རྡོའི་སྙན་ངག་བདམས་བཀོད།
སྙན་ངག་པ་རྡོ༼ དངོས་མིང་ལ་མུ་ནེ་སྐྱབས༽ རུ་འབོད་པའི་ན་གཞོན་ཁོ་རང་རྨ་ཆུའི་དངུལ་རྭ་ཞེས་པའི་གཞི་རིམ་གྱི་འབྲོག་སྡེ་ཞིག་ནས་ཚེ་སྲོག་རྙེད་ཅིང་། རིམ་བཞིན་སློབ་ཆུང་ནས་སློབ་འབྲིང་འགྲིམ་ཞིང་ད་སྐབས་ཁོས་ལན་ཀྲུ་ཕྱི་ཡིག་སློབ་གླིང་གློག་ཀླད་སྡེ་ཁག་ཏུ་སློབ་གཉེར་བྱེད་བཞིན་ཡོད། སློབ་ཆུང་མཐར་ཕྱིན་ཁར༼ གངས་རྒྱན་ན་ཆུང་ཚགས་པར༽སྟེང་ནས་ཞིང་ཆེན་རིམ་པའི་རྩོམ་རིག་བྱ་དགའ་ཐོབ། རྗེས་ནས་གཙོད་བོད་རིགས་སློབ་འབྲིང་དུ་དམའ་འབྲིང་རྒྱུགས་འཕྲོད་ནས་དེ་གར་སློབ་སྤྱོང་བྱས་མོད། དམའ་གསུམ་མཐར་མ་ཕྱིན་གོང་ཕྱིར་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་ལོག དེ་དུས་སློབ་གྲོགས་འགའ་དང་ལྷན་དུ༼ ཉི་གསར༽ ཞེས་པའི་ཚགས་ཤོག་ཅིག་གི་རྩོམ་སྒྲིག་པའི་འགན་འཁུར། མཐོ་འབྲིང་དུ་ཞུགས་རྗེས་རིམ་བཞིན༼ བརྡ༽ ཚགས་པར་དང་བཅད་རྩོམ་སྙན་ངག་དེབ་༼ གོད་ཆག༽ སོགས་མི་ཡུལ་དུ་བཀྲམ། ད་སྐབས་ཕྱི་ཡིག་སློབ་གླིང་གློག་ཀླད་སྡེ་ཁག་ཏུ་གློག་ཀླད་སློབ་ཀྱིན་ཡོད་མོད། ཁོས་བཤད་ན་༼ བདག་གི་དུས་ཚོད་མང་ཙམ་སྙན་ངག་གི་ཕྱོགས་ལ་ཤོར་ཡོད༽ ཟེར།
༡. གྲོང་ཁྱེར་གྱི་ངོ་གདོང་དང་ང་ཡི་ནམ་མཁའ
སྔོན་ཆད་ཡིན་ན རྩྭ་ཐང་ནས་ནམ་མཁར་བལྟས་ཏེ
དེའི་ངོས་ཀྱི་སྤྲིན་པ་དང་སྐར་མ་རྩེད་ཆས་བྱེད་ཆོག
གལ་ཏེ ད་རུང་རང་བྱུང་གི་ཉམས་དེ་རྒུད་མེད་ན
ང་རང་བྱིས་པ་སྣབས་ལུག་རྐང་མགོ་ན་ལྷམ་མེད་པ་དེ་ཡིན་སྲིད
ཡིན་ཡང དུག་རླངས་འཐུལ་བའི་སྒེའུ་ཁུང་གི་ངོས་སུ
མུན་ནག་གི་འཁོར་ཚོགས་འདུས་ཡོད་པ་ལས
ང་ཡི་སེམས་དང་ཡིད་ཀྱི་གཏིང་ན་བཞད་པའི་མེ་ཏོག་དེ་ག་ལ་ཡོད
དེ་རིང་གྲོང་ཁྱེར་གྱི་ངོ་གདོང་ལ་གྱེར་ནས
བརྩེགས་པ་མཐོ་བའི་ཁང་མིག་རེ་རེ་སུ་ཞིག་གི་གཟེབ་དྲ་ཡིན་པ་བསམ་དུས
ང་ནི་རྨས་ཕོག་པའི་བྱེའུ་ཞིག་ཏེ རྡོ་བ་བཏིངས་པའི་ལམ་དཀྱིལ་དུ
གཤོག་པ་འཕྲུལ་ཆས་ལ་བརྡར་མཁན་དེ་ཡིན
ཁྱེད་ཀྱིས་དང་ཐོག་གི་རང་ཉིད་དྲན་ནམ ཡང་ན
མེ་ཏོག་དང་སྤང་ཐང་དང་རི་བོ་དང་ཆུ་ཕྲན
རྒུད་པར་གྱུར་བའི་དུས་ཚོད་ཀྱི་རོ་དང་རྣམ་ཤེས
གཤིན་པོའི་གྲོང་གི་རླངས་པ་སྨུག་པོ་དང་ཕྲེང་ལམ་དོག་མོ
སུ་ཡང་འགྲོ་ས་དང་འདུག་ས་མེད་པའི་ཡུལ་ཁམས་དྲན
གཞན རུལ་མྱགས་ཀྱི་ཕུང་བོར་འཁོར་བའི་སྦྲང་ནག
འབྱར་བག་ལྡན་པའི་ཆུ་དང་ཆུའི་ནང་དུ་ཤི་བའི་ཉ་མོ
ང་ཡི་རྨི་ལམ་དུའང་འཁོར་མ་མྱོང་བའི་ཀུན་སྤྱོད་ཀྱི་ཉམས་རྒུད
སོ་སོར་བྲལ་ཅིང་ཁ་ཁར་གྱེས་པའི་སྡོང་བོ་དང་དེའི་ཡལ་ག
མིག་གི་དབང་བོའི་ནང་ནས་སྐད་ཅིག་ཏུ་མེད་པར་གྱུར་ཚེ
ང་ཡིས་རང་གི་ནམ་མཁའ་དྲན
ནམ་མཁའི་ངོས་ཀྱི་སྤྲིན་དང་སྐར་མ་ལྷག་ཏུ་དྲན
2014/04/09ཉིན་བྲིས།
༢. གྲིབ་ནག
སེམས་སུ་སྦས་པའི་རི་མོ་ཞིག་བསུབ་རྗེས
མིག་ལམ་གྱི་གྲིབ་མ་མེ་ལོང་ལས་ཡལ་བར་གྱུར
ཐག་རིང་གི་མཚམས་སུ་རྐང་རྗེས་ཤིག་བཏོད་ཅིང
དེ་ཡི་སྟེང་དུ་ས་རྡུལ་གྱི་ཚོགས་པ་རྩེག
རི་བོ་དེ་ཡང་དལ་གྱིས་མི་མཐོང་བར་སྣང
ང་ཡིས་བར་སྣང་སྟོང་བ་ཞིག་རུམ་ནས
རྨི་ལམ་གྱི་གས་སྲུབས་ལ་ཉི་འོད་གླན
ཅི་ཙམ་འདས་ཀྱང དྲན་གདུང་ལྷག་ཏུ་རྒོད
གྲིབ་མ་ནག་པོའི་ཡོལ་བ་རླུང་གིས་སྒུལ
ཁྱེད་ཀྱང་ལམ་གྱི་གཡོན་ཕྱོགས་སུ་འགྲེང་ནས
རྒྱ་སེ་མེ་ཏོག་གི་འདབ་མར་བལྟས
གལ་ཏེ སུ་ཡང་ཁྱེད་ཀྱི་གམ་ན་མེད་ཚེ
མིག་ལས་རྒྱ་མཚོ་འཁྱིལ་ཞིང་གཡོར་གྲུ་ལྷོ་མཐར་བསྐྲོད
ཡིན་ཡང སྒྱུ་འཕྲུལ་གྱི་ཕོ་བྲང་རྡུལ་དུ་གྱུར་བས
གྱང་ངོས་སུ་བྲིས་པའི་ཡི་གེ་འབུར་མ་དག
ཁ་བ་ལྟར་སབ་སོབ་ཀྱིས་བབས་བྱུང
2014/03/03ཉིན།
༣. དུས་ཚོད་ཀྱི་སྔ་ཕྱི
སྨུག་པའི་ཁྲོད་ནས་རི་བོ་ཞིག་ཕར་ལ་ཡལ
ང་རང་གློ་བུར་དུ་ཐང་སྟོང་ཞིག་ལ་ཐོན་ཞིང
དེ་ཡི་ཉེ་མཐའ་ཀུན་ཏུ་ཆུ་མེད རླུང་མེད སྤང་ཐང་མེད
ཅི་ཡང་མེད་པའི་མེ་ལོང་དེ་ནི་གཤིན་པོའི་ཡུལ
དམྱལ་ཁམས་ཀྱི་གྲོང ལྷ་ཚོགས་ཀྱི་མཁར་ལྟ་བུ་སྟེ
མུ་མཐའ་བྲལ་བ་ཞིག་ཅིས་ཀྱང་མིག་ལ་འཁོར་བས
རྡུལ་དུ་གྱུར་བའི་ཕུང་བོ་སྟོང་ཁམས་གཞན་ལ་འཛེག
ད་ནི་ཅི་གང་མེད་པའི་མཚན་མོ་ཞིག་ཕར་ལ་བསྐྱེལ་དགོས
དེ་ནི་ང་རང་ཟླ་འོད་ལ་དུང་བས་ཡིན
ང་མུན་ནག་མ་སྐྲག་པས་ཡིན
༤. མིག་མེད་པ
ཅི་ཞིག་གི་གསེང་ནས་མི་མཐོང་བ་དེ་དག
མཚན་མོ་ཞིག་ལ་མུན་ནག་ཏུ་འདྲེས
མེ་ལོང་ངོས་ཀྱི་བརྩེགས་པ་མཐོན་པོ
རྡུལ་གྱི་ཕུང་བོར་བྲིས་པའི་སྙན་ངག་ཅིག་ཏེ
སབ་སོབ་ཏུ་གྱུར་བའི་རྗེས་སུ གང་གི་གང་ལ་འཛེག
དེ་བས སྟོང་བའམ མེད་པའམ ཁེར་རྐྱང་ལྟ་བུའི
སྣང་བ་དབེན་པ་དེ་ནི་དུས་ཚོད་ལ་དབང་ཞིང
རང་དང་བཅས་པའི་མི་རྣམས་ཕྱོགས་སུ་བསྐྲད
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།