ཀློའུ་ཡི་སྙན་ངག་བདམས་བཀོད།

  ཀློའུ་༼དངོས་མིང་ལ་ཐང་སྲས་རྟ་ལོ༽ནི་སྤྱི་ལོ་༡༩༧༧ལོའི་ཟླ་༩བར་མདོ་སྨད་ཀླུ་ཆུའི་བླ་རི་མགུལ་ཐང་འཁོར་སྡེ་བའི་མདོང་མོ་སྦྲ་ཆེན་ཚང་གི་བུ་ཆུང་བར་སྐྱེས་ཤིང་ཆུང་དུས་ནས་སློབ་གྲྭ་འགྲིམས། ༢༠༠༣ལོ་སློབ་མཐར་ཕྱིན་པ་ནས་སྙན་ངག་འབྲི་བའི་མགོ་བརྩམས་ཤིང་ད་ལྟའི་བར་དུ་༼གངས་རྒྱན་མེ་ཏོག༽དང་༼ཟླ་ཟེར།༽སོགས་སུ་སྙན་རྩོམ་ཁ་ཤས་ཕུད་མྱོང་།

            འདི།

ཆར་བས་བརླན་པའི་སེམས་པ་འདི
སྐར་མས་མིག་ཟུང་བཙུམ་རྗེས་ཀྱི་ནམ་མཁའ་སྐྱ་བོ་འདི
ཆར་སྒྲ་དང་འདྲེས་པའི་ཁྱི་སྐད་རློན་པ་འདི
རང་ལའང་བཤད་མ་མྱོང་བའི་ཁྱེད་ཀྱི་འཛུམ་ཀོང་གི་གསང་བ་འདི
ཨར་འདམ་ལ་སེམས་པ་གླན་པའི་མིག་ཆུ་མོད་པོ་འདི
རླུང་བུ་འདི
མུན་པ་འདི
ཆར་བ་འདི
ཆར་བས་བརླན་པའི་སེམས་པ་འདི
ཁྱེད་རང་སོང་ཤུལ་དུ་དོད་པའི
ཁ་ཆད་ལ་ཐམ་ག་བརྒྱབ་འདྲའི་རྐང་རྗེས་འདི
ཚོར་བ་སུབ་བྱེད་ཀྱི་ཡི་གེ་འདི
གསང་བ་སྦས་བྱེད་ཀྱི་སྐད་ཆ་འདི
ར་ཡིས་བཟི་བའི་རྐང་བ་སྡོམ་པོ་འདི་དང
ལག་པ་མགོ་མེད་འདི
ཁྱེད་ལ་གདོང་སྟོན་མི་ཕོད་པའི་སེམས་པ་སྐྲག་ཤོར་འདི
ཡོད་ཡོད་འདྲ་བ་འདི
གཟུང་དུ་མེད་པ་འདི
གང་ནས་ཐོན་འོང་བ་འདི
གང་དུ་ཆས་འགྲོ་བ་འདི
འདི་ནས་འགོ་བརྩམས་པ་འདི
འདི་ནས་ཡལ་འགྲོ་བ་འདི
ཁྱེད་ཀྱི་བརྩེ་བས་བྲིས་པའི་ང་ཡི་སེམས་པ་འདི
ངས་འདི་ནས་ཁྱེད་ལ་དབུལ་འདོད།
                      ༢༠༡༤ ༢ ༤
                        
           ང་ཚོའི་ལས་ཁུངས།

ང་ཚོའི་ལས་ཁུངས་པཎ་ཆེན་ཐང་ན་ཡོད
ཐང་འདི་ཅི་འདྲ་ཆེ་རུང
འདིའི་ནང་གི་མི་དག
གཅིག་གི་མགོ་ལ་གཅིག་བུད་དེ་བསྡད་ན་སྐྱིད་པས
ཐོག་ཁང་ཞིག་ཏུ་འཁྱག་སྒོང་བྱས་ཡོད

ང་ཚོའི་ལས་ཁུངས་ཀྱི་སྔུན་ན་ལམ་ཞིག་ཡོད
ལམ་དེའི་ནང་ན་བྲེལ་འཚུབ་ཁུར་བའི་འཁོར་ལོ་དག
ཡར་རྒྱུགས་མར་རྒྱུགས་བྱེད
རྒྱུགས་ཤུལ་ན
ཟ་ཐུར་ལྟ་བུའི་རི་མོ་ཆ་གཅིག་དོད་འདུག་པར་གཞིགས་ན
དེ་ཚོ་ཡང་ང་ལྟར
ཟ་མའི་དོན་དུ་འདུར་གྱིན་པ་ཤེས

ལམ་དེའི་འགྲམ་ན་མཚོ་ཞིག་ཡོད
རླུང་བུ་པྲ་ཚགས་རེ་ཡོང་སྟེ
མཚོ་དེའི་སྟེང་ལ་སོག་ཡིག་ལྟ་བུའི་རི་མོ་རེ་འབྲི
ངས་བལྟས་ན
ཨ་ཕ།   ཁྱོད་ནམ་ཡོང་རྒྱུ
ཞེས། བྲིས་སོང་བ་འདྲ 
       ༢༠༡༤  ༥ ༡༦

           ཁ་པར་འབྱོར་བ།
               
ཝ་ཡེ  ཨོ

བདེ་མོ

གཞི་རིམ་ན་ཡོད

མི་འདུག  
སྔོ་ཞིག་གི་རྩེ་མོའང་མཐོང་རྒྱུ་མི་འདུག
མཐོང་ཚད་སྐྱོ་སྣང་རེད
སྐྱོ་སྣང་སྐྱ་ལེབ་སེ་འདུག

འཁྱག་གི་ཡ
འཁྱག་དྲགས་པས་བདེན་པས་རང་ཉིད་མེ་ལ་སྒྲོན

གྲོང་ཁྱེར་དུའང་ཁ་བ་འབབ་ཀྱིན་འདུག
ནམ་ཟླ་ཅི་འདྲ་འཁྱག་རུང་མི་གསོན་པོ་རེ་རུལ་སོང་བས
ཐོག་ཁང་དག་རུལ་དྲིས་ཁྱབ་འདུག
བློས་མི་དཔོག་པ་ཞིག་ལ
འཕྱོན་མ་ཚོ་རུལ་དྲི་ལ་ཤ་སྦྲང་ལྟར་འཁོར་འདུག

ཡོད་གི    འོན་ཀྱང
རུལ་འགོག་སྨན་ལྡུད་ས་དག
རུལ་ནས་ཤི་སོང་བ་དང་འཁྱག་ནས་ཤི་ལ་ཉེ་བ་སོགས་རེད

ཧ་ཧ

ཧ་ཧ

ཧ་ཧ་ཧ

བདེན་གི

བདེན་གི

ཡིན་ཡང
ཁོ་ཚོའི་ལྟ་བྱེད་ནི་ལག་པ་རེད

འཁོར་ལོ་རེད

རྐང་བ་ལོས་ཡོད  གསུམ་འདུག
ཐ་ཆུང་དེ་མ་གཏོགས་གཞན་གཉིས་ཀྱི་ལས་ཀ་ལྷམ་འཁུར་རྒྱུ་ཙམ་རེད

ཧུ་ཧུ
མ་རེད་མ་རེད

ཨོ
དམྱལ་ཁམས་ནས་ཀི་འདེབས་ཆོག་གམ
ཏིས   ཏིས  ཏིས
༼དྲ་བ་ཆད་སོང་བ་འདྲ།༽
             ༢༠༡༤ ༣ ༢༠

           གལ་ཏེ།

གལ་ཏེ
ང་ཁྱེད་ལ་དགའ་བ་ནི་ལྗིད་ཚད་ཅིག་ཡིན་ན
ཐོག་ཁང་འདི་དག་ནི་འབར་སྒམ་སྟོང་བ་འགའ་ལས་མ་འདས

གལ་ཏེ་ངས་ཆང་དང་གསེར་ལས
གཅིན་དང་སྐྱག་པ་གཏོང་མི་ཤེས་རྒྱུ་ན
མང་བོ་ཞིག་གིས་ང་བརྩད་དེ་གསོད་རེས་བྱས་ཡོད་ན་ཐང

གལ་ཏེ
ཕྱིར་ནུར་བྱས་ཏེ་སོང་ན་བྱིས་དུས་སུ་བསླེབ་རྒྱུ་ན
ད་ནི་ཡ་རབས་ཞེས་པའི་ཆར་གདུགས་ཟུར་གསུམ་དེའི་འོག་ཏུ
ཁྱེད་ཚོ་དང་འཚང་ཁ་མི་རྒྱག་ཁོ་ཐག་ཡིན

གལ་ཏེ
བྱིས་པ་ཆུང་ཆུང་འདི་ཚོ་བཞད་ཁ་ཕྱེས་མ་ཐག་གི་མེ་ཏོག་རྐང་རེ་ཡིན་ན
འུ་གཉིས་ལྟ་བུའི་རྒན་པ་ཚོ
དེ་ལས་ཀྱང་ཆུང་བའི་མེ་ཏོག་གི་ས་བོན་རེ་རེད

གལ་ཏེ
ཁྱེད་ཀྱི་གཅིན་པ་ངས་གཏོང་ཐུབ་རྒྱུ་ན
འགོ་ཁྲིད་ཚོས་ལས་ཁྱུར་ངལ་གསོ་བྱེད་རག་བར་དུ
སྤྱོད་ཁང་ཞིག་མིག་གིས་མི་མཐོང་ཁོ་ཐག་རེད

གལ་ཏེ
སེམས་དང་སེམས་ཀྱི་བར་ཐག་ནི་རིང་ཐུང་ཞིག་ཡིན་ན
རྨ་ཆུ་ལའང་ཟ་ཐུར་རྐང་གཅིག་གི་རིང་ཐུང་ལས་མི་འདུག

གལ་ཏེ
སེམས་ལ་ཤར་ཚད་མངོན་དུ་འགྱུར་ཐུབ་རྒྱུ་ན
གོ་ལ་འདི་སྔ་མོ་ཞིག་ནས
ཧེབ་རྒན་སུས་ཟས་སོང་ངམ

གལ་ཏེ      ཉིན་ཞིག
ཉི་མ་ནུབ་ཕྱོགས་ནས་ཤར་རྒྱུ་ན
ངས་ད་རུང་ཡང་གཤོག་པ་ཐོགས་པའི་རྨི་ལམ་རེ་གཏོང་འདོད
              ༢༠༡༣༡༠༣༠

            ཨ་ལོང་།

ཨ་ལོང་ནང་དུ་ཡང་ལོང་དྲངས་ཏེ
ཨ་ལོང་ཡང་ལོང་གིས་གྲུབ་པའི
ལྕགས་ཐག་གི་སྣེ་གཅིག་ཁྱེད་ཀྱི་སྐེ་དང
སྣེ་གཞན་དེ
གོ་ལའི་སྙིང་ཁར་བཏབ་པའི་ལྕགས་ཕུར་ལ་བཏགས་རྗེས
ཁྱེད་ཀྱི་མི་ཚེ་ཡང
ཨ་ལོང་ཞིག་ཏུ་གྲུབ་པར་རྟེན་འབྲེལ་འགྲིག

གོ་ལ་འདི་འཇོང་འཇོང་ཞིག་ཡིན་པས་ཀྱང
ལོ་རྒྱུས་ནི་ཨ་ལོང་གི་སྒྲོག་ཏུ་བཅུག་པའི
སྒོར་དབྱིབས་ཤིག་ཡིན་པ་ཤེས་ཐུབ

ཨ་ལོང་ནང་དུ་ཡང་ལོང་དྲངས་ཏེ
ཨ་ལོང་ཡང་ལོང་གིས་གྲུབ་པའི
ལྕགས་ཐག་དེའི་རིང་ཐུང་གིས
མི་ཚོས་རང་རང་ཐད་ན
རེ་འདོད་གོར་མོ་རེ་འབྲི།
         ༢༠༡༣༠༣༢༤
                     
           ཕ་ཡུལ་ན།

མགོ་བོ་ཁོག་ལ་བཅུག་པའི་རི་རབ་ཀྱི་སྐྱག་སྒོང་དག
གཡས་འགྱིང་གཡོན་འགྱིང
མི་རྒན་ཞིག་གིས་གཏོང་བཞིན་པའི་གཅིན་པ་ལྟར
གཉིད་ཡོར་རྒྱག་གིན་པའི་གཞུང་ཆུ
ཕར་དཀྱོགས་ཚུར་དཀྱོགས
ཉི་མའི་མིག་ཆུ་འདར་བའི་སྨིག་རྒྱུ
མིག་འབྲས་བྲུས་ཤུལ་གྱི་ས་དོང་ནག་པོ
རྨ་ཤུལ    འབྲུམ་འབུ    གཉེར་མ
སྤང་གི་པགས་པ་བཤུ་བའི་འདྲེ་འདྲེ་མོའི་ངུ་སྐད
བུད་སོང་བའི་ཕངས་སེམས
ཐོན་འོང་བའི་འཚབ་ཆ

ཕ་ཡུལ་ན་ཡང
སེམས་ལྷོད་ལ་བབས་སྟེ་སྐྱག་པ་གཏོང་ས་ཞིག
གང་དུ་ཡོད། 
      ༢༠༡༣ ༠༨ ༠༧

            ཕ་ཡུལ་ཐང་འཁོར་ནས་དངུལ་རྭའི་རྩྭ་ཐང་དྲན་པ།

འོ་ཇ་དཀར་ཡོལ་གང་ལག་ལ་བླངས་རྗེས
ཧུབ་དང་པོ་དེ་ཁྱེད་ཀྱི་ཁ་རླངས་ཡིན་ན
ཧུབ་གཉིས་པ་དེ
ཁྱེད་ཀྱི་འཛུམ་མདངས་ཀྱི་ཁུད་ན་རྐང་ལག་བརྐྱངས་པའི
རྨ་ཆུའི་རྩྭ་ཐང་རེད
ཧུབ་གསུམ་པ་དེ
ཧུབ་གསུམ་པ་དེ་འོ་ཇ་ཡིན་ཆོག

འོ་ཇ་དཀར་ཡོལ་གང་འཐུང་རྗེས    སླར་ཡང
དཀར་ཡོལ་གང་འཐུང་འདོད་སྐྱེས
རླུང་གི་གོམ་ལག་དང་ལྕགས་ཀྱི་སྨྲ་ལྕེ་དྲན་ཞོར
མཚམས་སྤྲིན་གྱི་མིག་རྩ་དམར་པོ་དྲན་ཞོར
མིག་ཆུའི་མེ་ལོང་དུ་འདར་བའི་རྩྭ་ཐང་གི་ས་སྲོད་དྲན་ཞོར
ཅི་ཡང་དྲན་ཞོར
དྲན་ཚད་ཅི་ཡང་མིན་པ་དྲན་ཞོར
ཅི་ཡང་མིན་པ་དེའང་ཅི་ཞིག་ཡིན་པ་དྲན་ཞོར
དྲན་ཞོར་དྲན་ཞོར
འོ་ཇ་དཀར་ཡོལ་གང་དལ་གྱིས་འཐུང་རྗེས
རི་རབ་གཉིད་ལ་ཤོར་རྗེས་ཀྱི
རྩྭ་ཐང་གི་ཁོད་ཡངས་པོ་དྲན་འོང
མཚོ་ཁ་སྐྱོམ་པའི
རླུང་བུའི་རྐང་རྗེས་ཡང་མོ་དེའང་དྲན་འོང

ཐག་རིང་ཐག་རིང་ན་ཡོད་པ་དྲན་འོང
ཐག་ཉེ་ཐག་ཉེ་ལ་གཅར་འོང་བ་དྲན་འོང་།
                             ༢༠༡༣ ༩ ༡༥

          ཁྱོད་ཀྱི་ལག་མཐིལ་དུ་བྲི་འདོད་པའི་སྐད་ཆ།

ཁྱོད་ཁོ་ན
ཁྱོད་ཁོ་ནའི་ངོ་གདོང
ངོ་གདོང་གི་འཛུམ་མདངས
འཛུམ་མདངས་ཀྱི་ཟབ་ས་ན་ཉལ་བའི་བརྩེ་བ་ཟབ་མོ
ངས་ཚེ་གང་བོར་གྱོན་ཐུབ་ན
མི་ཚོས་ཉོ་བཞིན་པ་དེ་དག་གཅིག་ཀྱང་དགོས་དོན་མེད
བྲང་འོག་གི་མདུད་པ།
                                             
                    ༡
ཁྱེད་ཀྱི་བརྩེ་བས་འབར་བའི་ཉི་འོད་ཀྱིས
དོ་དགོང་གི་གསང་བ་བསྐུང་བའི་མུན་པ་འདི་མེ་ལ་སྒྲོན་དུས    
ཁ་བ་དང་མཉམ་དུ       འགྲོ་དགོས་པ་ནི་ཁྱེད་རང་ཡིན་པ་བདེན་ནམ

ལམ་གྱི་དཀྱོགས་དང       ཉག་གའི་ཁ་ནས
ཁྱེད་ཀྱིས་ང་རང་ཕྱིར་མིག་གིས་མ་ཟིན་རུང
ལམ་ཁ་ན་གཏོར་བའི
ངའི་དགོད་སྒྲ་དང་མཚར་གཏམ་དག་སྒུམ་ཞོར་དུ་འགྲོ་རོགས

འགྲོ་བའི་ལམ་ཁ་ནས
ངས     དང་མ་ཁྱེད་རང་ངོ་ཤེས་དུས
རང་ཉིད་ཀྱི་ཡ་ཁོག་ནི་མིག་ཆུ་བཞུར་ས་ཡིན་པ་ཅི་ལ་ཤེས
ཝུ་ཆང་གི་སྤྲོ་སྣང་དང་ཁུ་སིམ་གྱི་སྙིང་གཏམ
ཟུར་མིག་གིས་ཕོག་པའི་ཚ་ཤེད་དག
ངའི་འཇིག་རྟེན་ནས་འཇའ་ལྟར་ཡལ་དུས
མི་ཚོས་དགུན་ཁ་དགུན་ཁ་ཞེས་གླེང་བ་དེ་ཡང
ཁ་བ་ལྷབ་ལྷུབ་དང་གྲང་རླུང་འུར་འུར་ཙམ་མ་རེད

ཨ་རག་ཤེལ་དམ་གང་ཤུགས་ཀྱིས་འཐུང་སྙིང་སྐྱེས་པའི་མཚན་མོ་འདིར
ངས       ཉིན་ཐོ་ལྟ་བུའི་སྙན་ངག་ཅིག་གིས་ཁྱེད་ལ་སྐྱེལ་མ་བྱེད
ཁྱེད་ཀྱིས་འདི་ཡིས
གནས་སྡུག་གི་མིག་ཆུ་འབྱིད་བྱེད་བྱ་རོགས
སྐྱེས་འབྲས་མེ་ཏོག་ཏུ་དགོད་པའི་བདག་གི་སྙིང་སྡུག་མ

མཚན་མོ་ཞེས་པའི
མེ་སྟག་ཀྱང་གསང་མི་ཚུགས་པའི་མི་རྒན་ལྐུག་པ་འདིའི་རུམ་ན
ངའི་སེམས་པ་མེ་རི་ལྟར་འཕྱུར་ལ་ཁད
ཁ་པར་ལས   ཁྱེད་རང་དགའ་སའི་དབྱངས་དེ་དལ་གྱིས་བཞུར་ཡོང་དུས
ངས་ཁྱེད་ཀྱི  
མིག་ཆུའང་ཐེག་པར་དཀའ་བའི་སྐད་ངག་འཇམ་པོ་དེ་དྲན་འོང
སྐད་ངག་དེ་ལ་བརྒྱུས་པའི་གླུ་གཞས་དང་དགོད་སྒྲ      སྙིང་གཏམ་དག
སེམས་ཁོང་དུ་ཁ་བའི་འདབ་མ་ལྟར
ལྷོད་ཀྱིས་འབབ་ཅིང་དལ་གྱིས་འཕུར

ལས་དབང་གི་སོ་འཆུན་བར་ནས
རེ་འདུན་གོར་མོ་རེ་ཧྲུག་གེར་འཐོར་དུས
ནམ་མཁའ་ནི་སྐར་ཚོགས་ཀྱི་མིག་ཆུའི་ཕྲེང་ཐག་འཐོར་སའི་ངོ་གདོང་ཞིག
སྙིང་སྡུག་མ
ངས་ཁྱེད་ཀྱི་མིང་གིས་བཟུང་སྟེ་ཤུགས་ཀྱིས་ཐེངས་གཅིག་བོས་ན
བྲང་འོག་གི་མདུད་པ་འདི་ཡང
རང་ཤུགས་སུ་གྲོལ་འགྲོ་སྲིད་དམ
                        
                          ༢
སྐྱ་རེངས་ཀྱི་ལག་པས་མཚན་མོའི་གོང་ཁ་ནས་འཐེན་དུས
མུན་པ་ནི
ནམ་འཕུད་རང་དབང་ཡོད་པའི་ཉལ་ཐུལ་འདི་ཡིན་ན
ངས་མཚན་མོ་འདི་ཚེ་སྲོག་གི་སྣེ་ལ་བསྲིང་ན་འདོད
རླངས་འཁོར་གྱི་འཛེར་སྒྲས
ཡུལ་ཚོ་ཆུང་ཆུང་འདིའི་ལྷིང་འཇགས་ཚལ་བར་གཤག་དུས
རྡོག་ཁྲེས་ཁུར་ཏེ་ལམ་སྣེ་གནོན་མཁན་ནི་ཁྱོད་ཡིན་པས   
 ངས      རང་སེམས་ན་གཡུག་པའི་རླུང་བུ་དྲག་པོ་འདིས
གཞན་ཡུལ་ལ་འཐེན་པའི་གཞུང་ལམ་ཐག་སྐྱ་འདྲ་བོ་འདི
རྡུལ་འཚུབ་ཅིག་དང་ལྷན་དུ་གང་ཞིག་ལ་ཁུར་འགྲོ་ཐུབ་ན

ཁྱིམ་ཚང་ནི་དྲོད་ཁོལ་ཅིག་ཡིན་པ་ངས་ཤེས་ཡོད
བྱིས་པ་ཡང་སེམས་ཀྱི་ཁེན་ས་ཡིན་པ་ངས་ལོས་ཤེས
འོན་ཀྱང   མི་སེམས་ནི་མཐུར་གྱིས་མ་བཟུང་བའི་རྐྱང་ཁྱུ་ཞིག་ཡིན་པ
ཁྱེད་ཀྱིས་སུ་ལ་བཤད་ཨེ་མྱོང
སྙིང་ཉེ    ང་ཡི་སྙིང་ཉེ!

སྨྲ་བ་དང་གྲག་འགུལ་ལ་སྐྲག་པའི་མི་འདི་ཚོས
དགོད་སྒྲ་ལ་སྨྱོ་རྟགས་ཟེར་ཞིང
ངུ་ངག་ལ་ཉམ་ཆུང་ཟེར
ཕན་གནོད་ལས་དགེ་སྡུག་མི་གླེང་བའི་མི་འདི་ཚོས
ཚོགས་འདུ་དང་ཚོགས་འདུ་འཚོགས་ཏེ
གནད་དོན་དང་གནད་དོན་གཙབ་སྟེ
ང་ལ་ཟ་སྤྱད་ཀྱི་ཁ་དང
གཏོང་བྱེད་ཀྱི་གཤང་ལས་བསྐྱུར་སྙིང་མི་འདུག་མོད
མི་ཡུལ་ན་ཁྱེད་རང་ཡོད་པས
ངའི་སེམས་པ་རྡོ་རུ་འགྱུར་མི་སྲིད

               ༣
ཁྱེད་རང་འགྱོ་ཁ
རླུང་བུ་ཡང་དལ་གྱིས་ལྡང་སྟེ་ངའི་རུས་གསེང་དུ་འཐིམས་སོང
ངོ་མདངས་ཤོར་བའི་ཡུལ་ལྗོངས་འདིས་ཀྱང     ང་ལ
ཁྱེད་རང་མྱུར་དུ་གང་ཞིག་ལ་འགྱོ་རོགས་གནོངས་ཟེར་གྱིན་པ་འདྲ
སྙིང་ཉེ
མི་སེམས་ནི་སྐར་མདས་མ་ཟིན་པའི་འགྲོས་ཚད་དེ་ཨེ་རེད
མི་ཡུལ་ནི་ངའི་སྒལ་ཚིགས་ཀྱང་མི་ཤོང་སའི་རེའུ་མིག་འདི་ཨེ་རེད
ཁ་བའི་མིག་ཆུ་དང་རླུང་བུའི་ཤུགས་རིང་ཁྲོད་ནས
ང་རང་ལྟར་ཉམ་ཆུང་བའི་ངའི་སྙན་ངག་གིས
ལས་དབང་གི་ཐོད་པར
ན་ཟུག་གི་དབྱངས་རྟ་ལས་ཅི་ཞིག་བྲི་ཨང
                   ༢༠༡༡ ༣ ༡༥

           འགྱིག་དམ་ཞིག

འགྱིག་དམ་ཞིག་རྨ་ཆུར་འཕངས་རྗེས
རླབས་རིས་མཆེད་པ་དང་ལྷན་དུ་སྐྱོམ
ཚེ་སྲོག་གིས་བཟུང་བ་ལྟར       ཡང་ཡང་འགུལ
དམིགས་ཡུལ་སྙེག་པ་ལྟར       བུད་སོང
སྤྱི་ཚོགས་ཀྱིས་ང་རང་གང་དགར་འཁུར་གྱིན་པ་ལྟར།
                        ༢༠༡༡ ༧ ༡༨

           རླུང་བུ་དེ།  ཁྱེད་ཀྱིས་བཤད་པའི་སྙིང་གཏམ་དག་ཡིན་ན

བལྟས་ཚོད་ལ
ཕྱི་རོལ་ན་རླུང་བུ་ཞིག་དལ་གྱིས་ལྡང་བཞིན་འདུག
སྒོ་ཁའི་དར་ལྕོག་གི་གཡོ་སྟངས་དང
ལྕགས་རྡང་དུ་བཀལ་བའི་ལྭ་བ་དག་གི་འགུལ་སྟངས་ལས

གློ་བུར་དུ  ངས་འགུལ་བཞིན་པ་ཚང་མ་རང་སེམས་རེད་བསམ་བྱུང
རླུང་བུ་དེ་ཁྱེད་ཀྱིས་བཤད་པའི་སྙིང་གཏམ་དག་ཡིན་ན
                       07、05、2008

         ལོ་མ་སེར་བོའི་ཕྱིར་མིག

ངས་བཙལ་བཙལ་རུང
ཚང་མ་འབོར་བཞིན་པའི་སྣང་བ་ཞིག་གིས་ཁད་ཁད་ཀྱིས་བཅུམ་འོང
ང་བརྒྱུགས་བརྒྱུགས་རུང
ཐོན་ཏེ་འདུག་ས་ཞིག་ཡོད་པ་ཤེས་མ་སོང   གནའ་ནས་ད་བར་དུ
ཕོ་ལོ་སུམ་ཅུའི་ལང་ཚོའི་ཁེངས་དྲེགས་ཀྱིས་ལྟེམས་དུས་ཀྱང
འགྲུལ་བཞུད་ཀྱི་ལམ་སྣེ་ནི
དེ་རིང་སོ་མ་གནན་དགོས་པའི་སྣང་བ་ཞིག་ཚོད་ཚོད་ཀྱིས་སྐྱེས་འོང

ཁ་བ་ལེབ་མོ་རེ་འབྱར་བའི་རི་རབ་ཀྱི་དཔུང་བར
བདག་གི་ཨུ་ཚུགས་ཀྱིས་བརྡུང་བའི་ལྕགས་ཀྱི་སྲ་མཁྲེགས་བརྡར་དུས
ཆུ་ལས་གྲུབ་ཀྱང་རླུང་ལས་ཡང་བའི་མི་སེམས་སྙི་མོ་དག
རྒྱུ་འབྱོར་གྱི་བཙག་གིས་བཅུམས་ཏེ་རྡོ་རུ་འགྱུར་དུས
ངས་དེ་རིང་གི་ཉི་མ་འདི་ཡང
འུར་ཆ་ཞིག་ཏུ་བཞག་སྟེ་མི་ལོ་སྟོང་གི་ཡར་སྔོན་ཞིག་ཏུ་འཕངས་ན་འདོད

ཨར་འདམ་གྱི་པང་དུ་ལྷུང་བའི་མིག་ཆུ་རྡོག་གཅིག་གི་ཁེར་རྐྱང་དང
གཙང་བོ་བཞུར་ཤུལ་དུ་ལུས་པའི་རྡོ་བའི་ཁ་ལྕེ་སྐམ་ཚུལ
གྲི་ཐོགས་པའི་འཛུམ་མདངས་དང་བོའུ་ཁུར་བའི་གུས་ལུགས་སོགས་ཀྱིས་ཅི་ཞིག་མཚོན་ནམ

ཆུ་ཐིགས་ཁུར་བའི་སེར་ཆེན་གྱི་འདབ་མ་དང
འདབ་མ་དེ་དལ་གྱིས་སྒུལ་བའི་རླུང་བུ་འཇམ་པོ
རླུང་བུའི་རྐང་འོག་ན་སྐྱོམ་པའི་རྩྭ་ཐང་གི་མཚོ་རླབས་དང
རླབས་རྩེ་ན་རྩེན་པའི་ཕྱེ་ལེབ་སྣ་ཚོགས
ཨ་ཕའི་རྫི་གླུ་དང་ཨ་མའི་བཞོ་དབྱངས་སོགས་ལ་སེམས་པ་ཆགས་བཞིན་དུ
དུས་དང་བསྟུན་ཏེ་གོམ་པ་གང་མདུན་དུ་སྤོ་རྒྱུ་ནི
ཐབས་ཟད་འུ་ཐུག་གིས་རང་སྲོག་གཅོད་པ་དང་ཅིས་མི་མཚུངས་ཨང
                        2009/4/9

         (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློའུ་ཡི་སྙན་ངག་བདམས་བཀོད།

2014-08-25 ཀློའུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།