །
      སྟོང་བའང་ཅི་ཡང་མེད་པའི་དོན་མིན་པས། །དོན་དམ་དུ་མེད་མེད་གོ་མི་ཆོད་གསུངས། །ཆོས་ཅན་ཆོས་ཉིད་སྟོང་ཉིད་སྟོང་གཞིར་བརྟེན། །ཆོས་ཅན་སྟོང་གཞི་་་་ཡོད་པ་གཞིར་བཞག་གིས། །ཆོས་ཉིད་སྟོང་ཉིད་ཡིན་མིན་དཔྱོད་པ་ཡིན། །རི་བོང་རྭ་དང་ནམ་མཁའ་ལྟ་བུ་ལ། །སྟོང་དང་མི་སྟོང་དཔྱོད་པའི་དགོས་པ་མེད། །གྲུབ་ན་རང་གི་ངོ་བོས་གྲུབ་པ་དང་། །ངོ་བོས་མ་གྲུབ་པ་དང་མེད་པ་གཉིས། །དོན་གཅིག་ཡིན་པར་ལྟ་བ་དངོས་སྨྲའི་ལུགས། །ངོ་བོས་མ་གྲུབ་ན་ཡང་མིང་ཙམ་གྱིས། །གྲུབ་པའི་རྟེན་འབྲེལ་དངོས་པོའི་གོ་ཆོད་པས། །ཅང་མེད་ཆད་མཐར་ལྟུང་བའི་འགལ་བ་མེད། །ངོ་བོས་ཡོད་པའམ་རང་བཞིན་གྱིས་ཡོད་པ། །བདེན་པའི་དོན་དུ་ཡོད་པ་ཡིན་པའི་ཕྱིར། །དེ་ལྟར་མེད་པས་བདེན་པར་མེད་པ་དང་། །མི་བདེན་རྫུན་པ་སྒྱུ་མ་ལྟ་བུར་གསུངས། །ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་པའི་ཕྱིར། །རྫུན་པ་ཞེས་པའང་དངོས་རྣམས་ངོ་བོའི་སྟེང་། །མ་གྲུབ་བཞིན་དུ་གྲུབ་འདྲར་སྣང་བ་ཡི། །རྒྱུ་རྐྱེན་རྟེན་འབྲེལ་གྱིས་བཟོས་བཅོས་མའི་དོན། །ཤེས་པ་འཁྲུལ་ངོར་ཟླ་གཅིག་ཟླ་གཉིས་སུ། །ཤར་པའི་རྫུན་པ་དེ་དང་གཏན་མི་འདྲ། །.ཀུན་རྫོབ་བདེན་པ་འཇིག་རྟེན་ངོར་བྱས་ཀྱང་། །ཀུན་རྫོབ་ཙམ་ནི་འཇིག་རྟེར་ངོར་བྱས་མིན། །སངས་རྒྱས་ས་ནའང་བདེན་གཉིས་ཡོད་པའི་ཕྱིར། །ཤེས་པའང་ཇི་ལྟ་ཇི་སྙེད་གཉིས་སུ་གྲུབ། །འཁྲུལ་ཤེས་མེད་པའི་ཇི་སྙེད་མཁྱེན་པའི་ངོར། །ཀུན་རྗོབ་གཟིགས་ཤིང་གཞན་ངོར་བསྐྱེལ་མི་དགོས། །ཀུན་རྫོབ་ཆོས་རྣམས་རྒྱལ་བས་མ་གཟིགས་ན། །ཤེས་བྱ་ཕྱེད་མི་མཐོང་བའི་སྐྱོན་དེ་འཇུག །ཀུན་རྫོབ་རྫུན་དང་འཁྲུལ་ཤེས་རྫུན་གཉིས་ཀྱི། །ཁྱད་པར་མ་ཤེས་ཐ་སྙད་བདེན་པའི་ཆོས། །རྫུན་ཕྱིར་དགེ་སྡིག་ལས་འབྲས་བཅིང་ཐར་སོགས། །མེད་པར་ལྟ་བའི་གཡང་ས་ཆེན་པོར་ལྷུང་། །གཟུགས་ནི་སྟོང་བ་སྟོང་བ་ཉིད་ནི་གཟུགས། །གཟུགས་ལས་སྟོང་ཉིད་གཞན་མིན་སྟོང་ཉིད་ལས། །གཟུགས་གཞན་མིན་ཞེས་ཤེར་མདོའི་ཚིག་དེ་དག །མཁས་པ་མ་ཟད་བླུན་པོའི་ཁ་ནའང་གནས། །ནེ་ཙོའི་མ་ཎིའི་ཚུལ་དུ་མ་སོང་ན། །གཟུགས་ནི་གཟུགས་ཀྱིས་སྟོང་བ་རང་སྟོང་དང་། །ཆད་སྟོང་ཟེར་ནས་སྨྲ་ལྕེ་རྐྱོང་མི་སྲིད། །ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྟོང་བ་ཉིད། །ཡིན་པར་རྒྱལ་བས་ལན་གཅིག་མིན་པར་གསུངས། །ཐམས་ཅད་ཅེས་པའི་ནང་དུ་མ་ཐེ་བའི། །སྟོང་མིན་ཆོས་ཤིག་ཡོད་པ་ངོ་མཚར་ཆེ། །གཟུང་བ་ཡུལ་མེད་སེམས་ཀྱི་སྣང་ཆ་དང་། །སེམས་ནི་མི་སྟོང་བདེན་གྲུབ་ཡིན་ཞེས་པའི། །སེམས་ཙམ་ལུགས་དེར་དབུ་མ་ཆེན་པོ་ཞེས། །མིང་ཞིག་བཏགས་ཀྱང་དོན་གྱི་ཁྱད་ཆོས་མེད། །རྟག་་བརྟན་གཤེགས་སྙིང་ཁས་ལེན་རྟག་མཐར་ལྷུང་། །ཆོས་གཞན་སྟོང་བ་ཅང་མེད་ཆད་མཐར་ལྷུང་། །དབུ་མ་ཞེས་པ་མཐའ་གཉིས་སྤངས་པའི་དོན། །མཐའ་ལ་ལྷུང་བཞིན་དབུ་མར་རློམ་པ་མཚར། །སྟོང་བས་མེད་མཐའ་བཀག་པས་རང་བཞིན་གྱིས། །གྲུབ་པའི་བདེན་དངོས་དང་ནི་ཆད་མཐའ་བཀག །སྣང་བས་ཡོད་མཐའ་བཀག་པས་ཐ་སྙད་དུ། །ཡོད་ཙམ་མི་འགོག་བདེན་དངོས་རྟག་མཐའ་བཀག །སྣང་བས་སྟོང་བ་མི་འགོག་སྟོང་བས་ཀྱང་། །སྣང་བ་མི་འགོག་སྣང་སྟོང་གཞི་གཅིག་ཏུ། །ཆོས་དང་ཆོས་ཉིད་གཤིས་སུ་གྲུབ་པ་ཡི། །བདེན་གཉིས་ཟུང་འཇུག་དབུ་མ་ཐལ་འགྱུར་ལུགས། །དཔེར་ན་མིག་གི་སྣང་ངོར་གཟུགས་ཡོད་ཀྱང་། །ཡིད་ཀྱི་ཤེས་ངོར་གཟུགས་ཀྱི་ངོ་བོས་སྟོང་། །མིག་ལ་གློག་བརྙན་གཟུགས་དངོས་དང་འདྲ་ཡང་། །ཡིད་ཀྱིས་དེ་ལ་བདེན་པར་སུ་ཡིས་འཛིན། །རང་བཞིན་ཞེས་པ་ལྟོས་མིན་འགྱུར་མེད་དོན། །ལྟོས་མིན་འགྱུར་མེད་དངོས་པོ་ཡོད་མིན་པས། །རང་བཞིན་གྱིས་གྲུབ་དངོས་པོ་ཡོད་མ་ཡིན། །རྒྱུ་རྐྱེན་དག་ལ་ལྟོས་མེད་རང་དབང་དུ། །འབྱུང་བའི་དངོས་བོ་སྲིད་ན་འབྲུ་དྲུག་གི། །ས་བོན་མ་བཏབ་ལོ་ཏོག་སྐྱེ་བ་དང་། །ཚོགས་གཉིས་མ་བསགས་སྐུ་གཉིས་ཡོད་པར་འགྱུར། །ཆོས་ཀྱི་རང་བཞིན་མི་འགྱུར་རྟག་པ་ཞིག །ཡིན་ན་སྔོན་ནས་ཇི་ལྟར་ཕྱིས་ཇི་ལྟར། །སྣོད་བཅུད་བཀོད་པ་སྐྱེ་འཇིག་མེད་པ་དང་། །རྨོངས་པའི་སེམས་ཅན་གྲོལ་ཐོབ་མི་སྲིད་དོ། །ལྟོས་མེད་མི་འགྱུར་རང་བཞིན་མེད་པའི་ཕྱིར། །ཅིར་ཡང་བསྒྱུར་རུང་གང་ཡང་སྒྲུབ་པར་ནུས། །དྲི་བཅས་སེམས་ཀྱི་ཆོས་ཉིད་སྟོང་བའི་ཕྱིར། །དྲི་མེད་རྒྱལ་བའི་ཆོས་སྐུར་བསྒྱུར་བར་ནུས། །གང་ལ་སྟོང་བ་ཉིད་རུང་དེ་ལ་ནི། །ཐམས་ཅད་རུང་ཞེས་གསུངས་པའི་དོན་ཡང་དེ། །རྟག་གཅིག་རང་དབང་ཅན་གྱི་བདག་དེ་ལ། །རྟག་བརྟན་བདེ་གཤེགས་སྙིང་་་བོའི་མཚན་གསོལ་ཞིང་། །རྒྱུ་མེད་རྐྱེན་མེད་རང་བྱུང་ལྷུན་འགྲུབ་ཀྱི། །ཆོས་སྐུ་ཀུན་ཏུ་བཟང་བོ་ས་འོག་གི། །གནའ་རྗས་བཞིན་དུ་སེམས་ཀྱི་རྫ་ཁོག་ནང་། །བསྐུང་ནས་ཡོད་པ་བླུན་རྨོངས་ལུག་འདྲས་ཀྱང་། །ཅི་ཡང་མི་བསམ་མི་རྟོག་ཏིང་འཛིན་གྱིས། །ཤ་མོ་བརྡོལ་བཞིན་ཆོས་སྐུ་འཐོབ་ཅེས་ཟེར། །ཆོས་ཀུན་ཆོས་ཉིད་མེད་དགག་སྟོང་བ་ཉིད། །ཡིན་ཕྱིར་དེ་ནི་དངོས་མེད་འདུས་མ་བྱས། །མ་སྐྱེས་མ་འགག་ནམ་མཁའི་ངོ་བོར་གསུངས། །མཉམ་བཞག་ཡེ་ཤེས་དངོས་བོ་མ་གཟིགས་པ། །མེད་པས་མ་གཟིགས་པ་མིན་ཡུལ་མིན་པས། །མིག་གིས་སྒྲ་མ་མཐོང་བ་ལྟ་བུ་ཡིན། །མ་མཐོང་བ་དེ་མེད་པར་མཐོང་བ་མིན། །མིག་གིས་སྒྲ་མ་མཐོང་ཡང་སྒྲ་མེད་མིན། །ཇི་ལྟ་ཇི་སྙེད་བློ་གཉིས་ཡུལ་གྱི་ངོས། །གཞི་གཅིག་ན་ཡང་རྣམ་པ་ཐ་དད་པས། །ཤེས་པ་སོ་སོས་སོ་སོར་མཐོང་བ་ཡིན། །བདེན་གཉིས་གཅིག་ཅར་མཐོང་བའི་ཚེ་ན་ཡང་། །ཡུལ་གཉིས་ཤེས་པ་གཅིག་གིས་མཐོང་བ་མིན། །ཆོས་ཅན་རྟེན་འབྲེལ་སྣང་ཚུལ་ཐ་དད་པས། །ས་ཆུ་མེ་རླུང་མཚན་ཉིད་མི་གཅིག་ཅིང་། །མི་དང་དུད་འགྲོ་གཟུགས་ཤེས་མཉམ་ཚུལ་མེད། །ཆོས་ཉིད་སྟོང་བ་དངོས་ཀུན་ཁྱད་མེད་པས། །ཆོས་ཀུན་མཉམ་པ་ཉིད་དང་རོ་གཅིག་གསུངས། །དོན་དམ་པར་ནི་ཡོད་པ་མ་ཡིན་ཞིང་། །ཀུན་རྫོབ་ཏུ་ནི་མེད་པ་མ་ཡིན་པས། །ཡོད་མིན་མེད་མིན་ཞེས་པར་གསུངས་པ་ཡིན། །དོན་དམ་པར་ནི་མེད་པ་མ་ཡིན་ཞིང་། །ཀུན་རྫོབ་ཏུ་ནི་ཡོད་པ་མ་ཡིན་ཞེས། །ལྡོག་སྟེ་སྨྲ་ན་ལུང་རིགས་ཉམས་མྱོང་དང་། །འགལ་བའི་བདེན་གཉིས་སྒྲོ་སྐུར་མཐར་ཐུག་ཡིན། །ཀུན་རྫོབ་ཏུ་ཡང་མེད་པ་ཆད་ལྟ་སྟེ། །སེམས་ཡོད་ཕྱི་དོན་མེད་པ་དྲང་བའི་དོན། །ཐ་སྙད་དུ་ནི་ཡུལ་ཤེས་གཉིས་ཀ་ཡོད། །དོན་དམ་པར་ནི་གཉི་ག་མེད་པ་ཡིན། །དངོས་པོ་ཞེས་པའང་བདེན་གྲུབ་ཡིན་མིན་གཉིས། །ཡོད་པ་ཞེས་པ་བདེན་ཡོད་ཡོད་ཙམ་དང་། །མེད་པ་ཞེས་པ་རང་བཞིན་མེད་པ་དང་། །གཏན་མེད་མེད་པ་ཚིག་གཅིག་དོན་ཐ་དད། །ཡོད་གཉིས་མེད་གཉིས་ཁྱད་པར་མ་ཤེས་པར། །ཡོད་ན་བདེན་པར་་ཡོད་པས་ཁྱབ་པ་དང་། །མེད་ན་གཏན་མེད་ཡིན་པའི་ཁྱབ་ཟེར་བ། །ཚིག་གི་ཐ་སྙད་ཙམ་ཡང་མ་ཤེས་རྟགས། །བདག་མེད་ཅེས་པའི་བདག་དེ་བདག་གཞན་དུ། །ཕྱེས་བའི་བདག་གི་དོན་མིན་དངོས་རྣམས་ཀྱི། །གཞན་ལ་རག་མ་ལས་པའི་རང་བཞིན་ཞེས། །གསུངས་ཕྱིར་ཚུགས་ཐུབ་དང་ནི་རང་བཞིན་དོན། །དེ་འདྲའི་ཚུགས་ཐུབ་རང་བཞིན་མེད་པའི་ཕྱིར། །ཆོས་དང་གང་ཟག་རང་བཞིན་མེད་པར་གསུངས། །
     རྣམ་བདུན་གྱིས་དཔྱད་ཤིང་རྟ་མི་རྙེད་ཀྱང་། །ཤིང་རྟ་མེད་མིན་དེ་བཞིན་ཕུང་བོ་ལ། །དཔྱད་པས་ང་ནི་འདི་ཞེས་མི་རྙེད་ཀྱང་།མ་བརྟག་ཕུང་བོར་བརྟེན་ནས་བཏགས་ཙམ་གྱི། །ང་ཁྱོད་ཅེས་པའི་ང་དེ་མེད་པ་མིན། །ང་དེ་འཁོར་འདས་རྟེན་དུ་མེད་མི་རུང་། །སྙིང་གི་ཁོང་ནས་རང་དང་ང་ཞེས་པར། །བདག་ཏུ་བཟུང་ཞིང་ཞེན་ཆགས་སྐྱེ་བ་ཡི། །ཞེན་ཡུལ་ང་དེ་བདེན་པར་མ་གྲུབ་པར། །མཐོང་ནས་རྒུད་པའི་རྩ་བ་བདག་འཛིན་གཅོད། །རང་བཞིན་གྱིས་གྲུབ་ང་དེ་མ་གྲུབ་ཀྱང་། །ལྟོས་བཏགས་ང་ཙམ་ཡོད་པ་མི་འགལ་ཞིང། །ང་དེ་འཁོར་འདས་ཀུན་གྱི་རྟེན་བྱེད་པས། །རི་རྭ་བཀག་ཀྱང་རི་བོང་གསོད་མི་དགོས། །རྟོག་པ་ལ་ཡང་དོན་སྤྱི་འཛིན་པ་དང་། །
      བདེན་འཛིན་རྟོག་པ་ལོག་རྟོག་ཡང་དག་རྟོག །སྒྲ་གཅིག་གིས་ནི་དོན་མང་སྟོན་པའི་ཕྱིར། །ཡང་དག་རྟོག་དང་ལོག་རྟོག་མི་ཕྱེད་ཅིང་། །སྤང་བྱའི་རྟོག་པ་ཡིན་མིན་མ་ཕྱེ་བར། །སྐྲ་དང་སྨྲ་ར་མཉམ་བསྲེས་མཉམགཅོད་ཀྱིས། །རྟོག་པ་ཐམས་ཅད་སྤངས་པ་བླུན་པོའི་ལུགས། །རྟོག་པ་མེད་པ་ཙམ་གྱིས་སངས་རྒྱས་ན། །རྟོག་མེད་དུད་འགྲོ་དང་ནི་ས་རྡོའི་སྐུ། །སངས་རྒྱས་ས་ལ་གནས་པར་གོར་མ་ཆག །ཐོས་བསམ་སྒོམ་གསུམ་རྟོག་པར་བརྟེན་པའི་ཕྱིར། །སོ་སྐྱེས་ས་ལ་རྟོག་པ་སྤངས་མི་ནུས། །ཆོས་འཁོར་སྐོར་བ་མིང་ཚིག་ལ་བརྟེན་ཕྱིར། །སངས་རྒྱས་ལ་ཡང་རྟོག་པ་ཡོད་པར་མངོན།(1) །མི་རྟོག་ལྷུན་འགྲུབ་སེམས་ཀྱི་བྱེད་རྩོལ་ལ། །བརྟེན་མི་དགོས་པའི་དོན་ཡིན་སེམས་མེད་པར། །ཆད་པའི་མྱང་འདས་ལྟ་བུ་ཡིན་ཟེར་ན། །ཡེ་ཤེས་ཆོས་སྐུ་མེད་པར་ཐལ་བར་འགྱུར། །སྟོན་པ་འཇིག་རྟེན་བྱོན་པའི་དགོས་པ་གཅིག།རྟེན་འབྱུང་སྟོང་བའི་དོན་དུ་གསུངས་འདི་ཡིན། །དོན་དེ་ཀླུ་སྒྲུབ་ཟླ་གྲགས་ཙོང་ཁ་བས། །བཀྲལ་བ་ཁོ་ན་ཚད་མའོ་ཚད་མར་ཤེས། །ཤེས་ནས་དད་ཐོབ་ཐོས་དང་བསམ་པ་ཡིས། །དབུ་མའི་གཞུང་ལ་བག་ཆགས་བཞག་པ་དང་། །དོན་སྤྱིའི་གོ་བ་རག་ཙམ་ཆགས་པ་འདི། །ཡུལ་དུས་ཐུན་རྐྱེན་རྟེན་འབྲེལ་ལེགས་འཛོམས་པས། །འཇམ་མགོན་བླ་མའི་བསྟན་དང་མཇལ་བའི་དྲིན། །བྱེ་ཐང་སྐམ་པོར་འཁྱམ་པས་་དུབ་རྣམས་ལ། །སྐོམ་སེལ་བདུད་རྩིའི་མཆོད་སྦྱིན་འགྱེད་པའི་ཕྱིར། །འཇམ་མགོན་བླ་མའི་ལེགས་བཤད་ཆུ་མཚོ་ལས། །སྙིམ་པས་བཅུས་འདི་གདོང་དྲུག་སྙེམས་བློའོ། །
      (1)སངས་རྒྱས་ལ་རྟོག་པ་ཡོད་པའི་ལུང་གི་སྒྲུབ་བྱེད་ནི།མདོ་སྡེ་སངས་རྒྱས་ཕལ་བོ་ཆེའི་བྱང་ཆུབ་སེམས་དཔའ་འདུས་པའི་ཚིགས་སུ་བཅད་པ་བསྟན་པའི་ལེའུ་ཉེར་དགུ་བ་ལས།འཇིག་རྟེན་ཁམས་ནི་ཚད་མེད་པར།།ཐུབ་པའི་རྣམ་པར་རྟོག་པ་ལྡན།།ཞེས་འབྱུང་ངོ་།།

༼རྒྱ་ཡིག་གི་བོད་མིའི་རིག་གནས་དྲ་བའི་པོད་ཁུག་ལས་དྲངས་པའོ༽
 
རྩོམ་ཁུངས། བོད་མིའི་རིག་གནས་དྲ་བའི་པོད་ཁུག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དོར་ཞི་གདོང་དྲུག་སྙེམས་བློ་མཆོག་གི་ཕྱག་རྩོམ་ཚན་པ་གཉིས།

2014-03-01 དོར་ཞི་གདོང་དྲུག་སྙེམས་བློ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།