སྙན་ངག་རིང་མོ༼ཝུ་བ་སོབ་སོབ༽ཀྱི་ལེའུ་དང་པོ། རྨི་ལམ་ཁྲ་ཁྲ།

           ལེའུ་དང་པོ། རྨི་ལམ་ཁྲ་ཁྲ།
 
           ༡
 
“ གྲེ་བ་གསེད་རྗེས་ཀྱི་སེམས་ཁྲལ་ནི། ངག་བསྡམས་འདུག་པའོ། ”
 
གཟུགས་མེད་ཀྱི་སྲེད་པའི་ཚོགས་ནི་ཤེས་རབ་ཀྱི་ཚབ་ཏུ
སྡོད་ཁང་ཆུང་ཆུང་འདིའི་འོད་ཀྱི་ངོ་བོར་འཐིམ་པས།
 
བདག་གི་གྲིབ་མའི་ནང་དུ། མིག་ནི་ལྡོང་བ་དང་ངག་ནི་ལྐུགས་པ།
རྣ་འོན་པ། སེམས་ནི་ཉོན་མོངས་ཀྱིས་བསྒྲིབས་པའི་གར་མ་ཞིག་བསླེབས་འདུག་ལ།
མོས་སྒེག་ཉམས་དང་བཅས་རྡོག་ཁྲེས་ས་ལ་བཞག་པ་ཙམ་གྱིས།
“ གུས་པོར་ཚེ་གཅིག་གི་རྨི་ལམ་བསྩལ་བྱུང་། ”
 
“ སྐྱེ་འཆི་དེ་སྐད་ཅིག་མའི་ཙམ་ལ།
རླུང་གི་གཤོག་པ་ནས་དཔྱངས་པའི་ཕྱེ་ལེབ་མོ་ཞིག་ཏུ་སྤྲུལ་ནས།
ཁྱོད་རང་མཐོང་ཡོང་གི་འདུག་ཟེར། ”
 
“ ནག་ཤུ་རེར་མངོན་པའི་མཁའ་དབྱིངས་ཀྱི་ངོས་སུ
ཀེང་རུས་ཀྱིས་བཟོས་པའི་སྐར་མ་སྨིན་དྲུག་དེ་འཚེར་གྱིན་འདུག་པ་ལས
ང་ཟེར་བ་དེ་ཡེ་ནས་རྙེད་རྒྱུ་མ་བྱུང་། ”
 
            ༢
 
“ ནད་ཁྲི་དཀར་པོ་དེའི་སྟེང་དུ་མིག་ལམ་དུ་འཁོར་བ་ཐམས་ཅད་ལ
བཤགས་པ་བར་མེད་དུ་བྱས་རྗེས།
བྱིས་དུས་ཀྱི་རྨི་ལམ་ཞིག་དྲན་འོངས། སང་ཉིན་ལ་སྟ་གོན་བྱེད་པའི་གཞོན་ནུའི་དུས་དྲན་འོངས།
དེའི་འཕྲོར་འཆི་བ་མི་རྟག་པ་དྲན་འོངས། ”
 
དེ་ལྟ་ནའང་། གདོང་ལ་བྲན་པའི་ཆུ་ཐིགས་དེས་ང་རང་སད་པར་བྱས་སོང་།
 
ལུས་པོའི་བདེ་བ། སྨྲ་ལྕེའི་བདེ་བ། ཉིན་མཚན་གྱི་བདེ་བ།
 
ཨོ། ཡབ་ཡུམ་གྱི་མིག་ཆུ།
 
          ༣
 
ཤེས་རབ་ཀྱིས་རྙེད་པའི་གཡུ་བྱུར་གྱི་ཁ་དོག
རྒྱ་མཚོའི་གཏིང་ལས་ཐར་བའི་ངུ་དངངས་ཀྱིས་མེས་པོའི་དྲན་པ་བསུབ་པར་བྱས།
 
ཀུན་སྤྱོོད་ལ་གཡོལ་འདོད་པའི་ང་ཡི་བུ་ཆུང་གིས
མདང་གི་རྨི་ལམ་དེ་ཡང་དང་བསྐྱར་དུ་འཆད་ཀྱང་ཉན་མཁན་རང་ཉིད་ལས་མི་འདུག་པའོ།
 
ང་ཡི་རྟ་ཕོ་ཁྱེད་ཅག་གི་སྒུལ་བར་སླ་བའི་གངས་རི་དེའི་མདུན་དུ
ཐང་ཆད་པར་གྱུར། རྟ་ཕོ། རྟ་ཕོ།
 
མཚེར་ཤུལ་དུ་རྙེད་པའི་ལྡེ་མིག་ཟད་པོ་དེས
ཚོས་ཀྱིས་སྤྲས་པའི་ནམ་མཁའ་འདིའི་སྒོ་མོ་འབྱེད་ཐུབ་བམ།
 
           ༤

གསང་བའི་དགུ་ཚིགས། གཟི་ཁྲ་ཁྲ། ཤེད་ཀྱིས་བསྒུལ་དགོས་པའི་སྲོག་གི་བདག་པོ།
མུན་ནག་ལས་ཐར་བའི་སྦྲུམ་མའི་ཨག་སྐད།
 
ཁང་བ་འདི་ནས་ཅི་ཞིག་ལུས་སོང་།
 
རྡོ་ཁང་གྲུ་བཞི། དུས་ཚོད་ཀྱི་བསྐྱུག་ལྡད་འོག་གི་རང་དབང་ཟེར་བའི་ཐ་སྙད། ངའི་རང་དབང་།
གསལ་ལ་མི་གསལ་བའི་དབུགས་རྒྱུན། ཀུ་ཅོ།
 
གནས་འདི་ནས་ཅི་ཞིག་ལུས་སོང་།
 
            ༥
 
གློག་ཞུ་དེ་ཤེས་རབ་ལས་བཟོས་པ་རེད།
འོད་མདངས་མག་མོག་དེས་བསྐྱེད་པའི་ཁོར་ཡུག་གི་ཁྲོད་དུ
 
སྣང་བ་ཟ་ཟི་ཞིག་གི་དབང་དུ་ཕྱེས་པའི་ངའི་མིག་ཟུང་འདི
གློ་བུར་ཏུ་མཚོ་རྫིང་སྟོང་བ་ཞིག་ཏུ་གྱུར་སོང་།
 
“ བར་སྣང་གི་ཕོ་བྲང་།
དེ་ལ་སྤྲེལ་བའི་ལྕགས་རི། དེའི་ཡང་སྟེང་གི་རླུང་།
དར་ལྕེ། སྒྲ་དབྱངས།
སྐད་ཅིག་སྐད་ཅིག་ལ་མངོན་པའི་རྨི་ལམ་གྱི་རྒྱལ་སྲིད། རྡུལ་གྱི་མཚོན་ཆ།
དབང་བསྒྱུར་བ་སུ་ཡིན་ནམ། ”
 
དཀའ་ཚེགས་མེད་པར་རྟོག་བཟོའི་ཡུལ་ཁམས་ཤིག་རྙེད།
གནས་དེའི་ནམ་མཁའ་སྨུག་པས་བཟུང་།
 
མིག་ཆུ་ཁྲོམ་ཁྲོམ་དུ་བཞུར། མིག་ཆུ་ཁྲོམ་ཁྲོམ་དུ་བཞུར།
 
        ༦
 
ལྕགས་ཀྱི་མཆེ་བ་མང་པོས
ཚེ་གང་བོར་ཁྱོད་ཀྱི་སྦྲ་ནག་ལ་སོ་འབྲད་བྱས་ཏེ། དེའི་ནང་སྙིང་གི
མཆོད་སྟེགས་ཀྱི་སྒྲོན་མེའི་སྡོང་རྐང་རྨུར་འདོད་སྐྱེས།
 
མཁའ་དབུགས་འཁྱག་པ་དེའི་འོག་ཏུ
ངས་རང་གི་ཡུགས་སར་ལུས་པའི་མ་ཡུམ་ལགས་རྟ་ལ་བསྐྱོན་ཞིང
རྡོག་ཁྲེས་ཙག་ཙིག་བཟུང་ནས་བྲོས།
 
“ སྐྱེ་བོ་དེའི་རྨི་ལམ་དུ་མེ་ཏོག་ཅིག་བཞད་ནས་རྙིད་པར་གྱུར།
ཉི་མ་དེའང་ཤར་ཙམ་གྱིས་མི་སྣང་བར་གྱུར་སོང་། ”
 
མེ་འོད་ཆེན་པོ་དེའི་མཐའ་རུ
ངེད་གཉིས་ངལ་གསོ་ཕྲན་ཙམ་བརྒྱབ། འཇིགས་དངངས་མེད་པར་བྱས།
སྐྱ་མདའ་འཁྱུག་པར་སྒུག་འདོད་གཏན་ནས་མ་བྱུང་བར་སླར་ཡང་ལམ་ལ་ཆས།
 
དེའི་མུར། ཁྲ་ཆིལ་དགུ་ཆིལ་གྱི་སྐར་ཚོགས་དེའང
མེད་པར་གྱུར་སོང་། མ་ཡུམ་ལགས་སྐྲག་ནས་རྒྱབ་ཏུ་འཁུར་བའི་ཐང་ཀ་དེ
རྩྭ་སྐྱའི་གསེབ་ཏུ་གཡུག་སོང་།
 
རྩྭ་སྐྱ་མེ་རུ་སྦར། མེ་ལྕེ་མཐོང་ལམ་ཡངས་པོར་མཆེད།
 
             ༧
 
“ བཙན་ཚུགས་ཀྱིས་ངག་མི་སྨྲ་བར་སྡོད་པག་རེ་ལན་སོང་། ”
 
“ རུས་པ་མཁྲེགས་པོས་བཞེངས་པའི་གངས་རི་བརྒལ་ཚར་རྗེས།”
 
           ༨
 
ཁྱེད་ཀྱི་འདོད་པ་མཚོན་ཕྱིར
ངས་ཤ་ཁྲག་འདྲེས་སྦྱོར་གྱི་སྐྱེད་ཚལ་ཞིག་བཟོས་ནས་ཡོད།
 
“ གྲི་ཡིས་གཤགས་པའི  མེ་མདས་བསད་པའི  ནད་ཀྱིས་བཟུང་བའི
དབུལ་ཕོངས་ཀྱི་འཇིགས་པ་ལས་ཐར་མ་ཐུབ་པའི
དུས་ཚོད་ཀྱིས་གཅེར་བུར་བཏང་བའི་རྒྱུད་ཀྱི་གཤིན་པོ་དག་ཀྱང
དོ་ནུབ་ཀྱི་ནམ་མཁའ་སྟོང་བ་འདིའི་ཁ་གཏད་དུ་གཅིག་པུར་ལུས་སོང་། ”
 
“ རྣམ་ཤེས་འཁྱམ་པོ། ཁྱིམ་གཞི་སྟོང་བ།
བར་སྐོར་གྱི་མཁའ་དབུགས། ཕོ་ཉ་བསྐུངས་སའི་ཆང་ཁང་།
ཚེ་རབས་ལས་རྩི་དང་ལྡོག་པའི་ལུང་བསྟན།
སྡུག་བསྔལ། དལ་གྱིས་ལྡང་བའི་རླུང་བུ།
དཔུང་བ་མཉམ་གཤིབ་ངང་ཕ་གིའི་རི་རྩེ་ནས་སྐྱོར་བའི་མགུར་མ་།
འཐུང་འཕྲོར་ལུས་པའི་རྒུན་ཆང་ཤེལ་དམ་གང་།
འོད་མདངས་མག་མོག་འོག་གི་གཞས་ཆུང་།
མོའི་མཁུར་ཚོས་ནས་ལྷུང་བའི་མཆི་མའི་རྡོག་པ།  ”
ཚིག་རྐང་འདི་དག་གི་ནང་དུ་ཁྱོད་དང་འབྲེལ་བའི་གསང་བ་ཅི་ཞིག་ལུས་ཡོད།
 
ནོར་བུ། མིག་ཆུ། འཆི་བའི་དར་གོས་སྲབ་མོ།
རང་སྣང་གང་ཤར་གྱིས་བྲིས་པའི་ཕོ་བྲང་དཀར་དམར་གྱི་རྒྱ་ཕིབས།
སྨུག་རྒྱུའི་གསེབ་ཀྱི་གྲིབ་མ། བརྡ་སྤྲོད་ཀྱི་ནུས་པ་ཞན་པའི་ཡུལ་དུས།
འཁྲུལ་སྣང་གི་རོལ་དབྱངས། ཤེས་རབ་ཀྱི་འོད་ཟེར།
ལམ་འགྲམ་གྱི་མེ་ཏོག ”
སྨྲ་ལྕེའི་ཕུགས་ཀྱི་ཡུལ་ཁམས་འདི་སྔོན་མ་ནས་རྟོག་བཟོ་བྱས་ཚར་འདུག་ནའང་།
ཡོད་ཚད་ཁྱོད་ཉིད་དང་འབྲེལ་བ་གཏན་ནས་མེད་ཚོད་འདུག
 
གང་ལྟར། བར་དོ་ནི་ཞ་སྨྱུག་གིས་བྲིས་པ་འདྲ་སྟེ
ངས་ཡང་དང་ཡང་དུ་བསུབ་ནས་ཡོད་ཚད་ཁྱོད་ལ་བསྐྱུར་ཡོད།
 
             ༩
 
ཆང་ཁང་ལྡེབས་ངོས་ཀྱི་ཡིག་འབྲུ་དེ་དག
རྒྱུད་སྐུད་ནང་བཞིན་འཁྱུག་ཙམ་བྱེད།
 
ངའི་མདུན་གྱི་ཤིང་ཅོག་དེའི་སྟེང་ན
རྒུན་ཆང་ཕོར་བ་གང་གིས་དབྱར་གྱི་མཚོ་མོ་བཞིན
ལུས་ལ་བསིལ་བ་ཙམ་སྟེར་བར་བྱེད།
 
ཕ་གི་བུ་མོ་དེས
རང་གི་བརྩེ་བ་དེ་སྐྱེ་བ་གཞན་ཞིག་ལ
ཆར་བ་བཞིན་ཤག་ཤག་ཏུ་འཇོ་བར་བྱེད།
 
ངལ་དུབ་ཀྱི་དུས་ཚོད་དེའི་ཁྲོད་དུ
ངས་རྒྱང་རིང་གི་སྦྲ་ནག་གི་ནས་མཆེད་པའི
འོད་མོག་མོག་དེ་དྲན་པར་བྱེད།
 
           ༡༠
 
ངས་གསང་གཏམ་བཤད་ཚུལ་དེ་ནི
མེ་ཡིས་མྱོང་རོལ་བྱེད་དཀའ་བའི་ཆུའི་ནང་སྙིང་མ་ཡིན་ནམ།
 
རྩིས་འཁོར་གྱི་གདོང་ལ་གཏད་ཏེ
མཆོད་རྐོང་འཁྱག་པ་ཞིག་གི་ཆག་རོ་གླེང་ཚར་དུས
ཤིན་ཏུ་མཛེས་བ་ནི་ཁོ་མོའི་གདོང་གི་མིག་ཆུ་མ་ཡིན་པར
དེའི་མཐའ་འཁོར་གྱི་མཆོད་མེ་གཞན་དག་གི་མེ་ལྕེའང་མ་ཡིན།
 
“ ཕོ་ཉའི་སག་ལྷམ་རལ་བོ་དེ་ལས
ཁོ་མོ་ནི་རྒྱང་ཕྲག་ག་ཚོད་ཀྱི་ལམ་ནས་འཆི་བ་ཤེས་ཐུབ་ལ
གནས་དེའི་སྐྱེ་བོ་རེ་རེས
མོའི་ཆེད་དུ་མཆོད་མེ་ག་ཙམ་སྒྲོན་པའང་ཤེས་ཐུབ། ”
 
ཟླ་ངོ་གཅིག་ཙམ་གྱི་རྗེས་སུ
ངས་ཆུང་གྲོགས་རྗེས་དྲན་གྱི་གླུ་སྐད་ཅིག་ཐོས་སོང་།
 
             ༡༡
 
དགུན་ཟླ་འདིའི་ཁ་དོག་ཐང་ཀ་ནང་བཞིན་མི་གཞན་གྱིས་བྲིས་ཚར་འདུག
 
“ ཁྱོད་རང་བཟོ་ལྟ་བཙོག་པོའི་ངང་ངའི་མདུན་དུ་བཅར་གྱིན་པའི་དུས་སུ
ཁ་བ་ལེབ་མོ་དེ་དག་ཀྱང་འབབ་རྒྱུ་མ་བྱུང་།
 
རང་ཁྱིམ་དུ་བསྡད་ནས
ངེད་ཅག་ལ་དབང་བའི་སྒེའུ་ཁུང་ཞིག་རྙེད་རྒྱུ་དེའང་ཁག་པོ་འདུག་པས
འོད་ཟེར་དང་མུན་པའི་བར་གྱི
སྐྱེ་བ་དང་བུད་མེད་བར་གྱི
བདེ་སྐྱིད་དང་སྡུག་བསྔལ་བར་གྱི
ལག་གི་སྒྲོམ་བུ་ཆུང་ཆུང་དེ་བོར་སོང་། ”
 
ཐང་ཀ་འདི་རྩ་ཆེན་ཞིག་ཡིན་ནམ།
 
            ༡༢
 
རྡུལ་གྱིས་གྲུབ་པའི་མེས་དབོན་གྱི་བར་སྣང་དུ།
འཚུབ་ཆ་མེད་པར་སྤྲིན་ནག་ཅིག་འཁྲིག་པ་དེ
རྒྱུ་སྐར་ཕན་ཚུན་གྱི་རྩུབ་བདར་ལས་བྱུང་བ་མ་ཡིན་ནམ།
 
དར་ཟབ་ཀྱིས་བརྒྱན་པའི་སྐུ་ལྕམ་གྱི་མིག་ནང་དུ
བཞུར་ལམ་མི་འདྲ་བའི་གཙང་པོ་གསུམ་འཕྲོ་རིམ་འཕྲོར་མངོན།
 
གཙང་བོ་དེ་དག་སུན་སྣང་མེད་པར་བཞུར་ཚུལ་ལ་བལྟས་ན
ས་གཞི་འདིར་མཐའ་ཟེར་བ་ཞིག་ཡེ་ནས་མི་འདུག
 
དུས་མཐའི་རྨི་ལམ་གྱི་མཛེས་པ། གལ་སྲིད་དེའང་མ་ཡིན་ཚེ
ལོ་རྒྱུས་ཟེར་བ་དེ་མིག་འཕྲུལ་ཙམ་མོ།
 
“ སྤྲིན་ནག་དེ་དག་གི་གསེབ་ཏུ
གསེར་འོད་ལེམ་མེར་ལག་སྙོབས་བྱས་ཀྱང་འཛིན་རེག་མེད་པ་དེ་ནི
མེས་པོའི་གྲིབ་མ་ཡིན་འདུག ”
 
           ༡༣
 
མིའི་རིགས་ཀྱི་ཁ་རླངས་མ་ཡལ་བའི་གླུ་སྐད་དེས
རང་བྱུང་ཁམས་ལ་བྲེལ་འཚུབ་མེད་པར་བཟོས།
 
མྱ་ངམ་ཐང་ལ་ཚ་དྲོད་མེད་པར་བཟོས།
ལྟོགས་སྐོམ་མེད་པར་བཟོས།
མཚོ་མོ་དང་གངས་རི་མེད་པར་བཟོས།
 
སྐད་ཆར་འདེགས་འཇོག་མེད་པར་བཟོས།
སྙིང་རྗེ་དང་བརྩེ་བ་མེད་པར་བཟོས།
 
ང་ལའང་དེ་བཞིན་དུ
ཚོར་བ་དང་དྲན་པ་མེད་པར་བཟོས།
 
     (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་རིང་མོ༼ཝུ་བ་སོབ་སོབ༽ཀྱི་ལེའུ་དང་པོ། རྨི་ལམ་ཁྲ་ཁྲ།

2014-01-06 ནག་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།